བོད་ཀྱི་ལོ་རྒྱུས་ལས་བང་སོའི་སྐོར་བསྡུས་བཤད།     མཆིག་ནགས་ཀུན་དགའ་རྒྱ་མཚོ།  

84/545

བཙན་པོའི་བང་སོ་ནི་འཕྱོངས་རྒྱས་ན་ཡོད་ཅིང་།    འཕྱོངས་རྒྱས་ཞེས་པའི་ས་ཆ་འདི་ནི་བོད་ཀྱི་ལོ་རྒྱུས་ལས་གོ་གནས་གལ་ཆེན་ཟིན་ཡོད་པའི་གནས་མཆོག་ཅིག་ཡིན།   དེ་ཡང་གནས་དེའི་དོན་མཁར་མདའ་དང་མུ་ར་རི་སོགས་སུ་གལ་ཆེ་ཤོས་བོད་བཙན་པོའི་བང་སོའི་ཚོགས་ཡོད་ཅིང་།   ད་དུང་རྒྱལ་དབང་ལྔ་པ་ཆེ་པོའི་འཁྲུངས་གཞིས།    འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་མ་ཁྱིམ།   ལྷ་ཞང་དུ་ཆང་ཁྱིམ་གཞིས་ཀ་སོགས་ཡོད་ཅིང་།    མུ་རུ་གནས་མཆོག་དེའི་ཁོངས་གསེང་དལ་གྱིས་གཉུལ་ན་འགོས་ལོ་ཙྰ་བ་གཞོན་ནུ་དཔལ་ལྡན།  བཅོམ་ལྡན་རིག་པའི་རལ་གྲི།   ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་བོད་ཆོལ་ཁ་གསུམ་ན་སྙན་གྲགས་རབ་ཏུ་འབར་བའི་སྐྱེས་ཆེན་དག་ག་ལེར་དྲན་ཡོང་།     དེར་མ་ཟད་འཛམ་གླིང་གི་སྙན་ངག་གྲགས་ཅན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་།

འཕྱོང་རྒྱས་འཕྱོངས་རྒྱས་མ་གསུང་།།

ཟླ་བ་སྒྲོལ་མ་དྲན་བྱུང་།།

འཕྱོངས་རྒྱས་ཟླ་བ་སྒྲོལ་མའི།།

སྤྱན་གྱིས་གཟིགས་ཕྱོགས་དྲན་བྱུང་།།

ཨ་ཅག་ཟླ་བས་བསྐུར་བའི།།

སྦལ་ལེབ་ནང་གི་མཆོད་ཆང་།།

མཆོད་ཆང་མཐུང་ཐེངས་རེ་ལ།།

ཟླ་བ་དངོས་སུ་དྲན་བྱུང་།།   ཞེས་པའི་ཆང་གཞས་དེའི་བར་གསེང་ནས་ལོ་ངོ་མང་པོར་གསང་ཞིང་སྦས་པའི་ཚངས་དབྱངས་རྒྱ་མཚོ་དང་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་གཉིས་ཀྱི་བརྩེ་དུང་ངོ་མ་དེ་མཐོང་ཡོང་ཨང་།   ལོ་ངོ་སྟོང་རྒྱ་ཕྲག་མང་པོར་བྱེ་ཕུག་རུ་གཟུམས་པའི་བཙན་པོའི་ཡིག་ཚང་གི་ངོས་ནས་བལྟས་ན།  ཆབ་ཆབ་ཀྱི་ཕ་རོལ་ན།།  ཡར་ཆབ་ཀྱི་ཚུལ་རོལ་ན།།   མྱི་བུ་ནི་མྱི་བུ་སྟེ།།  ལྷ་ཡི་ནི་སྲས་པོ་བཞུགས།།  ཉིན་བཞིན་ནི་ཕག་ཚལ་ན།།  མཚན་བཞིན་ནི་འཕྱིང་བར་མཆིས།།  ཞེས་འབྱུང་བ་བཞིན་རི་བོ་གངས་ལྗོངས་ཀྱི་མཁར་ལ་སྔ་བ་འཕྱིང་བ་སྟག་རྩེའི་ཁ་གཏད་དུ་ཕག་ཚལ་ཞེས་རི་དེའུ་འབུར་ཞིག་ད་ལྟའང་ལོ་རྒྱུས་ཀྱི་བདེན་དཔང་གི་ཚུལ་དུ་ཡོད་འདུག་ལ།    དེ་མིན་ད་དུང་ལོ་རྒྱུས་དེབ་ཐེར་ཀྱི་ཡིག་རྒན་དག་ལས།   སྟག་རྩེ་དང་།   རྒོད་རྩེ།  ཡང་རྩེ།  ཁྲི་རྩེ།  རྩེ་མོ་ཁྱུང་རྒྱལ།   ཁྲི་བརྩེགས་འབུམ་གདུགས་བཅས་འཕྱིང་བ་རྩེ་དྲུག་ཅེས་ཕོ་བྲང་ངམ་རྗེ་བོའི་བྲང་ས་ཁག་དྲུག་ཡོད་པ་གསལ་ལ།   འོན་ཀྱང་ད་ལྟ་ཤུལ་དུ་ལུས་པ་འཕྱིང་བ་སྟག་རྩེ་ཙམ་ཡིན་ཚོད།    འཕྱོངས་རྒྱས་ནི་དེ་ལྟ་བུར་བོད་མི་དམངས་ཀྱི་སེམས་ནང་ནས་གནས་བབ་གལ་ཆེན་བཟུང་ཡོད།   འཕྱོངས་རྒྱས་ནི་བོད་མི་དམངས་ཀྱི་ཞེན་ཆགས་དང་རུས་ཞེན་གལ་ཆེན་གྱི་ངོས་སུ་དཀྲོང་ངེར་ཡོད་ཨང་།

ད་དུང་ང་ཚོས་ཚངས་མགུར་ལས་ཟུར་བལྟས་ལེབ་མཐོང་གིས་འཕྱོངས་རྒྱས་གཞུང་གི་མཛངས་མ་དང་མི་ཕོ་དག་གི་གཞི་སྤུས་ལ་བསམ་ནའང་།

ལྷ་སའི་མི་ཚོགས་ཐུགས་ལ།།

འཕྱོངས་རྒྱས་མི་སྤུས་དག་པ།།

ང་ལ་དགོས་པའི་ཆུང་འདྲིས།།

འཕྱོངས་རྒྱས་གཞུང་ལ་ཡོད་དོ།།

ཞེས་འབྱུང་བ་བཞིན་མནའ་ལ་བརྩི་བ།   ཚིག་ལ་གནས་པ།    ལས་ལ་བརྩོན་པ་རྒན་བཀུར་གཞོན་གཅེས་སོགས་འཕྱོངས་རྒྱས་གཞུང་དུ་ད་ལྟ་ད་དུང་གནའ་བོའི་བཙན་པོའི་མི་ཆོས་ཀྱི་སྲོལ་བཟང་གནས་ཡོད་པ་སོགས་སོ།།

 

 

སྤྱིར་བང་སོ་ངོས་འཛིན་པ་དང་བང་སོའི་རིགས་བཤད་པ།  

སྤྱིར་བཏང་མིའི་རིགས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་གྱི་ངོས་ནས་བཤད་ན།  མི་ཤི་རྗེས་ཀྱི་རོ་དེ་ཉིད་གཞན་གྱིས་མི་མཐོང་སའི་ས་གཙང་ས་ཞིག་ཏུ་ཁྱེར་ཏེ་བཞག་པ་ལ་སྦས་ཞེས་བྱ་ལ།     དེ་འདྲའི་རོའམ་ཕུང་པོ་མང་པོ་མཉམ་དུ་འཇོག་སའི་གནས་དེར་དུར་ཞེས་པའི་ཐ་སྙད་ཆགས།   བོད་ཀྱི་ལོ་རྒྱུས་བང་སོའི་སྐོར་དང་འབྲེལ་ཡོད་ཡིག་ཆ་ཁག་དག་ཏུ་གོང་གི་ཐ་སྙད་གཉིས་མཉམ་དུ་སྦྲེལ་ཏེ་དུར་སྦས་ཞེས་བྲིས་ཡོད།

དེ་ལྟར་བོད་སྤུ་རྒྱལ་གྱི་བཙན་པོ་དག་གྲོངས་རྗེས་ཀྱི་སྐུ་ཕུང་ས་འོག་ཏུ་སྦས་སའི་ས་ཕུང་གྲུ་བཞིའམ་ཟུར་གསུམ།    མདེའུ་རྩེ་ལྟ་བུ་དང་རྡོ་ཕུང་གི་རིགས་སོགས་ཡོད་པ་དེ་དག་ལ་བང་སོ་ཞེས་འབོད།   འོན་ཀྱང་སྐབས་འགར་བཙན་པོའི་སྐུ་པུར་དམ་སྐུ་གདུང་ལའང་བང་སོ་ཞེས་པའི་ཐ་སྙད་སྤྱད་པའང་ཡོད།

ཏུང་ཧོང་ཡིག་རྙིང་སོགས་ལོ་རྒྱུས་དེབ་ཐེར་ཁག་ཏུ་དེ་དང་དོན་གཅིག་པའི་མིང་གི་རྣམས་གྲངས་ལ།   རིང་ཁང་།  བང་ཆེན།   པུར་ཁང་།  འཆད་པ།  དུར་ས།   དུར་ཁྲོད།   དུར་གནས་སོགས་མང་ཙམ་ཡོད་འདུག       བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་ཆོས་འབྱུང་བཅས་གཙོ་གྲས་ཁག་ལ་གཞི་བཅོལ་ནས་བཤད་ན་སྤུ་རྒྱལ་བཙན་པོའི་བང་སོ་ཐོག་མ་ནི་རྒྱལ་བོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་སྟེ་ལོ་ངམ་གྱིས་བཙན་པོ་བཀྲོངས་ཤིང་།

སྐུ་གདུང་ཟངས་ཀྱི་གའུར་བཅུགས་ཏེ་ཉང་ཆུའི་ནང་དུ་བསྐྱུར།   དེ་ཀོང་པོ་ནས་མི་ཚང་ཞིག་གིས་མཛོད་ཁང་དུ་ཉར་ཞིང་རྗེས་སུ་བློན་རུ་ལས་སྐྱེས་ཀྱིས་འཕྱིང་ཡུལ་ངར་ཐང་དུ་གདན་དྲངས་ཤིང་བང་སོ་དེར་བརྩིགས་པ་དེ་ཡིན་པར་འདོད།    དེའི་སྐོར་ནས་ཏུན་ཧོང་གཏེར་ཡིག་དུ་གྲི་གུམ་བཙན་པོའི་ལོ་རྒྱུས་དང་བང་སོའི་སྐོར་ནས་གསལ་པོ་བྱུང་འདུག་ལ།    སྤུ་རྒྱལ་བཙན་པོའི་བང་སོ་དེ་ཡང་གྲི་གུམ་བཙན་པོའི་བང་སོ་དེ་ཡིན་པར་ར་སྤྲོད་བྱས་འདུག

མཆན།   མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༢ལོར་བསྐྲུན་པའི་ཏུན་ཧོང་ནས་ཏོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཤོག་གྲངས་༣༤ནས་༣༨་བར་གསལ།

 

འཕྱོངས་རྒྱས་ལ་ཡོད་པའི་བཙན་པོའི་བང་སོའི་ཚོགས།  གནས་དེ་ནས་ཆེས་དོན་སྙིང་ཆེ་བ་དང་གྲགས་ཆེ་བ་ནི་བཙན་པོའི་བང་སོའི་ཚོགས་ཡིན་ལ།   དེ་ཡང་སྲོང་བཙན་སྒམ་པོའི་བང་སོ་ནི་བང་སོའི་ཚོགས་ལས་ཆེ་ཤོས་ཤིག་ཡིན། ཁོང་གི་བང་སོ་འཕྱོང་པོ་མདའ་རུ་བརྩིགས་ཡོད་པ་དང་།  ཆེ་ཆུང་གི་ཚད་ལ་དཔག་ཆེན་མདའ་རྒྱང་གང་དང་མིང་ལ་སྨུག་རི་སྨུག་པོ་ཞེས་ཟེར།

བཙན་པོ་ཁོང་གི་བང་སོའི་སྒང་ལ་དུས་ཕྱིས་ལྷ་ཁང་བཞེངས་ཤིང་།  ལྷ་ཁང་དེའི་ནང་དྲག་པོའི་གཡུལ་གྱི་ཆ་བྱད་སྤྲས་པའི་བཙན་པོ་སྲོང་བཙན་སྒམ་པོ་དང་།    དགྱ་བཟའ་ཀོང་ཇོ།   བལ་བཟའ་ཁྲི་བཙུན།  ཐོན་མི་སམ་བྷོ་ཊ་སོགས་ཀྱི་སྐུ་བརྙན་ཡོད།

ལོ་རྒྱུས་ཡིག་ཚང་ནས་གཅིག་མཐུན་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བང་སོ་ཡང་གནས་དེའི་མུ་རུ་རི་ཞེས་པའི་འདབས་སུ་ཡོད་ལ།  དེ་ནི་བཙན་པོའི་སྐབས་ཀྱི་སེངྒེའི་རྡོ་རིང་ལ་ཕྱིས་སུ་གནོད་སྐྱོན་ཤོར་བ་ཞིག་གིས་འགེབས་སྲུང་གི་ཚུལ་དུ་ལོ་ངོ་སྟོང་ཕྲག་མང་པོའི་ཁ་ཆར་དང་བུ་ཡུག     འཁྲུག་ཟིང་དང་དུས་ལངས་སོགས་རྒྱུད་ཀྱང་ཉམས་ཆག་དེ་ཙམ་མ་བྱུང་བར་ད་དུང་གཟི་བརྗིད་དང་ང་རྒྱལ་གྱི་ཚུལ་དུ་འགྱིང་ནས་ཡོད།   མདོར་ན་གནས་དེར་བོད་བཙན་པོའི་སྤུ་རྒྱལ་སྲོང་བཙན་སྒམ་པོ།   མང་སྲོང་མང་བཙན་དང་།  འདུས་སྲོང་མང་པོ་རྗེ།  མེས་ཨག་ཚོམ་འཕྲུལ་རྒྱལ།  ཁྲི་སྲོང་ལྡེའུ་བཙན།   མུ་ནེ་བཙན་པོ།   ཁྲི་ལྡེ་སྲོང་བཙན།   ཁྲི་གཉན་གཟུངས་བཙན།   སྟག་རི་གཉན་གཟིགས།   གནམ་རི་སྲོང་བཙན་བཅས་གཙོར་བྱས་པའི་བང་སོ་ཁག་གོ་རིམ་གྱི་ཚུལ་དུ་བརླིང་བོར་ཡོད།  ཆོས་འབྱུང་མཁས་པའི་དགའ་སྟོན་དང་རྒྱལ་རབས་གསལ་མེ་སོགས་ལས་གཅིག་མཐུན་དུ་གནས་དེར་བང་སོ་ཉི་ཤུ་རྩ་གཅིག་ཡོད་པར་བཞེད་ལ།    ལྡེའུ་ཆོས་འབྱུང་དུ་སྲོང་བཙན་ནས་བང་སོ་གྲུ་བཞིར་བརྩིགས་པ་ཞེས་པ་བཞིན་བང་སོ་དེ་དག་གི་དབྱིབས་ནི་ད་ལྟ་དངོས་སུ་མཐོང་བ་དེ་བཞིན་ནོ།། ད་དུང་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་བང་སོ་ཡང་གནས་དེར་ཡོད་ལ།     སྟག་རི་གཉན་གཟིགས་ཀྱི་བང་སོའི་འོག་ཏུ་བཙུན་མོ་འབྲོ་བཟའ་སྨན་བཙུན་དང་།  བློན་པོ་མོན་བུ་རྒྱལ་མཚན་བཅས་ཀྱི་བང་སོ་ཡོད་པར་གསལ་བ་བཞིན།   ད་དུང་དེའི་མཐའ་འཁོར་དུ་སྐབས་དེའི་བཙན་པོའི་བཙུན་མོ་དང་། རུ་དཔོན། དམག་སྤྱི་བློན་ཆེ་ཆུང་སོགས་ཀྱི་བང་སོ་ཆེ་མ་ཆུང་གསུམ་གང་མང་ཡོད་དམ་སྙམ།

གཞན་སྐབས་དེའི་བང་སོ་ཁག་ཇི་ལྟར་བརྩིགས་པ་དང་།   གོ་རིམ་གཡས་གཡོན་སོགས་ནི་བོད་ཀྱི་ལོ་རྒྱུས་རྙིང་ཤོས་ལྡེའུ་ཆོས་འབྱུང་སོགས་ལས་རེ་རེ་ནས་འབྱུང་བས་དེས་འཐུས་ལ།

སྤྱིར་བོན་གྱི་ལོ་རྒྱུས་ལ་གཞི་བཅོལ་ནས་བཤད་ན་གྲི་གུམ་བཙན་པོ་ཡན་ཆོད་དུ་བོད་ལ་བང་སོ་བརྩིགས་མེད་པར་བཞེད།   དེ་ཡང་བློན་པོ་ལོ་ངམ་གྱིས་གྲི་གུམ་བཀྲོངས་རྗེས་སྤུར་མྱང་ཆུའི་ནང་དུ་དོར་བ་ཀོང་ཆུ་བརླག་བར་ཁྱེར་ཏེ་དེར་མི་ཚང་ཞིག་གི་བང་མཛོད་དུ་ཉར་བ་དང་།  སྲས་འབྲིང་བ་བྱ་ཁྲིས་བླུས་ཏེ་ཀོང་པོ་ནས་ཡར་ལུང་དུ་གདན་དྲངས།   དེ་ད་ལྟ་འཕྱིངས་བ་སྟག་རྩེའི་འཕྱིངས་ཡུལ་ངར་ཐང་ངམ་དར་ཐང་ཞེས་པ་དེར་ཡོད་འདུག     རྒྱ་བོད་ཡིག་ཚང་དུ།   ཀོང་ཡུལ་གསེ་མོ་ཕོག་ཏུ་བང་སོ་བརྩིགས་པར་བཤད།   དེ་ལྟར་བྱས་ན་གོང་ནས་སོང་བ་བཞིན་རྗེས་སུ་ཡར་ལུང་དུ་གདན་དྲངས་པ་ཡིན་པར་འདོད་དོ།    འདི་ནི་དེང་རབས་བོད་ཀྱི་ལོ་རྒྱུས་ཉམ་ཞིབ་པ་ཀུན་གྱི་འདོད་ཕྱོགས་དང་ཁས་ལེན་ཕྱོགས་ཡིན་པའོ།།

དོན་མཁར་མདའ་དང་མུ་རུ་རི་ཞེས་པ་སོགས་ནི་འཕྱོངས་རྒྱས་ཀྱི་ས་ཆ་རང་ཡིན་ལ་དེའི་མངའ་ཁོངས་སུ་བོད་ཀྱི་རིག་གནས་འཕེལ་ཕྱོགས་དང་ལོ་རྒྱུས་ཀྱི་རྒྱུ་ཆ་ཆེས་མང་སའི་ལོ་རྒྱུས་ལས་གོ་གནས་གལ་ཆེན་ཟིན་ཡོད་པའི་གནས་ཤིག་ཡིན།           བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་བོད་ཟླ་༡ཚེས་༢༣ཉིན་མཆིག་ནགས་ཀུན་དགའ་རྒྱ་མཚོ་ནས།