གནའ་དེང་ཤར་ནུབ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་ལུགས་རིག་པར་འབྲེལ་ཡོད་དམ།

2/470

(བློན་ཆེན་མགར་དང་དར་རྒྱལ་མང་པོ་རྗེ་སོགས་ཀྱིས་མཚོན་པའི་བསྒྲིགས་པའི་ཁྲིམས་ལུགས་སམ་ཁོད་ཉིད་ལ་ནུབ་ཕྱོགས་དེང་རབས་ཀྱི་དམངས་གཙོའི་ཁྲིམས་ལུགས་རིག་པ་གཉིས་ལ་འབྲེལ་བ་ཡོད་དམ།       ཁ་བྱང་འགྲེལ་བཤད།)

ཡར་སྔོན་ཚུང་རི་ཡུན་གྱིས་བརྩམས་ཤིང་ལྷ་མོ་སྐྱབས་ལགས་ཀྱིས་བསྒྱུར་བའི་དམངས་གཙོའི་སྡེ་ཚན་ཞིག་སྟེ«ཁྲིམ་ལུགས་རིག་པ་ནི་འདི་འདྲ་ཞིག་ཡིན་དགོས་སྟེ»ཞེས་པ་ཀློག་ཞོར་དུ་སོ་སོའི་དྲན་པའི་རི་མོའི་ངོགས་སུའང་ཡུལ་དངོས་གཞན་ཞིག་དྲན་དུ་བཅུག་པ་འདི་ཉིད་ཉུང་ཙམ་བྲིས་ན།ཏག་ཏག་མི་ལོ་སྟོང་དང་བརྒྱ་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་རང་རེའི་མེས་པོ་དང་བཙན་པོ་གང་རུང་གི་སྐབས་ཀྱི་ཁྲིམ་ལུགས་འཇོག་སྟངས་ཀྱི་དཔེ་ཀློག་དྲན་ཚོར་ལྷག་མ་འགའ་ཞིག་བསྐྱེད་པ་ཚིག་ཉུང་དོན་ཉུང་གིས་ཉུང་ཙམ་རང་སེམས་ཀྱི་མེ་ལོང་ངོགས་སུ་གསལ་བ་བྲི་རྒྱུར།

བཙན་པོ་སྲོང་བཙན་གྱི་དུས་སུ་ཁོད་སོ་དྲུག་སྟེ།དམངས་ལ་ཁྲིམས་ལུགས་སམ་སྤྱི་ཁྲིམས་བཅོས་པ་དང་། དེ་དག་ནི་གཙོ་བོ་བློན་ཆེན་མགར་སྟོང་བཙན་དང་བློན་དར་རྒྱལ་མང་པོ་རྗེ་གཉིས་ཀྱིས་ཕྲག་ཏུ་བླངས་པ་ཡིན་སྟེ། དེའང་དབང་འཛིན་པ་དང་རྗེ་མིང་བ་གེ་མོ་ཞིག་གིས་བཙན་ཤུགས་ཀྱིས་དམངས་ཀྱི་དབུར་བཞག་པ་མ་ཡིན་པར།དམངས་གཙོའི་ཁྲིམས་ལུགས་ལྟར་ཚུང་རི་ཡུན་གྱིས་“ཁྲིམས་ནི་འདུས་སྡེ་སྤྱི་པའི་འདོད་མོས་མཚོན་པ་དང་ཞིག་དང་འདུས་སྡེ་དེ་ཉིད་ཀྱི་ངོས་ལེན་ཐོབ་ཡོད་པ་ཞིག་ཅིས་ཀྱང་ཡིན་དགོས”ཞེས་གསུངས་པ་ལྟར། དམངས་ཀྱི་བསམ་པ་བརྗེ་རེས་བྱས་ནས་བཅས་པའི་ཁྲིམས་སྲོལ་ཞིག་སྟེ།

ལྡེའུ་ཆོས་འབྱུང་ལས“རྗེའི་བཀའ་བསྩལ་ལ་གྲོས་ཀྱིས་རྒྱུ་བྱས།འབངས་ཀྱི་མཆིད་ཚིག་ལ་གྲོས་ཀྱི་སྤུན་བྱ་བགྱིས”ཞེས་པ་ལྟར་སྤྱི་ཚོགས་ཀྱི་བསམ་བློའི་གནས་བབས་ལ་གདེང་འཇོག་ཚད་མཐོན་པོར་བརྩིས་ཏེ། མི་བུ་སྒེར་ངོས་ནས་ཀྱང་སྲིད་ལ་བཟུང་བའི་ལྟ་ཚུལ།ཁྲིམས་གང་འདྲ་མཐུན་མིན།བོད་ཀྱི་དམག་དཔོན་དང་གཡུལ་དཔོན་སྡེ་དཔོན།རྔན་དཔོན་དང་ཆིབས་དཔོན་སོགས་ཀྱི་གནས་ཚུལ་དང་ཚད་ཇི་འདྲ་དགོས་མིན་གཡུལ་འགྱེད་པར་རུ་མཚོན་དང་དར་ཆ་སོགས་ཀྱང་དམངས་ཀྱི་གྲོས་ཐོག་མང་ཙམ་བཞག་ཡོད་པའང་དཔོག་ནུས།དེ་ལྟར་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། དང་ཐོག་བཙན་པོས་བཀས་བཀོད་ལྟར་བློན་ཆེན་མགར་དང་བློན་དར་རྒྱལ་གྱིས་ཁོད་བཟོ་སྐབས། ལུག་རྫི་ཤེས་ཅན་པ་མཆིམས་མང་གཤེར་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ལུག་རྫིའི་ངག་ནས་རུ་མཚམས་དབྱེ་སྟངས། ཡུལ་བགོད་སྟངས། རྒོད་གཡུང་གི་སྡེ་འབྱེད་པ་ལྟ་བུའི་དམངས་དང་གྲོས་བྱས་ནས་གྲུབ་པའི་སྒྲིག་ཚོམས་ཤིག་ཡིན་པ་ལས། དབང་འཛིན་པ་དང་དང་མི་བུ་གང་རུང་གིས་སྒེར་སྡོམ་བྱས་ནས་སྤྱི་ཚོགས་དེར་དྲག་གཅུན་དང་བཙན་གཉོམ་འཁུར་དུ་འཇུག་ཀྱིན་མེད་པ་ཁྲིམས་ལུགས་འཇོག་སྟངས་ཀྱིས་ཀྱང་ཤེས་པ་ཡིན་ལ། སྒེར་གཅོད་དང་མི་བུ་གང་རུང་གིས་བཙན་སྒྲིག་བྱས་པའང་སྐབས་དེའི་སྤྱི་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་ལམ་ལུགས་དང་སྒྲིག་གཞི་དེའི་འོག་ཏུ་ཆུ་སྣ་གར་ཁྲིད་བྱས་པ་ལྟ་བུ་མི་འགྲོ་མི་འོང་པ་ནི་དང་ཐོག་བློན་ཆེན་མགར་གྱིས་ཁོད་བཟོས་པ་དེས་མཚོན་ནུས་ཏེ།མཁས་དགའ་ལས།“དེ་ནས་མགར་གྱིས་བོད་ཀྱི་ཁོད་བཅའ་བའི་ཕྱིར།རྡེའུ་དང་ཤིང་བུ་གཙིགས་སུ་བཟུང་སྟེ་ཤིང་གི་བྱང་བུ་མཛོ་ཁལ་དྲུག་ལོངས་པ་བྲིས་པས་བྱང་ཁྲམ་མ་ཐེབས་པར་འཁྲུགས་པ་སྟེ། བྱང་ཁྲམ་མང་དྲགས་ནས་དེ་རྣམས་འཛིངས་ཤིང་ཁོད་བཅའ་མ་ཐུབ་སྐད”ཅེས་བྲིས་པ་བཞིན་ངང་ཚུལ་གྱི་རིག་པ་རྣོ་བ་དང་དམག་དོན་ལ་མཁས་ཤིང་རྩེན་པའི་མཁས་མཆོག་ཁོང་ཉིད་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་ལས་བྱུང་བའི་ཁོད་རྣམས་ཀྱང་དམངས་ཀྱིས་གཉར་མི་འཁུར་ཞིང་འཁྲུགས་པ་འབྱུང་བར་བརྟགས་ན་སྐྱེས་བུ་སྒེར་གང་རུང་གི་ལྟ་ཚུལ་དང་སྒྲིག་ཁྲིམས་ཙམ་ལ་དམིགས་བསལ་གྱི་བརྩི་འཇོག་མེད་པའི་ཚོད་དུ་སླེབས་པས་བོད་སྤྱི་དམངས་ཀྱི་བསམ་པའི་ཆུ་ཚོད་ཀྱང་ཚད་མཐོ་སར་སླེབས་ཡོད་པ་ཚོར་ཐུབ།

ཚུང་རི་ཡུན་གྱིས་ཀྱང་“ཁྲིམས་ནི་འདུས་སྡེ་སྤྱི་པའི་འདོད་མོས་ཡིན་དགོས་པ་དེ་དེང་རབས་ཁྲིམས་ཀྱི་དབང་བསྒྱུར་གྱི་ཡོངས་ཁྱབ་ཁྱད་རྟགས་སུ་གྲུབ་ཡོད་པ་རེད།”ཞེས་གསུངས་པ་བཞིན་དམངས་གཙོའི་ཁྲིམས་ལུགས་དང་འབྲེལ་བའི་བོད་ཀྱི་ཁོད་ཀྱང་གནའ་བོའི་དུས་ནས་སྐྱིད་ཤོད་ཁོ་མ་ར་ནས་ལེགས་པར་ཚུགས་པ་དང་། ཁྲིམས་ཀྱི་མདུན་སར་སྐྱེ་བོ་ཐམས་ཅད་འདྲ་མཉམ་ཡིན་པ་སྟེ་དམངས་གཙོའི་ལམ་ལུགས་ཀྱི་ཁྲིམས་ཀྱི་དབང་བསྒྱུར་ཡན་ལག་བདུན་ལས་གཉིས་པ་འདི་ཉིད་ཡིན་ཞིང་།འདིའང་སྐབས་ཐོག་དེར་ཏག་ཏག་བོད་ཁྲིམས་ནི་ལྡེའུ་ཆོས་འབྱུང་ལས།“བཀའ་ཡོ་འགལ་འཆོས་པ་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། ལེགས་ན་དགྲའི་བུ་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུ་ཡིན་ཡང་ཉེས་ཆད་གཅོད།”ཅེས་པ་དང་། ཚོང་ལས་ལས་དཔལ་འབྱོར་ཕྱོགས་ནས་ཀྱང་དཔའ་བོ་དང་མི་བཟང་རྣམས་ལ་མང་པོ་ཐོབ་པ་དང་གཉོམ་ཆུང་འཁོས་ཞན་དག་ལ་ཉུང་ངུ་ཐོབ་པ་ལྟ་བུ་ཡང་མེད་པ་ཡིན་སྟེ།ཆོས་འབྱུང་མཁས་པའི་དགའ་སྟོན་ལས“བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་བསྲན་སོགས།། བཀའ་ལ་བཏགས་པ་ཁྲིམས་ཡིག་གཉིས་པ་སྟེ།། འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས།། ”ཞེས་གསུངས་པ་བཞིན་སྐྱེས་བུ་སྒེར་རེ་རེས་འཚོ་བའི་ཐད་ལ་དམིགས་སུ་བཟུང་བའི་ཚོང་ལས་དཔལ་འབྱོར་གྱི་ཕྱོགས་ལ་ཁྲིམས་ལུགས་སམ་ཁོད་རྣམ་པར་དག་པ་ཡང་བཅས་པ་དག་གིས་སྐྱེས་བུ་སྒེར་གྱི་རིན་ཐང་དང་དམངས་ཀྱི་རིན་ཐང་ལ་གཞལ་བ་ཁོ་ན་མཚོན་ནུས་པ་དང་། སྐབས་ཐོག་དེར་དཔྱ་ཁྲལ་ཡང་དམངས་ཀྱི་འཚོ་ཚིས་དང་བསྟུན་ནས་བསྡུ་རུབ་བྱེད་པ་ལས། ཧོབ་ཀྱིས་ཅི་འདོད་གང་འདོད་ལྟར་གཞུང་བཞེས་མེད་པའང་དེབ་དཀར་དུ་འཁོད་པའི་ལི་ཡུལ་བྱེ་གསེབ་ནས་ཐོན་པའི་ཁྲམ་བྱང་དང་དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡིག་རྙིང་འགའ་ཞིག་ལས། “དང་པོ།ལི་ཡུལ་མཐོང་ཁྱབ་མངའ་རིས་ཤ་ཅུས་ཕོ་བྲང་དང་ཁྲོམ་ཆེན་པོ(དམག་དཔོན་ཆེན་མོ)འི་སྙན་དབང་དུ་ལྡུམ་རའམ་ཞིང་མང་པོ་ཡོད་པས་དཔྱ་ཁྲལ་མ་བསྡུས་པས་སྐྱིད་ལ།”ཞེས་པ་འདི་ནི་དབང་ཆ་ཅི་ཡོད་བོད་ཀྱི་བཙན་པོའི་འོག་ཏུ་ཡོད་པའི་རྒྱལ་ཕྲན་འགས་བློན་ཆེན་མགར་ལ་སྤྲིངས་པའི་འཕྲིན་ཞིག་སྟེ། འདི་ལས་ཚད་ལྡན་དཔྱ་ཁྲལ་གྱིས་དམངས་རྣམས་ལ་འཇིགས་སྐུལ་དང་བཙན་སྐུལ་ཐེབས་ཀྱི་མེད་པའང་དཔོག་ནུས་ལ།ནམ་དུས་ཐོན་པ་མི་ཤེས་པ་ལྟ་བུའི་ཕོ་བྲང་དུ་དཔྱ་ཁྲལ་སྣ་ཚོགས་བསྡུས་ཏེ་འབངས་ཀྱི་འཚོ་བར་དཀའ་ཁག་ཆེ་བའི་དུས་ལས་ཅུང་ཙམ་རིང་དུ་བཀྱེད་འདུག་སྙམ།

སྐབས་ཐོག་དེར་གང་ཟག་གི་དབང་བསྒྱུར་དང་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་ལས་ལྡོག་སྟེ་བྱ་བ་ཅི་དང་གང་ཞིག་བྱས་པ་ཁྲིམས་དང་འགལ་ཡོད་མེད་ལས། གང་ཟག་གང་རུང་དགོངས་པ་དང་འགལ་སོང་མིན་ལྟ་བུའི་གནས་ཚུལ་དང་ཡེ་ནས་འགལ་བ་ལྟ་བུར་གྲུབ་ཡོད་པ་གོང་དུ་བཤད་ཟིན་པ་ལྟར་སྐབས་ཐོག་དེར་ཁྲིམས་ཀྱི་དབང་བསྒྱུར་ལ་འཇོག་འོས་པ་ཡིན།

རྩོམ་ཉུང་འདི་ཏག་ཏག་གཟའ་མཇུག་གི་ལས་བྱ་ཞིག་ཏུ་མགྱོགས་བྲིས་སམ་གང་བྱུང་དུ་ཐོལ་བྲིས་བྱས་ཏེ་གྲུབ་པ་ཡིན་ལ་མ་འོངས་པར་ཁོ་བོས་མུ་མཐུད་དུ་མཇུག་བསྐྱང་བར་ཁས་འཆེ་ཐུབ་ལ་འདིར་ཡིག་ནོར་དང་སྡེབ་སྦྱོར་གྱི་སྐྱོན་ཆ་ཇི་སྙེད་ཅིག་མཆིས་པར་ཀློག་པོར་དགོངས་གསོལ་ཞུ།

ནགས་ཚལ་སྐྱབས།