བཀའ་བརྒྱུད་ཐུན་མོང་མིན་པའི་ཚད་བསྡུས་ཀྱི་གཞུང་ལུགས། (སྨད་ཆ།)

65/545

མེ་ཞགས། (ཡུལ་ཤུལ།)

དེར་མ་ཟད་བཀའ་བརྒྱུད་པའི་ཚད་བསྡུས་ལ་ཁྱད་ཆོས་འདི་འདུག་པར་སྙམ་སྟེ།སྤྱིར་བོད་དུ་དར་བའི་ཚད་མའི་གཞུང་ལུགས་ལ་༧རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེ་ལས་བརྒྱུད་པའི་རིགས་པ་གཙོར་འདོན་ཚད་མ་སྔ་རབས་པ་དང་༧ཆོས་རྗེ་ས་པཎ་ལས་བརྒྱུད་པའི་གོ་བ་གཙོར་འདོན་ཚད་མ་ཕྱི་རབས་པ་གཉིས་ཡོད་པ་ལས།བཀའ་བརྒྱུད་པའི་ཚད་མའི་བརྒྱུད་པ་ནི་གོ་རིགས་བརྒྱུད་པ་གཅིག་འདྲེས་ཡིན་པར་མངོན་ཏེ་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ནི་༧རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེའི་དངོས་སློབ་རིགས་པའི་སེང་བརྒྱད།ཤེས་རབ་ཅན་བཞི། གྲུབ་ཐོབ་གསུམ།ཇོ་སྲས་བཞི་སོགས་ལས་གྲུབ་ཐོབ་གསུམ་གྱི་ཡ་གྱ་ཡིན་པས་ཕྱྭ་པའི་སྐུ་མདུན་ནས་རིགས་པ་གཙོར་འདོན་གྱི་བརྒྱུད་པ་དངོས་སུ་ཐོབ་ཡོད་ཅིང་།སྤྱི་དོན་འཇམ་དབྱངས་བཞད་པ་དང་བསྡུས་སྦྱོར་སྙིང་པོ་སོགས་ཀྱི་ཁས་ལེན་འཛིན་མཚམས་དང་ཞིབ་ཆ་འབྱེད་ཚུལ་གྱིས་རིགས་པ་གཙོར་འདོན་གྱི་བརྒྱུད་པ་ཡོད་པ་དང་རིགས་གཞུང་རྒྱ་མཚོ་དང་རིགས་ལམ་གསལ་བྱེད་སོགས་ཀྱིས་གཞུང་དོན་འཆད་ཚུལ་གྱིས་གོ་བ་གཙོར་འདོན་གྱི་བརྒྱུད་པ་ཡོད་པ་ཡང་ཤིན་ཏུ་གསལ་བའི་ཕྱིར་རོ།།

གཞན་ཡང་།བསྡུས་གཞུང་འདི་ལས་བྱ་སྤྱོད་རྣལ་བླ་རྒྱུད་བཞི་དང་བསྐྱེད་རྫོགས་རིམ་གཉིས།དབང་བཞི་སྐུ་བཞི་དང་ཡེ་ཤེས་ལྔ། ས་བཅུ་དང་ལམ་ལྔ། བསླབ་པ་གསུམ་དང་སྡེ་སྣོད་གསུམ།གཞན་ཡང་ཕུང་ཁམས་བསྐྱེད་མཆེད་ཀྱི་རྣམ་གཞག་སོགས་མདོར་ན་མདོ་སྔགས་གཉིས་ཀྱི་ལམ་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་གསུངས་ཡོད།དེ་ལྟར་བཀའ་བརྒྱུད་པའི་བསྡུས་གཞུང་ནི་ཆེས་ཤིན་ཏུ་ཐུན་མོང་མིན་པ་ཞིག་ཡིན་པས་སྐལ་ལྡན་གྱི་བུ་སློབ་དབང་རྣོན་དག་གིས་བསྡུས་གཞུང་འདི་ཉིད་གཅིག་པུ་ལས་ཀྱང་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་ཐེག་པ་གསུམ་ཀའི་ལྟ་བ་རྟོགས་ཐུབ་པར་མཛད་དེ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྡོ་རིང་གསར་པ་ཞིག་བཞེངས་ཡོད།

དེ་ལྟར་དབང་རྣོན་དག་ནི་བསྡུས་གཞུང་ཙམ་འཆད་ཉན་བྱེད་པ་ཡང་མདོ་རྒྱུད་ཡོངས་ལ་འཆད་ཉན་བྱེད་པ་ལྟར་འགྱུར་གྱིན་ཡོད་པས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་སྐབས་སུ་བསྡུས་གྲྭར་འཆད་ཉན་བྱེད་མཁན་ཤིན་ཏུ་མང་ཞིང་།འཆད་ཉན་བྱེད་པའི་དུས་ཡུན་ཡང་ཧ་ཅང་རིང་སྟེ་གྲྭ་ཚང་དུ་ཞུགས་ནས་བསྡུས་གྲྭ་ལ་འཆད་ཉན་བྱས་ཏེ་ལོ་ཉི་ཤུ་སོང་བ་ཤིན་ཏུ་མང་བའི་ཕྱིར་རོ།། དེར་མ་ཟད་སྔར་གསང་ཕུ་ནས་ཀྱང་༧སློབ་དཔོན་ཕྱྭ་པས་རྣམ་འགྲེལ་ངེས་ཀྱི་ཊཱིཀྐ་དང་ཚད་བསྡུས་ཀྱི་གཞུང་ལུགས་རྒྱས་འབྲིང་བསྡུས་པ་མང་དུ་མཛད་ཅིང་བོད་ཁམས་ཡོངས་སུ་ཧ་ཅང་དར་ནས་བསྡུས་གཞུང་གཅིག་པུ་ལ་སྐུ་ཚེ་གང་པོར་འཆད་ཉན་བྱས་ནས་དུས་འདའ་བ་དང་། བསྡུས་པའི་ཆོས་སྐད་གཅིག་པོས་དབུས་གཙང་གི་གྲྭ་ས་ཁག་ཏུ་གྲྭ་སྐོར་དུ་ཕེབས་པ་སོགས་ཤིན་ཏུ་མང་པོ་བྱུང་ཡོད་པ་ཆོས་འབྱུང་ཁག་ལ་རྒྱུས་མངའ་ཡོད་ན་ཤིན་ཏུ་གསལ་ལོ། །

དེ་ལྟར་སྒར་ཆེན་འཛམ་གླིང་རྒྱན་གྱི་བར་སྐབས་ཤིག་ལ་ས་དགེ་བཀའ་རྙིང་དག་ལས་བསྡུས་གྲྭ་སྦྱོང་བའི་དུས་ཡུན་ཆེས་རིང་བ་ནི་བཀའ་བརྒྱུད་པ་ཡིན་པར་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རྣམ་ཐར་དུ་གསལ་ཏེ་ཁོང་གི་རང་རྣམ་ལས། འུ་གུ་ཚང་གི་བསྡུས་གྲྭ་འདི་ལ་ནི།།

མགོ་མཇུག་མེད་དེ་མི་ཚེ་འདི་རང་རེད།།གྲྭ་ཚང་བསྡད་ནས་མི་ལོ་ཉི་ཤུ་ཙམ།། སོང་བ་ཚོས་ཀྱང་ད་རུང་བསྡུས་གྲྭ་རེད།། ཅེས་དང་། ས་དགེ་རྣམས་ནི་བསྡུས་གྲྭ་ལོ་གསུམ་བསླབ།།རྟགས་གསལ་འབྱེད་ནས་གཞུང་ལ་འཇུག་པ་ཡིན།། ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་༧གྲུབ་ཐོབ་ཨུ་རྒྱན་པ་དང་༧མཁས་གྲུབ་ཀརྨ་ཆགས་མེད་སོགས་བཀའ་བརྒྱུད་པའི་གྲུབ་ཆེན་དག་ནི་དེང་གི་ཆར་མང་ཤོས་ཀྱིས་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཞིག་ལ་ངོས་འཛིན་བྱེད་པ་ལས་བསྡུས་རྟགས་ནས་བརྩམས་ཏེ་མདོ་སྔགས་ཀྱི་གཞུང་ཆེན་དག་ལ་སྦྱངས་པ་བྱས་པར་མི་འཛིན་མོད། འོན་ཀྱང་༧གྲུབ་ཐོབ་ཨུ་རྒྱན་པ་ནི་སྡེ་བདུན་དང་མངོན་པ་གོང་འོག་སོགས་མདོ་སྔགས་ཡོངས་ལ་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་ཟླ་མེད་ཡིན་པ་དང་།༧མཁས་གྲུབ་ཀརྨ་ཆགས་མེད་ནི་བསྡུས་གྲྭ་ནས་བརྩམས་པའི་མདོ་སྔགས་ཡོངས་ལ་མཁས་པ་ཡིན་པར་མ་ཟད་ལྷག་པར་དུ་རྩོད་པའི་རིགས་པ་ལ་ཤིན་ཏུ་བྱང་ཆུབ་པ་ཞིག་ཡིན་ཏེ།ཁོང་གི་རང་རྣམ་ལས། བདག་ཀྱང་བསྡུས་གྲྭ་རྐང་ཁྱབ་སོར་བཞག་ལ།།སུ་ལ་ཡིན་ཀྱང་འཁོར་གསུམ་འགྲོ་སྙམ་དང་།། ཚུར་ལ་བཏང་ཡང་ལན་ནི་ཐེབས་སྙམ་ཡོད།།ཅེས་དང་། མཚན་ཉིད་དགེ་བཤེས་སུ་དང་མཇལ་བ་ལ།། བགྲོ་གླེང་ཐལ་སྐོར་འགའ་རེ་འབྲེལ་བ་བཞག།མཚན་ཉིད་མིན་ཡང་ཡོན་ཏན་གང་ཆེ་ལ།། རྩོད་རིགས་འདྲ་བའི་རྒོལ་འབོད་ཁོ་ན་བྱས།། ཡོན་ཏན་ཆེ་བ་རྣམས་ནི་ཐུགས་དགྱེས་མགུ།།ཡོན་ཏན་མེད་པ་ལ་ལས་ཁྲོ་ཚུལ་ནི།། རྩོད་རིགས་ལ་ནི་འབྲེལ་བ་བཞག་ཚུལ་ཡིན།། ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་།སྐལ་ལྡན་གྱི་བུ་སློབ་མང་པོས་གར་དབང་ཆོས་ཀྱི་ཕྱུག་དབང་གི་བསྡུས་གྲྭའི་སྡོམ་ཚིག་བློར་བཟུང་བས་རིག་པའི་སྒོ་འཕྲལ་དུ་ཕྱེ་ཞེས་༧མཁས་གྲུབ་ཀརྨ་ཆགས་མེད་དང་༧སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་སོགས་ཡིད་རྟོན་བྱེད་འོས་པའི་སྐྱེས་ཆེན་དམ་པ་དག་གིས་གསུངས་ཡོད།དེ་ཡང་༧མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཚད་མའི་ཕྱོགས་མཐུན་བསྟན་བཅོས་བསྡུས་གྲྭས་ནི།།རིག་པའི་སྒོ་ཕྱེ་མཁས་རྣམས་ཐུགས་དགྱེས་ཤིང་།། གང་ཡང་སྦོམ་པོར་མི་ལུས་བསྡར་ཤ་ཆོད།།མ་རྟོགས་པ་དང་ལོག་རྟོག་ཕྱོགས་གཏོགས་འཇོམས།། འཁྲུལ་མེད་གོ་བ་རྣམ་དག་བསྐྱེད་པའི་ཕྱིར།། མིག་དང་འདྲ་བར་བདག་གིས་གོ་བ་རྙེད།། ཅེས་གསུངས་ཤིང་། ༧སི་ཏུ་པཎ་ཆེན་མཆོག་གིས། རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའི་ཐུན་མོང་བསྡུས་གྲྭའི་སྡོམ་ཚིག་བློར་བཟུང་བས་ཐད་ཀའི་གོ་བ་འཕྲལ་དུ་ཤར་བར་དཀའ་ཚེགས་མ་བྱུང་།ཞེས་གསུངས་སོ། །

སྐབས་དེ་དུས་ཀུན་གཟིགས་ཞྭ་དམར་པའི་བསྡུས་གཞུང་ཡོད་པར་མ་ཟད་སྒར་ཆེན་དུ་བཞུགས་པའི་མཁས་པ་གཞན་དག་གིས་བརྩམས་པའི་བསྡུས་གཞུང་གཞན་ཡང་ཡོད་པ་ལོ་རྒྱུས་སུ་གསལ།དེ་བས་བཀའ་བརྒྱུད་པས་བསྡུས་གྲྭ་འཆད་ཉན་བྱེད་པ་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བར་སྨྲ་བ་དག་ནི་བཀའ་བརྒྱུད་པའི་སྲོལ་རྒྱུན་གྱི་འཆད་ཉན་ལ་ཆ་རྒྱུས་ཅི་ཡང་མེད་པའི་འོལ་ཚོད་ཀྱི་ཧམ་བཤད་ཁོ་ན་ཡིན་པ་ཤེས་པར་བྱོས་ཤིག

འོན་ཀྱང་ཤིན་ཏུ་ཕངས་པ་ཞིག་ལ་སྤྱི་ལོ༡༦༤༢ལོ་སྟེ་རྒྱལ་དབང་ལྔ་པའི་དུས་སུ་སོག་མང་འབོལ་ཆེན་བོད་དུ་དྲངས་ནས་བོད་མི་འབུམ་ཕྲག་མང་པོའི་སྙིང་རྩ་ཁད་དུ་བཅད་ནས་ཁྲག་གི་འཁོར་ལོ་བསྐོར་ཏེ་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ཡང་སོག་དམག་གི་རྟ་ཡི་རྨིས་རྗེས་ཀྱིས་ཁེབས་པའི་ཁྲག་དམར་གྱི་ཐང་ཆེན་ཞིག་ཏུ་བསྒྱུར།དེར་མ་ཟད་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་འབོད་པའི་ལྷ་ཡུལ་དུ་བཀའ་བརྒྱུད་པ་དང་ཇོ་ནང་པ་ཞེས་པའི་མིང་ཙམ་ཡང་ཡོད་མི་ཆོག་པས་གཞུང་ལུགས་མང་པོ་མེར་བསྲེགས་ཤིང་ཆུ་ལ་བསྐུར།ད་དུང་མང་པོ་ཞིག་ཀོ་ཐུམ་བརྒྱབ་ཏེ་གཏན་ནས་ལྟ་ཀློག་བྱེད་མི་ཆོག་པར་བྱས་ནས་གསུང་རབ་ཀྱི་གཞུང་ལུགས་དག་ཚེ་བཙོན་བྱས་པ་སོགས་ཀྱི་རྒྱུ་རྐྱེན་དག་གིས་ལོ་མང་པོའི་རིང་དུ་བཀའ་བརྒྱུད་པའི་གཞུང་ལུགས་ཀྱི་འཆད་ཉན་རྒྱུན་ཆད་པར་གྱུར།

དེ་ལྟར་བཀའ་བརྒྱུད་པའི་འཆད་ཉན་ནི་ལོ་ངོ་སུམ་བརྒྱ་ཡས་མས་ལ་ཉམ་དམས་སུ་སོང་རུང་།དུས་ཕྱིས་སུ་༧རྒྱལ་བས་ཡང་ཡང་ལུང་དུ་བསྟན་པའི་རྒྱལ་ཀུན་ཕྲིན་ལས་ཀྱི་རང་གཟུགས་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཆེན་མོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་མཁའ་ཁྱབ་དབང་གི་རྡོ་རྗེའི་བཀའ་དྲིན་ལ་བརྟེན་ནས་པོ་ཏ་ལ་དང་ནོར་བུ་གླིང་ག

འབྲས་སྤུངས་དཔེ་མཛོད་སོགས་སུ་ཡོད་པའི་ཀོ་ཐུམ་བརྒྱབ་པའི་དཔེ་རྙིང་དག་བདག་པོའི་ལག་ཏུ་སོན་པ་ནས་བཟུང་ད་ལྟའི་བར་དུ་པར་སྐྲུན་བྱས་དང་བྱེད་བཞིན་མཆིས།གཞན་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་གསུམ་འཚོགས་ཡོད་ཅིང་།༢༠༡༢ལོར་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་སླར་གསོ་གནང་སྟེ་སྔོན་ཆད་ཀྱི་སྒར་ཁྲིམས་དང་ཕྱག་བཞེས་ལྟར་ལེགས་བཅོས་མཛད།སྨོན་ལམ་འཚོགས་པའི་ཚུལ་ནི་དམ་ཆོས་འདུལ་བའི་ཕྱག་བཞེས་དང་སྔར་ཡོད་སྒར་ཁྲིམས་ལས་ཅུང་ཟད་ཙམ་ཡང་ཡོལ་དུ་མི་འཇུག་པས་མཇལ་བ་ཙམ་གྱིས་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་ངང་ཚུལ་ལས་ཅི་ཡང་མེད་ཅེས་གཟུར་གནས་བློ་ལྡན་དག་གིས་གསུངས་པའི་ཚད་དུ་ཡོད། སྨོན་ལམ་སྔ་གཞུག་ཏུ་ལོ་ལྟར་འཚོགས་པའི་བཀའ་བརྒྱུད་དགུན་ཆོས་ཐོག་ནས་བསྡུས་གྲྭ་དང་བློ་རྟགས་ནས་བཟུང་སྟེ་མདོ་སྔགས་ཀྱི་གཞུང་ལུགས་ཆེ་ཕྲ་ཀུན་ལ་འཆད་རྩོད་རྩོམ་གསུམ་གྱིས་འཇུག་པར་བྱེད་ཅིང་།ད་ལོ་བཀའ་བརྒྱུད་དགུན་ཆོས་ཐེངས་བཅུ་དགུ་པ་ལེགས་པར་གྲུབ་ཏེ་བཀའ་བརྒྱུད་པའི་འཆད་ཉན་ཇེ་ལེགས་སུ་ཕྱིན།

གཞན་ཡང་བོད་ཀྱི་ལོ་རྒྱུས་སུ་བྲིས་པའི་དབུ་ཁྱུད་གསར་པ་ཞིག་སྟེ་༢༠༡༤ལོ་ནས་དབུ་བརྩམས་ཏེ་བཀའ་བརྒྱུད་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་དང་པོ་འཚོགས་ཤིང་དགུན་ཆོས་དེ་ནི་བོད་བརྒྱུད་ནང་བསྟན་གྱི་བཙུན་མའི་དགུན་ཆོས་དམིགས་བསལ་བ་ཞིག་ཆགས་ཡོད་པར་སྣང་།༧རྒྱལ་དབང་ཀརྨ་པ་མཆོག་གིས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱེད་པར་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་རིགས་པའི་ལམ་ལ་ཤིན་ཏུ་གཙིགས་ཆེན་པོ་གནང་བ་མ་ཟད་ཁོང་གིས་༧ཀུན་གཟིགས་ཞྭ་དམར་གྱི་བསྡུས་གྲྭའི་རྩ་ཚིག་གི་འགྲེལ་བ་འཇམ་དབྱངས་བཞད་པའི་འཛུམ་ཟེར་ཞེས་བྱ་བ་མཛད།དེ་བས་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་ཀྱང་༧རྒྱལ་དབང་ཀརྨ་པས་རིགས་ལམ་གཙོར་བྱས་ཐོས་བསམ་ལ་འབད་པ་ཆེན་པོ་གནང་བཞིན་ཡོད་པས་ཤིན་ཏུ་ལེགས་ཞེས་བསྟོད་པའི་མེ་ཏོག་ལན་མང་གཏོར།དེང་གི་ཆར་རྒྱ་བོད་ཀྱི་བཀའ་བསྟན་འགྱུར་དག་ལ་དཔེ་བསྡུར་གནང་སྟེ་གྲུབ་མཐའི་རྣམ་གཞག་ཅིག་མཛད་པ་འགྲུབ་ལ་ཉེ་བར་ཡོད་པ་དང་རིམ་བཞིན་གཞུང་ཆེན་ལྔ་ཡི་འགྲེལ་བ་ཡོད་པར་འགྱུར་ཞེས་པའི་གཏམ་བཟང་ཐོས།གཞན་ཡང་བོད་ཀྱི་བཀའ་འགྱུར་དུ་མི་བཞུགས་ཤིང་རྒྱ་ཡི་བཀའ་འགྱུར་ནང་ཞུགས་པའི་མདོ་ཚན་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་དང་སྒྱུར་བཞིན་མཆིས་ཞེས་པའི་ལྷ་ཡི་རྔ་སྒྲ་ཡང་ལྷང་ལྷང་དུ་གྲགས།

བཙུན་པ་དང་བཙུན་མའི་དགུན་ཆོས་འཚོགས་སྐབས་སུ་བསྡུས་གྲྭ་དང་བློ་རྟགས་ཚད་མའི་གཞུང་ལུགས་ལ་འཆད་ཉན་ཤུགས་ཆེན་བྱེད་དུ་འཇུག་གིན་ཡོད་ཅིང་།དེ་དང་ལྷན་དུ་དབུ་ཕར་མཛོད་འདུལ་བཅས་ཀྱི་བགྲོ་གླེང་རེས་མོས་སུ་འཚོགས་ཤིང་ཉེ་བའི་ལོ་གཉིས་ཀྱི་རིང་དུ་༧ཆོས་རྗེ་སྒམ་པོ་པའི་ལམ་རིམ་དམ་ཆོས་ཐར་རྒྱན་གྱི་བགྲོ་གླེང་འཚོགས་པ་དང་།དེ་བཞིན་དུ་གངས་ཅན་བོད་ཀྱི་ཡུལ་ནས་ཀྱང་དགུན་ཆོས་ལོ་ལྟར་འཚོག་བཞིན་ཡོད་ཅིང་བཀའ་བརྒྱུད་ཕར་ཕྱིན་རབ་འབྱམས་པ་སོགས་ཀྱི་ཚུལ་ནི་སྔར་བཤད་ཟིན་པ་ལྟར་ལགས་ཤིང་ད་ལོ་ཡང་དབུ་ཚད་ཀྱི་རབས་འབྱམས་པ་ཡང་འབྱུང་ལ་ཉེ་བ་ཡིན།དེ་ལྟ་བས་ན་དེང་གི་ཆ་ལ་བཀའ་བརྒྱུད་པའི་ལུང་རྟོགས་ཀྱི་བསྟན་པ་དང་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་ཕྲིན་ལས་ནི་ཤར་ཆེན་གྱི་ཉི་མ་བཞིན་དུ་གཡའ་དག་པའི་དགུང་སྔོན་དབྱིངས་སུ་འཕག་གིན་ཡོད་པ་ཡིན་ནོ། །

དེ་བས་རྣམ་ཐར་དང་ལོ་རྒྱུས་འདི་དག་ལ་མཐོང་ཐོས་ཅུང་ཟད་ཀྱང་མེད་པའི་མི་ཤེས་པ་འགའ་རེས་བཀའ་བརྒྱུད་པ་ལ་བསྡུས་གྲྭ་འཆད་ཉན་བྱེད་པའི་སྲོལ་མེད་པར་སྨྲ་བ་དང་། བཀའ་བརྒྱུད་པས་བསྡུས་གྲྭ་ལ་འཆད་ཉན་བྱེད་པ་ནི་༧དགྱེས་མཛད་མར་པ་ཡབ་སྲས་དང་ཕྱག་རྒྱ་ཆེན་མོ་རིང་དུ་དོར་བར་འཛིན་པ་དག་ནི་མ་རིག་པ་ཤིན་ཏུ་མཐུག་པའི་ངན་འཚང་བསྟན་པ་ལས་གཞན་ཅི་ཡང་མ་ཡིན་ནོ།། གཞན་ཡང་མཁས་པ་ཆེན་པོ་འགའ་རེས་ཀྱང་པཎ་ཊི་ཏ་མཉམ་པར་བཞག་པའི་ངང་ཚུལ་སྟོན་པ་ཡང་ཤིན་ཏུ་གསལ་ལོ།།

ལྷག་པར་དུ་དེང་སང་བསྡུས་གྲྭའི་རིགས་ལམ་དང་བྱེད་ནུས་བྲོ་བ་སོགས་གང་ཡང་མྱངས་མེད་ཅིང་མཐའ་ན་བསྡུས་གྲྭའི་གཞུང་ལུགས་ལ་དཔེ་ཀློག་ཙམ་ཡང་བྱེད་མ་མྱོང་བ་མ་ཟད།བཀའ་བརྒྱུད་དམ་པ་གོང་མ་དག་གི་རྣམ་ཐར་དང་ཆོས་འབྱུང་དག་ཀྱང་མཇལ་མྱོང་མེད་པའི་བཀའ་བརྒྱུད་པའི་མཁན་མིང་འཛིན་པ་འགའ་རེས་གཞན་གྱི་གཡམ་ཁོ་ན་ལ་བརྒྱུགས་ཏེ་བསྡུས་གྲྭ་མི་དགོས་ཟེར་བ་དང་བསྡུས་གྲྭ་ནི་གཞུང་ལུགས་ཀྱི་གོ་བ་སྒྲིབ་བྱེད་དུ་སྨྲ་བ་དང་།བཀའ་བརྒྱུད་པས་བསྡུས་གྲྭ་སྦྱོང་བ་ནི་དྭགས་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་ལ་ལྷད་བཅུག་པ་ཡིན་ཟེར་བ་སོགས་མ་བརྟགས་ཉམས་དགར་སྨྲ་བ་དག་ནི་བཀའ་བརྒྱུད་པའི་འཆད་ཉན་ཕྱག་བཞེས་ཀྱི་རྒྱུན་དང་ལམ་ལུགས་སྲོལ་ཇི་ལྟར་ཡིན་མ་ཤེས་པ་དང་།བསྡུས་གྲྭའི་གཞུང་དོན་ལྟ་ཅི་ཐ་ན་བསྡུས་གྲྭ་ཞེས་པའི་མིང་ཙམ་ལ་ཡང་གོ་བ་མ་རྙེད་པའི་རང་གི་ནང་འཚང་རུལ་མྱགས་ཤིན་ཏུ་མི་སྡུག་པ་དེ་ཉིད་རྗེན་པར་སྟོན་པ་ཡིན་པས་ཤིན་ཏུ་བག་ཡོད་པར་གྱིས་ཤིག་ཨང་།ཁྱེད་ཅག་ལྟ་བུ་ལ་ཡང་བཀའ་བརྒྱུད་པའི་མཁན་པོ་ཡིན་པར་སྨྲ་བ་ཐོས་པ་ཙམ་གྱིས་བཀའ་བརྒྱུད་པ་མང་པོ་ཞིག་ཧ་ཅང་ཁ་སྐྱིངས་ནས་བཞིན་རས་སྤྲེའུའི་རྐུབ་ལྟར་དམར་ལམ་མེར་འགྱུར་གྱིན་འདུག་པས།བསྡུས་གྲྭ་འཆད་ཉན་བྱེད་དུ་བཅུག་ན་རང་གི་བུ་སློབ་རིགས་ལམ་གྱི་རྩལ་རྫོགས་ནས་རང་ཉིད་རྩོད་པས་ཕམ་པར་བྱེད་པའི་དོགས་པ་ཡིན་ན་མ་གཏོགས་མཐར་ལྷུང་གི་ངན་འཚང་དེ་དག་རིང་དུ་དོར་ཅིག་ཨང་། ཡིན་ན་ཡང་བསྡུས་གྲྭ་གཅིག་པུ་ལ་ཞེན་པ་ཆེ་དྲགས་ཤིང་གཞུང་ཆེན་དག་གི་དོན་རྣམས་གཙོ་ཆེར་མ་བཟུང་ན་ཤིན་ཏུ་ནོར་བ་ཡིན་པ་སྔར་བྲིས་པ་བཞིན་ཡིན་པས། སུམ་རྟགས་དག་གསུམ་བསྡུས་རྟགས་བློ་གསུམ་གཞུང་ཆེན་པོད་ལྔ་དང་རྒྱུད་སྡེ་ཁག་བཞི་སོགས་ནི་རྐས་ཀྱི་གདང་བུ་བཞིན་དུ་བལྟ་དགོས་ཤིང་།རིག་གཞུང་དེ་དག་ཐམས་ཅད་རང་རང་གི་སློབ་སྐབས་སུ་གཙིགས་ཆེན་དུ་འཛིན་ནས་ཤེས་པར་བྱས་ཏེ་གཞུང་བྱེ་བྲག་པ་གཅིག་ཁོ་ན་ལ་མི་གནས་པར་རྐས་ཀྱི་གདང་བུ་རིམ་བགྲོད་ཀྱིས་ཁང་པའི་ཐོག་ཏུ་བསླེབ་པར་བྱ་དགོས་པ་བཞིན་དུ།དེ་དག་སྦྱོང་བའི་དགོས་དོན་རྣམས་སོ་སོར་མ་འདྲེས་པར་ཤེས་པར་བྱས་ཏེ་སློབ་གཉེར་ཡང་དེ་བཞིན་དུ་མ་འདྲེས་པར་བྱེད་པ་ནི་ཤིན་ཏུ་གལ་ཆེན་ཡིན་ནོ།།

མདོར་ན།བར་སྐབས་ཤིག་ལ་བཀའ་བརྒྱུད་པས་ཆོས་བརྒྱུད་གཞན་གྱི་གཞུང་ལུགས་འཆད་ཉན་བྱེད་པ་ལས་རང་གཞུང་དག་རྒྱ་ཆེར་མེད་པར་གྱུར་ཅིང་།སྔོན་བྱོན་མར་མི་ཡབ་སྲས་ཀྱི་སྐབས་སུ་ཚེ་འདིར་སྒོམ་པ་གཙོ་ཆེར་གནང་བ་སོགས་ཀྱི་རྣམ་ཐར་དག་གིས་དེང་སང་མང་པོ་ཞིག་གིས་བཀའ་བརྒྱུད་པ་ཞེས་པ་ནི་བསྡུས་རྟགས་སྦྱོང་བ་ལྟ་ཅི།མཐའ་ན་གཞུང་ཆེན་པོད་ལྔ་ལ་ཡང་ཐོས་བསམ་བྱེད་མི་དགོས་པའམ་མི་བྱེད་པའི་རི་ཁྲིད་པ་ཞིག་ཏུ་འཛིན་པ་དང་།༧རྗེ་བཙུན་མི་རས་པ་ཡང་ཐོས་བསམ་མ་བྱས་པར་སྒོམ་པ་ཁོ་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་འདོད་པའི་ལོག་པར་རྟོག་པ་ཤིན་ཏུ་མང་པོ་བྱུང་ཡོད་ཅིང་།སྙོམ་ལས་ཆེ་བ་འགའ་རེས་ཐོས་བསམ་བྱེད་པར་འགོག་པའི་རྒྱུ་མཚན་དུ་ཡང་རྒྱུས་མེད་ཀྱི་འཆལ་གཏམ་དེ་དག་སྨྲ་བར་བྱེད་ཅིང་དུས་ཡུན་རིང་ཙམ་དུ་ཐོས་བསམ་བྱས་པ་དག་ལ་རྟོག་གེ་པ་ཞེས་འཕྱ་སྨོད་བྱེད་པ་དང་།ཐོས་པ་རྒྱ་ཆེ་ཡང་ཉམས་ལེན་ཁོག་དོགས་པའི་མི་བྱེ་བྲག་པ་རེ་གཉིས་མཚན་གཞིར་བཟུང་ནས་ཐོས་པ་རྒྱ་ཆེན་བྱེད་པ་ལ་སྐྱོན་དུ་སྨྲ་བའི་ལས་ངན་ཧ་ཅང་སེམས་མི་ཕོད་པ་གསོག་པར་བྱེད།དེ་བས་ལོག་རྟོག་དེ་དག་གཞོམ་པར་བྱ་བའི་ཕྱིར་དུ་ཁོང་ཅག་ལ་ཞལ་གདམས་ཚིགས་བཅད་རྐང་པ་འགའ་སྙིང་བརྩེ་བས་སྦྱིན་པར་འདོད། ༧སྲིད་པ་གསུམ་གྱི་མིག་གཅིག་པུ་མཉམ་མེད་ཐུབ་པའི་དབང་པོའི་ཞལ་ནས། ཐོས་པའི་རིན་ཆེན་བསྟེན་པར་བྱའོ། ། ཐོས་པས་ཆོག་མི་ཤེས་པར་བྱའོ། །ང་རྒྱལ་མེད་པའི་ཐོས་པ་བསྟེན་པར་བྱའོ། ། ཞེས་དང་། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན།།རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག ། ཅེས་དང་། རིག་པ་ནང་པར་འཆི་ཡང་སློབ། ། ཕྱི་མ་གཡར་པོ་ལེན་དང་མཚུངས་། །ཞེས་གསུངས་སོ། ། གཞན་ཡང་༧གངས་ཅན་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་རས་པའི་ཞལ་ནས།ཐོས་བསམ་སྤངས་པའི་ཕ་རོལ་ན། ། དགེ་བ་ཡོད་པ་ངས་མ་རྟོགས། །ཞེས་གསུངས་སོ། །

གཞན་ཡང་ཁོ་བོས་བྲིས་པ་འདི་དག་ཀྱང་བཀའ་བརྒྱུད་པའི་སྐྱེས་ཆེན་དག་གི་མཛད་པ་ཡིན་པས་དོན་མེད་མིན།ལོ་རྒྱུས་དང་རྣམ་ཐར་ཚད་ལྡན་དག་ལས་བྱུང་བ་ལྟར་བཀོད་པ་ལས་རང་བཟོ་མིན་པས་དོན་ལོག་མིན།ལོག་རྟོག་དེ་དག་གི་གཉེན་པོར་འགྲོ་ཞིང་དམ་པ་གོང་མ་དག་གི་རྣལ་ཐར་སྐྱོང་ཞིང་སྒྲུབ་པ་ལྷུར་ལེན་བྱ་ཕྱིར་ཡིན་པས་ངན་གཡོ་དང་ཐོས་རྩོད་ཁོ་ན་ལྷུར་ལེན་བྱེད་པ་ཡང་མིན་ནོ།།

དབེན་པར་ཟབ་མོའི་ལམ་ལ་མི་རྨོངས་ཤིང་།།

ཚོགས་ཀྱི་ནང་ན་མཁས་པ་དགའ་འགྱུར་བའི།།

རིགས་པ་སློབ་ཤིག་མི་ཡི་ལུས་རྟེན་ལ།།

ལུག་གི་གོ་འཕང་སྒྲུབ་པའི་རྩོལ་བ་སྤོངས།།

ཞེས་གར་དབང་ཆོས་ཀྱི་དབང་ཕྱུག་གི་ལེགས་བཤད་ཚིགས་སུ་བཅད་པ་འདི་ཡང་བར་སྐབས་ཀྱི་སྐྱེས་སུ་འབུལ་ལོ། །

འདི་དག་ཀྱང་སྔར་ལོ་སར་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བསྡུས་གྲྭ་འཆད་ཉན་བྱེད་པར་བཀའ་བཀྱོན་གནང་བའི་

གསུང་ཞིག་གང་སར་ཁྱབ་ཅིང་བཀའ་བརྒྱུད་པ་དང་དགེ་ལུགས་པ་འགའ་རེས་ཁོང་ཉིད་དགག་པའི་ཡིག་ངག་ཅི་རིགས་སྤེལ།ཡང་དེ་དག་ལ་རྙིང་མ་པ་འགའ་རེས་དགག་ལན་བྲིས་ནས་ཕན་ཚུན་བར་ལ་དགོས་མེད་ཀྱི་སྒྲོ་སྐུར་དང་ཆགས་སྡང་གི་ལས་ངན་མང་དུ་བསགས།དེ་དག་གིས་རྐྱེན་བྱས་ཏེ་བསྡུས་གྲྭ་ཞེས་པ་ནི་ཅི་ཞིག་ཡིན་མིན་ཙམ་ཡང་མི་ཤེས་པའི་རབ་བྱུང་པ་ལྟ་ཅི་མཐའ་ན་བུ་དང་ཆུང་མ་ཡོད་པའི་ཁྱིམ་པ་རྣམས་ཀྱིས་ཀྱང་བསྡུས་གྲྭ་འཆད་ཉན་བྱེད་པ་ནི་ཤིན་ཏུ་ནོར་བ་ཡིན་ཚུལ་དང་དམ་སེལ་ཡིན་ཚུལ་གྱི་ལོག་རྟོག་དང་ངན་སྨྲ་སྣ་ཚོགས་བྱུང་བར་བརྟེན།

དེ་དག་ཆོས་ཚུལ་ལ་རྨོངས་པའི་མ་རིག་པའི་དབང་གིས་ལས་ངན་ཅི་རིགས་ལ་མི་འཇུག་པར་བྱ་བའི་ཕྱིར་དུ་ཁོ་བོས་ཐུན་མོང་སྣང་ངོ་གཞིར་བཞག་ཏེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ནོར་བ་ཡིན་པར་སྣང་བ་དག་ལ་གསལ་བཤད་ཅུང་ཟད་བྱས་ཤིང་།དམ་པ་གོང་མ་རྣམས་ཀྱིས་བསྡུས་གྲྭའི་ཆེ་བ་གསུངས་པ་དང་བསྡུས་གཞུང་རང་གི་ངོ་བོ་སོགས་མཐོང་ཐོས་ཅུང་ཟད་ཡོད་པ་དག་བཀོད་ཡོད།རྩོད་པའི་དུས་སུ་འཁོན་དུ་མི་འཛིན་ཅིང་། ། རང་གི་འདོད་པ་གཙོ་བོར་བྱེད་པ་ལ། །ལྷག་པར་སྤྲོ་བ་སྤེལ་ལ་བྱ་དགས་མཆོད། ། ཇོ་བཟང་ཚོགས་པའི་ཡང་རྩེ་མཚན་ཉིད་པ།།ཞེས་གསུངས་པ་བཞིན་རང་གཞན་ཐམས་ཅད་ལ་སྤྲོ་བ་འཕེལ་བའི་སླད་དུ་རང་སེམས་ཆགས་སྡང་གི་ཕྱོགས་སུ་མི་འགྲོ་བར་ཧ་ཅང་འབད་ཅིང་བློ་གཟུ་བུར་གནས་པའི་སྒོ་ནས་རང་གི་ཁས་བླངས་ལ་གཟེངས་སུ་བསྟོད་ཅིང་གཞན་གྱི་ནོར་བ་དག་ནི་སྤང་བྱ་ཞིག་ཏུ་བཟུང་ནས་ཀློག་སྤྲོ་འཕེལ་བའི་ཚིག་རྩལ་སྣ་ཚོགས་བཀོལ་བ་ཡིན།དེའི་དབང་གིས་ཀློག་པ་པོ་རྣམས་ལ་ཆགས་སྡང་སོགས་སྐྱེས་པར་གྱུར་ན་བཟོད་གསོལ་ཞུ་བ་དང་སྦྲགས་ཏེ་གླིང་འདིའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་མོ་༧དཔལ་ལྡན་ཟླ་བ་གྲགས་པའི་ཞལ་གསུང་།གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་པའི་ཚིགས་སུ་བཅད་པ་འདི་ཡང་སྐྱེས་སུ་འབུལ་བར་འདོད་ཅིང་སྔར་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བསྟན་བཅོས་ནང་དུ་དགག་གཞག་ཇི་ལྟར་བྱས་ཡོད་མེད་དང་ཚིག་རྩལ་གང་དག་བཀོལ་ཡོད་མེད་སོགས་ལ་ལེགས་པར་བསམས་ཏེ་ཁོག་རྒྱ་ཡངས་མོར་བྱ་འོས་པ་ལས། ཐོས་བསམ་གང་ཡང་མ་བྱས་པའི་འཇིག་རྟེན་ཕོ་མོ་རྣམས་རང་གང་ལ་དགའ་བའི་མི་རྣམས་ཀྱི་འགྲོ་འཆག་ཉལ་འདུག་ཐམས་ཅད་ལ་དགའ་བར་འགྱུར་ཞིང་མཐའ་ན་ཁུ་ཆུ་དང་སྣ་ཆུ་ལ་ཡང་དགའ་འགྲོ་བའི་ཤེས་རབ་མེད་པའི་ངང་ཚུལ་གྱིས་ཅི་ཞིག་བྱ་ཨང་། དེ་བས་སྤྱི་པའི་གནད་དོན་ནི་དག་སྣང་ཁོ་ནས་བླང་དོར་བྱས་ན་མཐར་ལྷུང་གི་ལས་སུ་འགྱུར་བས་ཐུན་མོང་སྣང་ངོ་གཙོ་བོར་བྱས་ཏེ་ཆགས་སྡང་མེད་ཅིང་བློ་གཟུ་བོར་གནས་པའི་ལམ་ལ་འཇུག་ཐུབ་ན་འཛམ་གླིང་སྤྱི་དང་བོད་ཁམས་ཡོངས་ཀྱི་བསྟན་སྲིད་གཉིས་ཆར་ལ་ཕན་པ་ཤིན་ཏུ་ཆེའོ།།

ཞེས་པ་འདི་དག་ནི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་གྱི་ལོའི་ཆོས་འཁོར་ཟླ་བའི་གནམ་གང་ཉིན་དགེ་འདུན་པ་བརྒྱ་ཕྲག་དུ་མ་དབྱར་གནས་ཟླ་བ་ཕྱེད་གཉིས་ཀྱི་མཇུག་ལེགས་པར་གྲུབ་པའི་དགའ་སྟོན་ལ་རོལ་བཞིན་པའི་གུང་སེང་གི་དུས་ཚིགས་འདིར་ཡོངས་གྲགས་སུ་གྱིན་འདའ་པ་འདན་མ་དཀོན་མཆོག་ཚེ་རྒྱལ་ལམ་དྲྭ་མིང་མེ་ཞགས་སུ་ཞེས་སུ་འབོད་པ་དེས་སྔར་ལོ་སར་སྐབས་སུ་ཚན་པ་བཞི་བྲིས་ཤིང་ཕྱིས་སུ་རྩིས་འཕྲུལ་ལ་སྐྱོན་ཏོག་ཙམ་བྱུང་ནས་རྩོམ་འཕྲོར་ལུས་པ་དེ་ཉིད།མདོ་སྨད་ཀྱི་གཡུ་ལོ་བཀོད་པའི་གྲོང་ཁྱེར་ཁྲི་ཀ་ཞེས་གྲགས་པའི་ལྷོ་ཕྱོགས་རྨ་ཆུའི་འགྲམ་ངོགས་ན་ལྷུན་ཆགས་སུ་གནས་པའི་ཚུལ་མཐུན་གུ་ཡངས་ཀྱི་ཆོས་གྲྭ་མཐོ་ལས་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་གི་རང་ཤག་གཞལ་མེད་ཁང་བཟང་ནས་མཇུག་རྫོགས་པར་བྲིས་སོ།། ཐམས་ཅད་བློ་གཟུ་བོར་གནས་ཐུབ་པར་ཤོག