ཆོས་ཉིད་དབང་མོས་ཞིབ་ཏུ་ཀློགས། གཤའ་མ།

1/464

 

ད་བར་དུ་གོ་མྱོང་མེད་པའི་ཆོས་ཉིད་དབང་མོ་ཟེར་བས་སྤྲུལ་སྐུ་དང་བུད་མེད་བསྡུར་ཏེ་སྤྲུལ་སྐུ་རྣམས་ཀྱི་ཞན་ཆ་དང་བུད་མེད་རྣམས་ཀྱི་བཟང་ཆ་རྩལ་དུ་འདོན་གང་ཐུབ་ཐུབ་བྱས་འདུག སྤྱི་ཚོགས་སྟེང་གི་མིག་གསལ་མིན་གྱི་ཀློག་མཁན་ཚོས་དེར་བསྟོད་སྨད་ཀྱི་ཡིག་ཚོགས་མང་དུ་སྤུངས་སོང་། བུད་མེད་རྣམས་ཀྱི་བཟང་ཆ་ལས་སྤྲུལ་སྐུ་རྣམས་ཀྱི་ངན་ཆ་གླེངས་ཏེ་སྤྲུལ་སྐུ་ནི་གང་ཡང་མི་འཇོན་ཞིང་ཅི་ཡང་མི་འགྲུབ་པའི་སྡར་མ་ཁོ་ན་ཞིག་དང་། གལ་ལ་ཐུག་ཚེ་ཡོད་ཚད་བཞག་ནས་བྲོས་ཚུལ་དང་ཞབས་ཕྱི་བཅུ་གྲངས་ཀྱིས་བསྐོར་ནས་གང་ཞིམ་ཟོས་ཤིང་ཉི་མ་གཏོང་གིན་ཡོད་པ་སོགས་མང་དུ་བྲིས་འདུག རྩོམ་འདི་ལྟ་བུ་འབྲི་མཁན་ཅིག་ཡིན་ཕྱིན་བསམ་བློ་རྒྱ་ཆེ་སར་གཏོང་བ་དང་སྤྱི་བྱེ་བྲག་བཀར་ཏེ་བཤད་བྱ་གང་དེ་རྩལ་དུ་འདོན་ཐུབ་ན་ཡགས་མོད། འདི་ལྟར་སྤྲུལ་སྐུ་ཡོད་ཚད་ཀྱིས་མ་འཇོན་ཚུལ་དང་བུད་མེད་གང་ལའང་བསྡུར་ཐབས་མེད་པར་བཤད་པ་དཔྱད་པ་ཞིབ་མོ་མ་བྱས་པར་ཧོད་རྒྱུག་དང་འཕྲལ་གྱི་ཚོར་བ་ཐད་ཀར་བྲིས་པའི་སྐྱོན་རེད། སྤྱིར་ནས་སྤྲུལ་སྐུའི་སྐོར་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྔར་ནས་མང་བོ་བཤད་པ་རེད། དཔེར་ན། ཁོས་«བོད་ཀྱི་བླ་རྒན་ཚོས་སྤྲུལ་སྐུའི་ལམ་ལུགས་བཏོད་པ་ནས་བཟུང་བསྟན་པ་ཉམས་པའི་མགོ་བརྩམས་པ་དང་སྤྲུལ་སྐུ་ནི་བསྟན་པ་ཉམས་བྱེད་ཅིག་ཡིན་»པ་བཤད་ཡོད། འོན་ཀྱང་ཚུལ་བློས་བསྟན་པ་གང་ཉམས་པ་དང་སྤྲུལ་སྐུ་སུས་ཉམས་སུ་འཇུག་པ་དམིགས་ཕུག་སྟེ་བཤད་མི་འདུག གོང་གི་ཆོས་ཉིད་དབང་མོའི་ཞིབ་བསྡུར་འདིའི་མགོ་འབུས་ས་ཡང་དོན་དམ་དུ་ཚུལ་བློའི་སྐད་ཆ་དང་བསམ་བློ་སོགས་ལ་འབྲེལ་ཡོད་པ་ཟུར་ནས་རྟོགས་ཐུབ། བོད་ལ་སྤྲུལ་སྐུའི་སྲོལ་བྱུང་ནས་ད་བར་དུ་གྲུབ་མཐའ་ཚང་མར་སྤྲུལ་སྐུ་མང་བོ་བྱོན་མྱོང་། ལྷག་ཏུ་རིག་གསར་གྱི་ཤན་མ་ཞུགས་པའི་སྔོན་གྱི་སྤྲུལ་སྐུ་རྣམས་ཀྱི་ནང་ནས་འདིས་བསྟན་པ་བཤིགས་སོང་སྙམ་པ་དང་འདི་བུད་མེད་ཅིག་ལའང་དོ་ཡིན་མི་འདུག་སྙམ་པ་གཅིག་ཀྱང་རྙེད་དཀོན་པོ་ཡིན། རིག་གསར་རྗེས་དང་ལྷག་ཏུ་དེང་གི་སྤྲུལ་སྐུ་ལ་ལའི་ནང་ན་ངན་པ་རེ་ཟུང་ཡོད་པ་བདེན་པ་རེད་མོད་ཀྱང་དེ་ཡང་སྤྲུལ་སྐུ་གཅིག་པུ་མིན་པར་རྒྱ་ནང་སོགས་ན་རྒྱུགས་ཆེ་བའི་མཁན་པོ་དང་བླ་རྒན་དེ་ཚོའི་ནང་ན་ལྷག་ཏུ་མང་བ་མིག་མཐོང་ལག་ཟིན་ཡིན། དངོས་གནས་བཤད་ན་འདི་ཚོའི་གྲོས་ན་ཐོས་བསམ་སློབ་གཉེར་གང་ཡང་མེད་པར་གླེན་པ་དག་གི་མགོ་བསྐོར་ནས་ཉི་མ་འཁྱོལ་ཐབས་དང་ལས་འབྲས་ཁྱད་གསོད་བྱེད་པོ་གྲངས་ཀྱིས་མི་ལོན་པ་ཡོད། བོད་ཀྱི་སྤྲུལ་སྐུ་རྣམས་ཀྱི་སུ་ཞིག་བུད་མེད་སུ་ལ་དོ་ཡིན་མེད་པ་གསལ་བོར་བཤད་པའི་རེ་བ་ཡོད། དེ་མིན་འགན་མེད་པའི་འུར་གཏམ་རླུང་སྤུར་མ་འདི་འདྲ་བཤད་ན་སྐུར་འདེབས་ཀྱི་ལས་ཚབས་པོ་ཆེ་བསགས་པ་མིན་ནམ། སྤྲུལ་སྐུ་རྣམས་ཀྱིས་བྱིས་པ་དང་ཁྱིམ་ཐབ་མ་བཟུང་བར་དགོན་པ་དང་རི་བྲག་སོགས་ནས་མི་ཚེ་བསྐྱལ་བས་བུད་མེད་ལའང་བསྡུར་ཐབས་མི་འདུག་སྙམ་ན། བོད་ཀྱི་བུད་མེད་«མ་ཅིག་ཞལ་མ་དང་མ་ཅིག་ལབ་སྒྲོན། གུང་རི་མཁའ་འགྲོ་མ་»སོགས་ཀྱིས་ཀྱང་ཁྱིམ་ཐབ་སྤངས་ནས་ཐོས་བསམ་མཛད་དེ་འཁོར་བའི་འདུ་འཛི་ལ་མ་ཞུགས་པར་སྐུ་ཚེ་མཐར་བསྐྱལ་བའི་ཁྲེལ་མེད་འགན་བྲལ་གྱི་ལས་འདི་གང་ལ་བསྡུར་དགོས་སམ། མ་ཅིག་སོགས་ཀྱང་ཆུང་མ་བུ་ཕྲུག་ཅན་གྱི་སྐྱེས་པ་དེ་ཚོའི་མན་ཡིན་ནམ། ཉེ་རབས་ཀྱི་གསེར་རྟའི་མཁའ་འགྲོ་མའི་གཙོ་མོ་དང་གསེར་རྟ་སྒར་གྱི་གཙོ་བདག མུ་མཚོ་ཟེར་བའི་ཨ་ནེ་དེས་ཀྱང་བུ་ཕྲུག་དང་ཁྱིམ་ཐབས་སྤངས་ཏེ་ཁྲིན་ཏུའུ་སོགས་ན་ཞབས་ཕྱི་མང་བོ་ཁྲིད་ནས་སྐྱིད་སྐྱིད་བཏང་ནས་བསྡད་འདུག་པ་འདི་ཡང་སྐྱེས་པ་ཆུང་མ་ཅན་ཞིག་གི་མན་ན་ཡོད་དམ། «སྤྲུལ་སྐུ་ཚོས་བུད་མེད་བདུད་ཀྱི་རྐྱལ་བ་ཡིན་ཟེར་ནས་གྲྭ་ཆས་གྱོན་གྱིན་བུད་མེད་རུམ་བཞིན་ཡོད་»ཟེར། སྤྲུལ་སྐུ་སུ་ཞིག་གིས་གྲྭ་ཆས་གྱོན་ནས་བུད་མེད་རུམ་འདུག གྲྭ་ཆས་གྱོན་གྱིན་བུད་མེད་རུམ་མཁན་དེ་མཁན་པོ་ཞིག་གམ་གྲྭ་ལ་གྱོན་པའི་རྒྱ་བླ་ཚོ་སྟུག་ཅིག་མ་ཡིན་ནམ། ཁྱེད་ཀྱི་མིག་འཕྲུལ་བ་མིན་ནམ། གྲྭ་ཆས་གྱོན་ནས་བུད་མེད་རུམ་མཁན་ཚང་མ་སྤྲུལ་སྐུ་མིན་ལ་«གྲོང་ཁྱེར་ཆེ་ས་དང་མགྲོན་ཁང་སྐྱིད་ས། ཁ་ལག་ཞིམ་ས་འགྲིམ་»གྱིན་པ་དེ་དག་སྤྲུལ་སྐུ་ཁོ་ན་ཨེ་ཡིན་ནམ། རྗེས་ནས་ཞིབ་ཏུ་སོང་ལ་བརྟག་དཔྱད་གྱིས་དང་དེའི་ནང་གི་མང་ཆེ་ཤས་མཁན་པོ་དང་མཁན་མིང་དང་སྤྲུལ་མིང་གང་ཡང་མེད་པའི་གྲྭ་ཆས་གོན་ནས་ཐ་ཤལ་གྱིས་ཁ་གསོ་ཐབས་བྱེད་པའི་འཁྱམས་པོ་ཅིག་ཡིན་ནའང་ཐང་། དེར་ཁྱེད་རང་སོང་ལ་ཡུན་གྱིས་དཔྱད་པ་ཐོངས། འདིར་ཁ་བོས་བོད་ཀྱི་སྔོན་བྱོན་སྤྲུལ་སྐུ་རྣམས་ཀྱི་མཛད་པ་དང་དེང་འདིར་འཚོ་ཞིང་གཞེས་པ་རྣམས་ཀྱི་མཛད་པའི་སྐོར་ནས་ཅུང་ཟད་ཅིག་འབྲི་བར་འདོད་ཀྱང་ཡིག་ཚོགས་སྤུངས་བ་ལས་དགོས་པ་ཆེན་པོ་མི་འདུག་སྙམ་ནས་བཞག་པ་ཡིན། ཁྱེད་རང་གིས་སྔར་བྱོན་ད་བཞུགས་ཀྱི་སྤྲུལ་སྐུ་རྣམས་བུད་མེད་ཚོར་བསྡུར་འདོད་ན་སྤྲུལ་སྐུའི་སྐོར་ལ་ཞིབ་འཇུག་བྱོས། ལྷག་ཏུ་སྤྲུལ་སྐུ་འདི་ནི་བུད་མེད་ཀྱི་མན་དང་། འདིས་གྲྭ་ཆས་གྱོན་གྱིན་བུད་མེད་རུམ་འདུག་པ་ས་འདི་གར་དངོས་སུ་མཐོང་བའི་དཔང་རྟགས་དང་ཁུངས་ལུང་ཚད་ལྡན་དྲངས་ཏེ་བཤད་ན་ཡགས་པོ་འདུག དེ་མིན་དབྱིག་པ་བསྐོར་འཕེན་གྱི་འབྲི་སྟངས་འདི་ལ་བདེན་ལུགས་དང་མཛེས་ཆ་གང་ཡང་མི་འདུག