ཆོས་ཉིད་དབང་མོ་ལ་རྩེད་མཚར་དུ་བྲིས་པ། རྫ་ཚེ་རིང་བཀྲ་ཤིས།

4/464

 

 

བརྩེ་བའི་ཆོས་ཉིད་དབང་མོ། ཁྱེད་ནི་བོད་རིགས་བུ་མོ་ཞིག་གི་ནང་ནས་དབྱངས་གསལ་སོ་བཞི་ལ་འཇུས་ནས་རང་གི་བསམ་འདུན་ཁ་ནས་བརྗོད་ཐུབ་མཁན་གྱི་བུ་མོ་ཞིག་རེད། ང་གཉིས་ཕན་ཚུན་དངོས་སུ་ངོ་མི་ཤེས་མོད། ཁྱེད་ཀྱི་གཏམ་བརྗོད་དང་བསམ་ཚུལ་ལ་རྩི་བཀུར་ཆ་ཚང་ཡོད།

ང་ཚོའི་སྤྱི་ཚོགས་འདི་ན། རིགས་པའི་གཞུང་ལུགས་ཀྱི་ངོས་ནས་སམ། དཔེ་མཚོན་ལོ་རྒྱུས་ཀྱི་དབང་དུ་བྱས་ན་བུད་མེད་ལ་ཐོབ་ཐང་ཡོད་རབས་ལུང་བ་གང་བཤད་རྒྱུ་ཡོད་མོད། དངོས་ཡོད་ལག་ལེན་གྱི་ཁྲོད་དུ་བུད་མེད་ལ་སྐྱེས་པ་དང་མ་འདྲ་བའི་ལྟ་སྟངས་མང་པོ་ཞིག་ད་དུང་ཡང་ལྷག་བསྡད་ཡོད་ངེས་རེད། དཔལ་ལྡན་ལྷ་མོའི་མགོན་ཁང་ལ་བུད་མེད་འགྲོ་མི་ཆོག་ཟེར་ནས་ཡི་གེ་སྦྱར་ཡོད་སའང་ཡོད་ཚོད་འདུག དེ་ཚོ་ང་ཚོའི་མིག་ལ་རྒྱུན་ལྡན་ཡིན་ཡང་ཁྱེད་ཚོའི་སེམས་ལ་རྨ་ཁ་ཞིག་ཡིན་སྲིད། མ་མཐའ་ཡང་ད་ལྟའི་སྤྱི་ཚོགས་ཀྱི་ལྟ་སྟངས་ཀྱི་ངོས་ནས་དེ་འདྲ་རེད། དེ་ངས་ཀྱང་ཁས་ལེན་ཆོག དེའི་ཆ་ནས་ཁྱེད་ཚོར་ང་རྒྱལ་ཆེ་བའི་སྐྱེས་པའི་སེམས་ཁམས་ཀྱིས་རྟོགས་དཀའ་བའི་དཀའ་ངལ་ཡང་མང་པོ་ཡོད་རྒྱུ་རེད། དེང་གི་དུས་འདིར་ཐོབ་ཐང་དང་འདྲ་མཉམ་གྱི་རླུང་ཡན་གང་སར་གཡུག་བཞིན་ཡོད་པས་ཀྱང་འདིའི་ཐད་དོགས་པ་རྣམ་རྟོག་མང་དུ་ཕྱིན་པའི་བུད་མེད་ཇེ་མང་ཡིན་རྒྱུ་རེད། ལར་ནས་དེ་ཚང་མ་འཕེལ་རིམ་ཞིག་རེད།

ཉིན་འགའི་སྔོན་དབྱིན་ཇིའི་སྐད་ཡིག་ལྟེ་གནས་ཤིག་ཏུ་ང་ཚོ་ལ་དགེ་རྒན་གྱིས་འཛམ་གླིང་དང་ཨོ་གླིང་གི་བུད་མེད་དུས་ཆེན་དང་བུད་མེད་ཐོབ་ཐང་བརྩོན་ལེན་གྱི་བརྒྱུད་རིམ་ཞིག་བཤད་སོང་། ཤར་ནུབ་གང་དུའང་གཅིག་མཚུངས་ཀྱི་འཕེལ་རིམ་ཞིག་བརྒྱུད་ནས་ཡོང་བཞིན་ཡོད་པ་གཅིག་པ་ཡིན་ས་རེད། དེའི་ངོས་ནས་ཁྱོད་ཀྱིས་སྐྱེས་པ་ཚོ་དང་འདྲ་བར་ལྟ་ལོག་ཅེས་པའི་མིང་བྱང་ཞིག་ཁུར་ནས་དྲ་དམག་གི་རལ་ཁ་གཤགས་ནས་སྔུན་ལ་ཐོན་ཡོང་བ་འདི་ཡང་དཔའ་རྟགས་ཤིག་རེད། ཡིན་ན་ཡང་ངས་རང་ལ་ཀུ་རེ་ཞིག་ཞུས་ན། མ་གཞི་ཁྱེད་རང་ད་ལྟ་གཞི་ནས་ལྟ་ལོག་གི་གོ་ཆ་བགོས་ནས་དྲ་བའི་གཡུལ་ས་ལ་བསླེབས་པ་འདི་ཅུང་ཟད་འཕྱི་དྲགས་པ་ཞིག་ཡིན་སྲིད། གང་ཡིན་ཟེར་ན། ད་ཆ་ཞོགས་དུང་གི་བག་ཆགས་དུང་སྤྲུགས་ཀྱི་བསམ་ཚུལ་གྱི་རྒྱུན་ཐག་ཆད་ནས་ལོ་བཅོ་ལྔ་ཡས་མས་སོང་ཟིན།

ཚ་བ་མདའ་སྨྱུག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་བཅུ་ལྷག་ཟིན་ལ། ཁོའི་བཤད་པ་དག་ཀྱང་མང་ཆེ་བ་ནི་ནུབ་ཕྱོགས་དེང་རབས་ལོ་རྒྱུས་དཔྱད་ཐབས་ཀྱིས་ནང་བསྟན་ཀྱི་བྱུང་བ་རིག་པར་དཔྱད་པའི་ཐབས་ལམ་གྱིས་ནང་ཆོས་ལ་དོགས་སློང་ཐན་ཐུན་ཞིག་བྱས་པ་ཙམ་ལས་རྔ་ཆེ་ཚད་ཀྱི་སྒྲ་ཞིག་ཡོང་རྒྱུ་མིན་པ་དེ་འཁྲུན་ཐག་ཆོད་ཟིན་པ་ཙམ་དུ་འདུག

སྨན་བླ་སྐྱབས་ཀྱིས་ལྷ་ཆོས་རིག་གནས་ལ་དོགས་པ་བསླངས་པའི་བསམ་ཚུལ་ཐན་ཐུན་དེ་ཚོ་ནོར་བ་ཡིན་པ་ཁོང་རང་གི་དེབ་ཀྱི་མགོ་བརྗོད་དུ་བཀོད་ཚར།

སེང་རྡོར་གྱིས་ཀྱང་ཤོབ་ཀྱི་ཕུང་པོ་ལ་སོགས་པའི་སྐད་ཆ་ཁག་ཅིག་ལ་ཕོ་སར་གྱི་གསར་ཞད་ཡོད་པར་ཁས་བླངས་ནས་དགོངས་དག་ཞུས་སོང་།

ད་ཆ་མ་གཞི་བསམ་བློ་བར་(འདིར་ནང་ཆོས་གཙོ་བོར་བྱས་པའི་སྲོལ་རྒྱུན་རིག་གནས་ལ་དགག་པ་བྱེད་མཁན་དེ་ཚོར་གོ)གྲག་པའི་རླབས་རྒྱུན་དེ་ཡང་ཅུང་ཟད་ཅིག་ལྷིང་འཇགས་སུ་གྱུར་ཏེ་མངར་ཡལ་ཟིན་པའི་སྐབས་ཤིག་རེད་འདུག སྐབས་འདི་འདྲ་ཞིག་ལ་ཁྱོད་རང་གིས་དྲ་ལམ་དུ་སྐད་ཆ་ངེས་ཅན་རེ་བཤད་པ་འདི་ལ་དམིགས་བསལ་གྱི་ལྟ་ཚུལ་གསལ་བ་དང་གྲུབ་འབྲས་སོ་མ་ཆེན་པོ་རང་ཞིག་ཅང་ཡོད་དཀའ་མོ་རེད་མོད། མ་མཐའ་ཡང་བུད་མེད་སྨྱུག་ཐོགས་པའི་ནང་ན་འདིའི་སྐོར་བཤད་མཁན་ཆེར་མེད་པ་ལ་ཁ་སབ་ཅིག་བྱས་པ་རེད་ལབ་ན་ཡང་ལོས་ཆོག །

ངས་ཡར་སྔོན་ཞིག་ལ་ཁྱེད་རང་གི་རྩོམ་ཡིག་ཅིག་མཐོང་མྱོང་སྟེ། ད་ཆ་མིང་དང་བརྗོད་བྱ་གང་ཡང་མི་དྲན། དྲན་སོས་པ་ནི་བུ་མོ་འདིས་རྩོམ་ཡིག་སྤུས་དག་ཅིག་བྲིས་འདུག་སྙམ་པ་ཞིག་བྱུང་། འདིར་ངས་སྤུས་དག་ཟེར་དུས་རང་གིས་བཤད་བསམ་པ་གང་ཡིན་པ་དེ་ཡིག་ཐོག་ལ་འགོད་སྟངས་ཀྱི་སྨྱུག་རྩལ་ལ་ཟེར་གྱི་ཡོད།

ཡང་ཁ་རྩང་ཉེ་ཆར་སྤྲུལ་སྐུ་དང་བུད་མེད་མཚུངས་བསྡུར་བྱས་པའི་རྩོམ་ཡིག་འདི་མཐོང་བྱུང་། མ་གཞི་ནས་བོད་པའི་གོམས་གཤིས་ཀྱི་ངོས་ནས་བཤད་ན་བུད་མེད་དཀྱུས་མ་ཞིག་གིས། སྤྱི་ཚོགས་ཀྱི་སྤྱིར་བཏང་གི་གྲུབ་ཆ་ཙམ་ཡིན་པའི་བུད་མེད་དང་ཆེས་མཐོའི་དག་ཞིང་གི་མགྲིན་ཚབ་པ་ཡིན་པའི་སྤྲུལ་སྐུ་གཉིས་བསྡུར་བ་ནི་བརྗོད་མཁན་དང་བརྗོད་བྱ་གཉིས་ཐད་ནས་ཅུང་ཟད་དམིགས་བསལ་ཞིག་རེད། ཡིན་ན་ཡང་། ང་ནི་དེ་ལ་ཧ་ལས་ཤིང་ཐོན་ཐོར་པ་དེ་འདྲ་ཡང་མ་བྱུང་། གང་རེད་ཟེར་ན། རྩོམ་པ་པོ་ཞིག་གི་རྩོམ་རིག་གི་འཕྲུལ་ལ་དྲངས་པ་ཡིན་ན་གསོན་པོ་ཤི་བོ་དང་ཤི་བོ་གསོན་པོར་བསྒྱུར་ཆོག་པ་འདྲ་ཞིག་ཡོད་རེད། དེ་ཚོ་སྒྱུ་རྩལ་གྱི་འཕྲུལ་ལ་བརྟེན་པའི་སྐད་ཆའི་ཡོང་སྟངས་ཤིག་རེད། རྫ་དཔལ་སྤྲུལ་གྱི་གསུང་རྩོམ་ཞིག་ཏུ། མ་རྒན་ཞིག་གིས་བླ་མ་ཞིག་ལ། ༼དགེ་བའི་ཕན་ཡོན་ཅིག་བཤད་ན་རྒན་མོ་ང་ཡང་སངས་རྒྱས་ལ་ཁད་པ་ཞིག་དང་། སྡིག་པའི་ཉེས་དམིགས་ཤིག་བཤད་ན་བླ་མ་ཁྱེད་ཡང་དམྱལ་བར་ལྷུང་ལ་ཁད་ཅིག་འདུག ༽ཅེས་བཤད་མྱོང་བ་རེད་ཟེར་བའི་གཏམ་རྒྱུད་ཅིག་ཡོད་དར། དེ་དང་དོན་འདྲ་པོ་རེད། འདི་ཚོ་ཚུལ་གསུམ་གྱི་ཁྱབ་མཐའ་བཅས་ནས་གུ་དོགས་ཀྱི་བསམ་བློ་གཏོང་དགོས་པའི་རིགས་རང་ཞིག་མ་རེད། སྙན་ངག་མཁན་ལ་ཅི་ཡང་རྒྱན་ཟེར་བའང་དེ་རེད། ཁྱད་པར་དུ། དེང་གི་དུས་འདིར་སྤྲུལ་སྐུའི་ལམ་ལུགས་ཀྱི་ལག་ལེན་དང་སྐྱེ་སྤྲུལ་མི་སྒེར་གྱི་བྱ་སྤྱོད་ལ་སྐྱོན་ཆ་མང་པོ་ཡོད་པ་ཚང་མས་ཁས་ལེན་པའི་དོན་དངོས་ཤིག་ཆགས་བསྡད་ཡོད་རེད།

ཡང་བུད་མེད་ཀྱི་ཡོན་ཏན་གྱི་ཆ་ནས་བཤད་ན། བུད་མེད་ནི་གནམ་ས་ཕྱེད་ཀྱི་བདག་པོ་རེད། ངོ་མ་རླབས་ཆེན་རེད། ངས་དུས་རྒྱུན་ལམ་ཁ་དེ་འདྲ་ནས་བྱིས་པ་རྒྱབ་ཏུ་ཁུར་ཡོད་པ་ཞིག་གམ། ཡང་ན་སྦྲུམ་མ་ཞིག ཡང་ན་ཕྲུ་གུ་རྩ་ལ་ཁྲིད་ཡོད་མཁན་གྱི་སྐྱེས་མ་ཞིག་མཐོང་ན་ངས་ལྷག་ཏུ་གུས་ཞབས་ཤོར་གྱི་ཡོད། འདི་ནི་རླབས་ཆེན་གྱི་སྐྱེད་མ་ཞིག་རེད་ཨང་སྙམ་པའི་བསམ་བློ་དེ་ཨང་དང་པོར་འཁོར་གྱི་ཡོད། དེས་ན་བུད་མེད་ནི་ནང་གི་ནོར་བུ་རེད་ལ་ཁྱིམ་གྱི་གཡང་མཛོད་རེད། བུད་མེད་མེད་པའི་ཁྱིམ་ཙང་ལ་དྲོད་ཁོལ་ནི་གླེང་ཐབས་མེད་པ་ཞིག་རེད། དེ་ཚོ་བཤད་ན་ཡི་གེ་དུམ་པ་ཞིག་བྲིས་ན་ཡང་ཚར་གྱི་མ་རེད། དེ་ལྟ་མོད་ཀྱི། ལར་ནས་སྤྲུལ་སྐུ་མ་ཟད་སྐྱེས་པ་ལའང་དེ་འདྲ་བའི་ཡོན་ཏན་དང་ཁྱད་ཆོས་ཡོད་ངེས་པ་རེད། འཇིག་རྟེན་འདིར་སྐྱེས་པ་དང་བུད་མེད་གཉིས་ལ་རང་རང་གི་ལུགས་ཁམས་ཀྱི་ཆགས་ཚུལ་མི་འདྲ་བ་དང་། ལས་བགོས་ཀྱི་རྣམ་གྲངས་མི་འདྲ་བ་རེ་ཡོད་ནའང་ཐང་མོད། གལ་ཆེ་ཆུང་དང་རྩ་ཆེ་ཆུང་གི་དབྱེ་འབྱེད་བྱ་རྒྱུ་ཡོད་པར་ངས་ནམ་ཡང་ཡིད་ཆེས་བྱ་ཡི་མེད། དེའི་ཐད་ནས་ང་ཁྱེད་ཀྱི་ཕྱོགས་ལ་ཡོད་ངེས་ཡིན།

འགའ་ཞིག་གིས་འདི་རིགས་ལ་ལན་བྲིས་ནས་ག་རེ་བྱེད་བསམ་སྲིད། དེ་ཚོ་མང་ཆེ་བ་སྒམ་པོ་དང་སྦོམ་པོ་བྱས་ནས་བསྡད་ན་ཡག་པོ་ཡོད་རེད་བསམ་མཁན་དེ་འདྲའི་གྲས་རེད། ང་ནི་མ་གཞི་ནས་ཀྱང་རྒས་ཤེས་ཀྱང་ཀོབ་མི་ཤེས་མཁན་གྱི་དྲ་ཉུལ་མཁན་ཞིག་ཡིན། བོད་སྐད་དང་བོད་ཡིག་གི་ལམ་ནས་ཕན་ཚུན་བསམ་བློ་ཤོད་རེས་བྱེད་པ་འདི་ངའི་ངོས་ནས་བདུན་མཇུག་གི་གུང་སེང་ལ་མཚོ་འགྲམ་དུ་ཆུ་བསྐྱར་བརྒྱབ་ནས་སྐྱིད་པོ་གཏོང་བ་དང་འདྲ་བར་ངས་རང་ཉིད་ཀྱི་འཚོ་བ་ལ་མྱོང་རོལ་བྱེད་སྟངས་ཤིག་རེད། དེའི་ཕྱིར་ཚོད་ཚོད་ལ་རང་ལ་བུ་མོ་རང་ལ་ཁ་རྒྱག་པ་ཞིག་བཤད་སར་ཡོང་བ་ཙམ་ཡིན། དེ་མིན་རང་ལ་གི་རྩོམ་ཡིག་དེ་ལ་དགག་པ་བརྗོད་འདོད་ཀྱི་ཚོར་བ་རྣོན་པོ་བྱུང་བ་དེ་འདྲ་དམིགས་བསལ་ཅང་མིན།

གཤམ་འདིར་ངས་ཁྱེད་ཀྱི་རྩོམ་ཡིག་ལ་འཁྲིས་ནས་སྤྲུལ་སྐུ་དེ་ཚོས་ཕོ་བྱས་རབས་ཀྱི་སྐོར་གང་དྲན་ཞིག་གླེང་རྒྱུ་ཡིན། ཡིན་ན་ཡང་། འདིའི་ནང་དུ་ངས་བུད་མེད་ལ་མཐོང་ཆུང་དང་དམའ་འབེབས་སུ་འགྱུར་བའི་ཚིག་ཅིས་ཀྱང་བེད་སྤྱོད་མི་བྱེད། མ་གཞི་ནས་ང་ལ་བུད་ཚོས་མ་འཇོན་པ་དང་སྡུག་པ་ོཡིན་རབས་ཀྱི་སྐད་ཆ་གང་ཡང་བཤད་རྒྱུ་མེད། དེས་ན་འདི་ནས་ངས་འོག་ཏུ་བཤད་པ་དག་ནི་དགེ་འདུན་ཆོས་འཕེལ་ཚུན་ཆད་ཀྱི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཁྲོད་ཀྱི་སྤྲུལ་སྐུ་འགའ་ཞིག་མཚན་གཞིར་བཞག་ནས་བྲིས་པ་ཞིག་ཡིན།

དེ་ཡང་སྤྲུལ་སྐུའི་འཇོན་ཐང་གི་ངོས་ནས་བཤད་ན་འདི་འདྲ་ཞིག་ཡིན་ཏེ།

གཅིག ༽དེ་ཡང་། གཏམ་རྒྱུད་གསེར་གྱི་ཐང་མ་ཕྱི་རབས་ལ་བཞག་སྟེ། གངས་ལྗོངས་རིགས་པའི་དཔའ་བོར་རྩོད་མེད་དུ་བཞེངས་པའི་དུས་རབས་ཉི་ཤུ་བའི་བོད་ཀྱི་རྟོགས་སད་ཀྱི་ཤིང་རྟ་ཆེན་མོ་དགེ་འདུན་ཆོས་འཕེལ་ནི་སྤྲུལ་སྐུ་ཡིན།

གཉིས།༽དུས་རབས་གསར་པའི་འཛམ་གླིང་གཙུག་ཏོར་དུ་འགྲེངས་ཏེ། མི་མང་དུང་ཕྱུར་མང་པོར་སྙིང་རྗེ་དང་གཞན་ཕན་གྱི་ལམ་བཟང་བསྟན་པས། ཡོངས་ཁྱབ་རིན་ཐང་གི་མཚོན་རྟགས་སུ་གྱུར་པའི་ཆེ་བསྟོད་བརྒྱ་ཕྲག་མང་པོ་རྩོད་མེད་དུ་བཞེས་མཁན་གྱི་རྒྱལ་ཁམས་པ་ནི་སྤྲུལ་སྐུ་ཡིན།

གསུམ།༽ བོད་མི་རིགས་ཀྱི་མཚན་སྙན་ལ་གནོད་པའི་ལག་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ཀྱི་ནང་དུ་མི་འཇོག་པའི་དམ་བཅའ་ཡོད་ཅེས་གསུང་ཤུགས་ཆེན་པོས་བརྗོད་ཀྱིན། གངས་ཅན་སྐད་ཡིག་གི་སྲོག་རྩ་འཐུད་ཆེད་སྐུ་སྲོག་འབེན་ལ་འཇོག་མཁན་གྱི་སྔོན་གཤེགས་ཀྱི་སྐྱེས་ཆེན་ནི་སྤྲུལ་སྐུ་ཡིན།

བཞི།༽ཐོན་མིའི་ཞལ་ལུང་གི་ལེགས་བཤད་ཕྱི་རབས་ལ་བཞག་ཅིང་། ཤི་གསོན་གཉིས་ཀྱི་ས་མཚམས་སུ་ཡོད་པའི་སྐྱ་ཆད་སྔོ་སྡུག་གི་བོད་ཀྱི་རིག་གནས་ལ་གསོན་ཤུགས་གསར་པ་སྣོན་མཁན་དྲན་དབང་ཚེ་ཏན་ཞབས་དྲུང་ནི་སྤྲུལ་སྐུ་ཡིན།

ལྔ།༽ དུང་དཀར་ཚིག་མཛོད་ཆེན་མོ་ཕྱི་རབས་ལ་བཞག་ཤིང་། གནའ་དེང་རིག་པའི་ལེགས་བཤད་ཐང་མ་རུ་བརྡལ་བའི་དུང་དཀར་བློ་བཟང་ཕྲིན་ལས་ནི་སྤྲུལ་སྐུ་ཡིན།

དྲུག༽ འཛམ་གླིང་ན་ཆེས་ཆེ་ཤོས་ཀྱི་ཆོས་ཀྱི་གྲོང་ཁྱེར་བླ་རུང་དུ་བསྐྲུན་ཞིང་། ཉི་ཟླ་སྐར་ཚོགས་ལྟ་བུའི་བུ་སློབ་ཀྱིས་ས་ཆེན་ཧྲིལ་གྱིས་བཀང་སྟེ། སྙིང་གཏམ་སྤྲིན་གྱི་རོལ་མོས་གངས་ལྗོངས་ཀྱི་སྐྱེ་བོ་གཉིད་ལས་སློང་མཁན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ནི་སྤྲུལ་སྐུ་ཡིན།

བདུན། ཞང་བོད་རིག་གནས་ཞིབ་འཇུག་གི་སྒོ་ཆེན་ཕྱེས་ཤིང་། ངེས་གསང་རྫོགས་ཆེན་གྱི་བསྟན་པ་ས་ཆེན་དུ་སྤེལ་མཁན་རྩོད་མེད་མཁས་པའི་དབང་པོ་ཆོས་རྒྱལ་ནམ་མཁའི་ནོར་བུ་ནི་སྤྲུལ་སྐུ་ཡིན།

 

བརྒྱད།༽རྒྱ་གར་སྨ་ར་ཅན་གྱི་མཁས་དྲེགས་ཀྱི་མགོ་བོ་ལ་འཇིགས་མེད་སྨྲ་བའི་ཞབས་ཟུང་གཡོ་མེད་དུ་འཇོག་མཁན། སམ་བོད་རིག་པའི་དེད་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་ནི་སྤྲུལ་སྐུ་ཡིན།

དགུ།༽བོད་རྒྱ་ཚིག་མཛོད་ཆེན་མོ་གཙོ་སྒྲིག་མཛད་ཅིང་། གངས་ལྗོངས་དཔེ་རྙིང་མྱུར་སྐྱོབ་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་ཡོད་ཚད་ཆོས་དང་རིགས་ཀྱི་བླ་སྲོག་ལ་བསྟིམས་པའི་གཟན་དཀར་ཐུབ་བསྟན་ཉི་མ་ནི་སྤྲུལ་སྐུ་ཡིན།

བཅུ།༽ བརྡ་སྤྲོད་རིག་པའི་འཇིངས་སུ་བག་ཡངས་སུ་བརྩེན་བཞིན། གནའ་དེང་ཤེས་རིག་ཟུང་གི་མཁྱེན་ཡོན་གྱིས་ཕྱུག་པའི་བོད་རྒྱ་སྐད་གཉིས་སྨྲ་བའི་ཕུལ་བྱུང་གི་མཁས་པ་དོར་ཞི་གདོང་དྲུག་སྙེམས་བློ་ནི་སྤྲུལ་སྐུ་ཡིན།

བཅུ་གཅིག༽ རྣམ་དཔྱོད་བློ་གྲོས་ཟབ་མོས་མི་སེམས་ལ་འགྱུར་བ་གཏོང་ཞིང་། སྒྱུ་རྩལ་གྱི་ཞིང་ཁམས་ནས་དམ་ཆོས་ཀྱི་དགོངས་དོན་རྙེད་པའི་ཡ་མཚན་གྱི་སྐྱེས་ཆེན་ཏེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནི་སྤྲུལ་སྐུ་ཡིན།

(ད་དུང་བརྗོད་འོས་པ་མང་པོ་ཞིག་ཡོད་ངེས་མོད་རེ་ཞིག་དེ་ཙམ་བྱས་པ་ཡིན་པས་ཀློག་པ་པོ་ཚོར་དགོངས་འགལ་མེད་པ་ཞུ)

བཅུ་གཅིག༽ ད་དུང་དེ་དང་འདྲ་བ་ཧ་ཅང་མང་སྟེ། སློབ་གྲྭ་མེད་སར་སློབ་གྲྭ་འཛུགས་མཁན། སྨན་ཁང་མེད་སར་སྨན་ཁང་བསྐྲུན་མཁན། བཤད་སྒྲུབ་མེད་སར་བཤད་སྒྲུབ་འཛུགས་མཁན་སོགས་མདོར་ན་སྤྱི་ཚོགས་ཀྱི་ལས་དོན་གང་ལའང་ཞལ་དང་ཕྱག་གིས་མ་ཁྱབ་པ་མེད་པ་དེ་སྤྲུལ་སྐུ་ཡིན།

 

བཅུ་གཉིས།༽ད་དུང་། བཤད་གྲྭ་དང་སྒྲུབ་གྲྭར་མཐུན་རྐྱེན་སྐྲུན་མཁན། དགོན་པ་དང་སྡེ་བར་འགོ་འདྲེན་མཛད་མཁན། ཚོགས་པ་དང་སྒྲིག་འཛུགས་ལ་ཞལ་འདེབས་གནང་མཁན། བོད་ཀྱི་སྤྱི་ཚོགས་ལ་སེམས་ཀྱི་གཏིང་ནས་ཤ་ཚ་མཁན་དང་སྙིང་ཉེ་མཁན་དེ་སྤྲུལ་སྐུ་ཡིན།

བཅུ་གསུམ།༽ ཕྱི་རྒྱལ་གྱི་མི་ལ་ཕྱི་སྐད་རྒྱག་ཅིང་། རྒྱ་ནག་གི་མི་ལ་རྒྱ་སྐད་རྒྱག་མཁན། སྐད་ཡིག་བཅུ་ཕྲག་མང་པོར་བསྒྱུར་བའི་འཛམ་གླིང་རིམ་པའི་ཕྱག་དེབ་རྩོམ་མཁན། སྒོམ་སྒྲུབ་ཀྱི་ནུས་པས་ཚན་རིག་པས་རང་གི་འཕྲུལ་ཆས་ལ་སོམ་ཉི་སྐྱེ་རུ་འཇུག་མཁན། མདོར་ན། འཛམ་གླིང་གི་མི་རིགས་ཁྲི་སྟོང་མང་པོའི་སེམས་པ་བོད་དང་བོད་ཀྱི་རིག་གཞུང་ལ་ཕྱོགས་སུ་འཇུག་མཁན་དང་རང་གི་རིག་གནས་ཀྱི་རིན་ཐང་གཞན་ལ་གསལ་སྟོན་གནང་མཁན་དེ་སྤྲུལ་སྐུ་ཡིན།

བཅུ་བཞི།༽ ད་དུང་དེའི་ག་ལ་ཚད། ས་ཡོམ་དང་གངས་ཞོད་ལྷུང་སར་རོགས་པ་བྱེད་མཁན། སྐད་ཡིག་དང་རིག་གཞུང་ཉམས་ན་སེམས་ཁུར་གནང་མཁན། གསུང་རབ་དང་དཔེ་རྙིང་ཉམས་ན་འཚོལ་བསྡུ་བྱ་མཁན། ལྷ་ཁང་དང་མཆོད་རྟེན་གཤིགས་ན་བསྐྱར་བཞེངས་གནང་མཁན། ཀུན་སྤྱོད་དང་མི་སྤུས་སྐྱོ་ན་སློབ་གསོ་གཏོང་མཁན། བདེ་ཐང་དང་འཕྲོད་བསྟེན་ཞན་ན་ཡར་སྐུལ་གནང་མཁན། ན་ཚ་དང་རྐྱེན་ཆག་བྱུང་ན་སེམས་གསོ་གནང་མཁན། དགྲ་གྱོད་དང་ཁ་མཆུ་ཡོད་ན་བར་འདུམ་བྱེད་མཁན་སོགས། སྐྱིད་ན་རོགས་མཁན། སྡུག་ན་རིག་མཁན། ཡོད་ན་མེད་ན། མདོར་ན་ང་ཚོ་ལ་གང་ཡོད་པ་སྤྲུལ་སྐུ་ཡིན། དེའི་ཆ་ནས་ངས་བུ་མོ་རང་ལ་ཀུ་རེ་དང་སྦྲགས་ནས་བོད་ཀྱི་སྤྲུལ་སྐུ་ནི་བོད་མི་རིགས་ཀྱི་ཕྱག་སྟོང་མངའ་བ་ཆེན་མོ་དང་སྤྱན་སྟོང་མངའ་བ་ཆེན་མོ་སྟེ། དགོས་རྒུ་དང་རྒྱ་འདུས། ཡང་ན་ཐའོ་པོ་དང་ཁཱའི་ཏིས་ལྟ་བུ་ཞིག་རེད་བརྗོད་པར་འདོད་དོ། །

(འོན་ཀྱང་ངས་བོད་ཀྱི་སྤྱི་ཚོགས་དང་ལས་རིག་གི་ངོས་སུ་སྤྲུལ་སྐུ་ལས་གཞན་དེ་འདྲ་བ་མེད་ཅེས་བརྗོད་ཀྱི་མེད)

དོན་དངོས་ཀྱི་ཐོག་ནས་བསམ་ན་ཡང་། ལོ་རྒྱུས་དང་དངོས་ཡོད་གཉིས་ཆར་གྱི་ངོས་ནས་ང་ཚོས་ཁོང་ཚོའི་བཀའ་དྲིན་དང་ཐུགས་རྗེ་ནི་ཅིས་ཀྱང་བརྗེད་དུ་མི་རུང་ལ། དེང་གི་སྤྲུལ་སྐུའི་ལམ་ལུགས་ཀྱི་ལག་ལེན་ཐོག་གི་ཞན་ཆ་དང་སྒེར་གྱི་མི་སྤུས་ཀུན་སྤྱོད་ཀྱི་གནད་དོན་དེ་ཁྱོན་ཡོངས་ཀྱི་སྤྲུལ་སྐུའི་ངོ་བོ་ལ་ངོས་འཛིན་བྱེད་པའི་ཚད་གཞི་དང་གཅིག་མཚུངས་སུ་ལྟ་བ་ནི་དེ་བས་ཀྱང་མི་རུང་ངོ་། །

ཞེས་པ་འདི་ཡང་། དཔལ་འབྱོར་དང་སྒོར་མོ་ཁོ་ནའི་ཕྱོགས་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དབུགས་ཀྱང་གཏོང་ཁོམ་མེད་པ་ལྟར་དུ་རྒྱུག་བཞིན་པའི་མི་ཚོགས་ཆེན་པོ་ཞིག་གི་ཁྲོད་ཀྱི་གཞི་མདོ་ན་ཀ་མད་སུམ་ཅུའི་རྐང་པ་ལ་འཇུས་ནས་བག་ཡངས་ཀྱི་འཁྲུལ་སྣང་ཞེ་ལ་སྒོམ་པའི་མདོ་མེད་སྐྱིད་ཉལ་མཁན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་ཞིག་ཏུ་སྤྱི་ལོ་2019ཟླ་ 3ཚེས་31 ཉིན་བྲིས་སོ། །