བླ་མ་གསེར་གླིང་བའི་འཁྲུངས་ཡུལ་གསེར་གླིང་ཞེས་པ་དེ་དེང་གི་ཡུལ་གྲུ་གང་ཞིག་ཡིན་ནམ།

64/545

ཧིན་རྡུ་ཉི་ཤི་ཡ་འདི་ནི་མཉམ་མེད་ཇོ་བོ་རྗེ་ཕེབས་སའི་གསེར་གླིང་ཞེས་པའི་ཡུལ་གྲུ་དེ་ཡིན་ནམ། གལ་ཏེ་ཡིན་ན་དེ་གར་སྔོན་ཞིག་ནས་ཐེག་ཆེན་གྱི་ཆོས་དར་བ་ཡིན་འདུག་པས། ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་ཐེག་པ་ཆུང་ངུའི་ཆོས་དར་ནས། དམིགས་བསལ་གསེར་གླིང་ཞེས་པའི་ཡུལ་གྲུ་འདིར་ཐེག་ཆེན་གྱི་ཆོས་དར་བ་རེད་དམ། མ་ཟད་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡང་གང་འཚམས་ཤིག་ཡོད་འདུག་པས། འདི་གའི་མི་རྒྱུད་དག་ལས་རྒྱ་གར་ནས་མཆེད་པའང་ཡོད་སྲིད། ལྷག་པར་ཡ་མཚར་བ་ཞིག་ལ། ནང་བསྟན་དར་བའི་རྩེ་མོར་སོན་སྐབས་ཤིག་ལ་གློ་བུར་དུ་ཉམས་དམས་སུ་སོང་བ་འདི་ཡང་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་པ་ཡིན་ནམ། གཤམ་དུ་རང་ཉིད་ཀྱིས་འདི་དག་གི་སྐོར་ལ་རྙེད་སོན་བྱུང་བ་དག་ཁ་བརྡའི་ཚུལ་དུ་གླེང་འདོད།
ཧིན་རྡུ་ཉི་ཤི་ཡའི་ཁོངས་ཀྱི་པ་ལིས་ཟེར་བའི་གླིང་ཕྲན་ཞིག་སྟེང་ཨ་ཀོན་ཟེར་བའི་རི་ཆེན་པོ་ཞིག་ཡོད། ས་གནས་ཀྱི་བཤད་ཚུལ་ལ་འཇིག་རྟེན་གྱི་དཀྱིལ་སྙིང་ཡིན་པར་བཤད་ཀྱི་ཡོད་པ་འདྲ། དེ་ལྟ་ན། འདི་ནི་ནང་བའི་རི་རབ་ཀྱི་བཤད་ཚུལ་ཞིག་མིན་ནམ་བསམ། ཡིན་ན་ཡང་རྒྱལ་ཁོངས་འདིར་རྒྱ་ནག་པ་འགའ་རེ་མ་གཏོགས་ནང་བའི་རྗེས་འཇུག་པ་ཡང་མང་པོ་ཡོད་ཚོད་མི་འདུག་པས། བཤད་ཚུལ་འདི་ཡང་དེ་སྔོན་ནང་བསྟན་དར་དུས་ཀྱི་བཤད་ཚུལ་བརྒྱུད་ཡོང་བ་ཞིག་ཡིན་སྲིད། རི་ཆེན་འདིའི་འདབས་ཀྱི་མང་ཚོགས་ཁྲོད་སྤྲེའུའི་རྒྱལ་པོ་དང་སྲིན་པོའི་རྒྱལ་པོའི་གཡུལ་འཐབ་ལྟ་བུ་ཞིག་ཀྱང་འཁྲབ་སྲོལ་ཡོད་པར་བལྟས་ན། གནའ་བོའི་དུས། ཧིན་རྡུའི་ཆོས་ཀྱང་དར་སྲོལ་ཆེན་པོ་ཡོད་པ་འདྲ། ནང་པའི་མཆོད་རྟེན་རྙིང་པ་ཞིག་ཡོད་པ་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་འགོར་ཡོད་པར་བཤད་པས། གློ་བུར་དམག་ཤུགས་ལྟ་བུ་ཞིག་སླེབས་ཏེ་ནང་བའི་ཆོས་ལུགས་བཅོམ་མེད་དམ་སྙམ།
དུས་རབས་ལྔ་བར་ཀྱ་ཝ་༿爪哇岛༾ གླིང་ཕྲན་སྟེང་ནང་པ་འགའ་རེ་བྱུང་ཞིང་། རྒྱའི་བཙུན་པ་ཧྥ་ཤན་གླིང་འདིར་སླེབས་དུས། ཧིན་རྡུའི་ཆོས་ལུགས་དར་སྲོལ་ཆེན་པོ་ཡོད་ཀྱང་ནང་བའི་ཆོས་ཀྱི་མགོ་འབུས་ཙམ་ཡིན་པར་བཤད། དེའི་རྗེས་ལོ་ངོ་ཉི་ཤུ་ལྷག་གི་ནང་གླིང་འདིའི་དགེ་སློང་ཞིག་གིས་ནང་པའི་ཆོས་དཔེ་ཡིག་བསྒྱུར་དང་། འཆད་སྤེལ་གནངས་པས་རིམ་པར་དར་རྒྱས་བྱུང་། དུས་རབས་བདུན་པར་སོ་མ་ཐི་ར་༿苏门答腊༾ ཞེས་པའི་གླིང་ཕྲན་སྟེང་ནང་བསྟན་དར་མགོ་བརྩམས་ཤིང་། ཕྱི་ལོ་དྲུག་བརྒྱ་དོན་གཅིག་ལོར་རྒྱའི་བཙུན་པ་དབྱི་ཅིང་ཟེར་བ་གླིང་འདིར་སླེབས་དུས། ནང་བསྟན་དར་རྒྱས་ཆེན་པོ་བྱུང་སྟེ་རྒྱ་གར་གྱི་ནཱལེནྡྲར་འགྲན་བཟོད་ཙམ་ཡོད་པར་གྲགས། མ་ཟད་ཁོང་ནས་གླིང་འདིའི་ཤར་རྒྱུད་ཅིག་ལ་ཟླ་བ་དྲུག་ཙམ་གྱི་རིང་སྒྲ་བསླབ་ཚུལ་ཁོང་གི་གསུང་ལ་འབྱུང་བར་བཤད། དུས་རབས་བདུན་པ་ནས་དུས་རབས་བཅུ་གཅིག་པའི་བར་གྱི་མི་ལོ་བཞི་བརྒྱའི་དུས་ཡུན་འདི་ནི་ཧིན་རྡུ་ཉི་ཞི་ཡར་ནང་བསྟན་དར་རྒྱས་ཆེ་བའི་སྐབས་ཤིག་ཡིན་འདུག །
དུས་རབས་བདུན་པར་ནཱལེནྡྲར་ཆོས་ཀྱི་སློབ་དཔོན་གནངས་པ་达摩普罗༼ དྷརྨ་པཱ་ལ་ཡིན་ནམ་བསམ།༽ ཟེར་བའི་དགེ་སློང་ཞིག་ནས་སོ་མ་ཐི་རར་དམ་ཆོས་ཁྱབ་སྤེལ་གནངས། འགའ་རེས་གསེར་གླིང་བར་ཆོས་སྐྱོང་ཞེས་ཀྱང་འབོད་སྲོལ་ཡོད་པ་འདྲ་ཞིག་བཤད་ཀྱིན་པར་བསམ་ན། གོང་གི་འདི་རང་གསེར་གླིང་བ་ཡིན་པར་བཞེད་ཀྱི་མེད་དམ་སྙམ་ཡང་། གསེར་གླིང་བ་ནི་ཇོ་བོ་ཆེན་པོའི་བླ་མ་ཡིན་པས་དུས་ཚིགས་ལ་བསམས་ཀྱང་གཏན་མི་འགྲིག །སྐབས་དེར་རྒྱལ་ཡོངས་ལ་གྲྭ་བཙུན་ཆིག་སྟོང་བརྒལ་བ་བྱུང་ཞིང་། དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ནས་ནང་པའི་གཙུག་ལག་ཁང་མང་པོ་བཞེངས་རྒྱུ་མགོ་བརྩམས་ཤིང་། ཀྱ་ཝ་གླིང་ཕྲན་ན་ཡོད་པའི་མིང་དུ་གྲགས་པའི་མཆོད་རྟེན། བྷུ་རོ་པུ་ཏོར་ཞེས་པ་ཡང་དུས་རབས་དགུ་བའི་ས་ལན་དྷ་ར་རྒྱལ་རབས་ཀྱི་སྐབས་མི་ལོ་བརྒྱད་ཅུ་ཡས་མས་ཤིག་ལ་བཞེངས་པས་གྲུབ། དེ་མིན་གསང་སྔགས་ཀྱི་བསྟན་པ་ཡང་སྐབས་དེ་ཤད་ཅིག་ལ་དར་བར་བཤད།
ཕྱི་ལོ་ཆིག་སྟོང་དྲུག་གི་ལོར་མེ་ལ་ཕེ་མེ་རི་འཕྱུར་ཏེ། མིང་གྲགས་ཅན་གྱི་བྷུ་རོ་པུ་ཏོར་མཆོད་རྟེན་དེ་མེ་རིའི་ཐལ་རྡུལ་འོག་ནས་མི་ལོ་བརྒྱད་བརྒྱ་ལྷག་ལ་ལུས། སྟབས་ལེགས་པ་ཞིག་ལ་རྐྱེན་ངན་པ་དེ་ག་གྲོགས་སུ་ཤར་ཏེ་དེའི་ཕྱིས་ཁ་ཆེ་ཆོས་ལུགས་ཀྱ་ཝ་གླིང་ཕྲན་ལ་དར་དུས་ཀྱི་ཆགས་འཇིག་ལ་གཡོལ་ཐུབ་ཙམ་བྱུང་ཡོད། ཡིན་ན་ཡང་དུས་མཚུངས་སུ་ཁ་ཆེ་ཆོས་ལུགས་ཀྱ་ཝ་གླིང་ཕྲན་ལ་དར་བ་ནས་བཟུང་སྟེ་དུས་རབས་བཅུ་དགུའི་བར། ནང་བསྟན་ཆོས་ལུགས་ལ་གྲག་འགུལ་མེད་པར་གྱུར། དེ་ནས་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅོ་ལྔ་ལོར་མི་རྣམས་ཀྱིས་བྷུ་རོ་པུ་ཏོར་མཆོད་རྟེན་དེ་སླར་ཡང་རྙེད་ཅིང་། ཆིག་སྟོང་དགུ་བརྒྱ་ཐིག་གཉིས་ལོར་ཞིག་གསོ་དང་བསྐྱར་བཞེངས་ཀྱི་འགོ་བརྩམས་ཏེ། ཆིག་སྟོང་དགུ་བརྒྱ་བཅུ་གཅིག་ལོར་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་ཐུབ་པ་བྱུང་། དེ་ནས་བརྩམས་ཏེ་ཧིན་རྡུ་ཉི་ཞི་ཡའི་ནང་བསྟན་བསྐྱར་དར་གྱི་འགོ་བརྩམས་ཤིང་། དེང་སྐབས་རྒྱལ་ཡོངས་ལ་ནང་བའི་རྗེས་འཇུག་ས་ཡ་ལྔ་ཙམ་དང་གྲོང་ཁྱེར་ཁག་གི་ནང་བའི་ཆོས་ཚོགས་ཀྱང་བཅུ་ཕྲག་ཁ་ཤས་ཤིག་ཚུགས་ཡོད་པར་བཤད།
སྐབས་འདིར་གླེང་དགོས་པ་ཞིག་ལ་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་རྒྱལ་ཁོངས་འདིར་རྒྱ་ནག་པ་དམར་གསོད་ཀྱི་ལས་འགུལ་དྲག་པོ་ཞིག་ལངས་ཏེ། རྒྱའི་སྐད་ཡིག་བེད་སྤྱོད་དང་རྒྱ་མི་གནས་སྡོད་ལ་ངོ་རྒོལ་ཤུགས་ཆེན་བྱས། གཅིག་བྱས་ན་འདི་ནི་གཡོ་ཅན་སྐོར་ཞིག་གི་གཡོ་ཇུས་དང་ཧམ་སེམས་ལམ་དུ་མ་སོང་བར། མཐའ་མ་མི་སེར་རྣམས་མེ་ནང་དུ་གཡུགས་པ་ཞིག་ཡིན་པར་སྣང་། རྒྱ་ནག་པ་ཧིན་རྡུ་ཉི་ཞི་ཡར་གནས་སྡོད་དང་རྒྱ་བརྒྱུད་ནང་བསྟན་གྱིས་ཧིན་རྡུ་ཉི་ཞི་ཡར་རྐང་འཛུགས་རྒྱུར་འགོག་རྐྱེན་བཟོས་པར། འགའ་རེས་ཐེག་ཆེན་གྱི་བསྟན་པ་དར་བར་འགོག་རྐྱེན་བཟོས་ཡོད་ཚུལ་རྗོད་ཀྱི་ཡོད་ཚོད་རེད་དེ། དེ་ནི་ཕྱོགས་གཅིག་གི་བསམ་ཚུལ་དང་ཞེ་འདོད་ཙམ་ཡིན་པར་སྣང་།
དེའི་རྗེས་ལོ་རབས་བདུན་ཅུའི་ནང་རྒྱ་ནག་པར་འགོག་རྒོལ་གྱི་སྲིད་ཇུས་ལ་འགྱུར་བ་བྱུང་སྟབས། ཆིག་སྟོང་དགུ་བརྒྱ་དོན་གཅིག་ལོར་ཐེ་ཝན་གྱི་སློབ་དཔོན་ཏུང་ཁྲོ་གདན་ཞུ་གནངས། ཏུང་ཁྲོ་༿ 东初法师༾ ཞུ་བ་ཁོང་ནི་ཐེ་ཝན་གྱི་རྒྱའི་བཙུན་པ་སྐད་གྲགས་ཅན་ཧྲིན་ཡན༿་圣严法师༾ དང་ཧེ་ཐོ་༿ 海涛法师༾ ཞེས་དེང་སྐབས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ནང་ཆོས་ཀྱི་མཛད་འཕྲིན་སྐྱོང་མཁན་སྙན་གྲགས་ཅན་ཞིག་ཡོད་པ་དེ་རྣམས་ཀྱི་སློབ་དཔོན་ཡིན་པ་འདྲ། ཆིག་སྟོང་དགུ་བརྒྱ་གྱ་བཞིའི་ལོར་སོ་མ་ཐི་ར་གླིང་ཕྲན་སྟེང་ཧིན་ཉིའི་ནང་བསྟན་སློབ་གྲྭ་བཙུགས་པར་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ། བརྒྱད་ཅུ་ལོར་ཡུང་ཝུའུ་དང་ཙུང་ཁའེ། ཏའོ་ལའེ་སོགས་ཐེ་ཝན་ནས་ཆོས་ཀྱི་སློབ་གཉེར་མཐར་ཕྱིན་ཏེ་ཕྱིར་ཧིན་ཉི་ལ་ལོག་རྗེས། ཆོས་ཚོགས་གསར་འཛུགས་དང་ཆོས་ཀྱི་ཆོ་ག་སྤེལ་བ། ཆོས་བཤད་གནངས་པ་སོགས་མཛད་པ་རླབས་ཆེན་བསྐྱངས།
དེ་ནས་དོ་སྣང་བྱེད་རི་བ་ཞིག་ལ། ཆིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་དྷརྨ་ཅེ་ཁ་ནང་བསྟན་སློབ་གྲྭ་ཟེར་བ་བཙུགས་ཏེ། རྒྱལ་ཡོངས་ནས་གྲྭ་བཙུན་བཅུ་ཕྲག་ཁ་ཤས་ཤིག་བསྡུས་ཏེ་མ་འོངས་པར་སྡེ་སྣོད་གསུམ་ཧིན་རྡུ་ཉི་ཞི་ཡའི་སྐད་དུ་བསྒྱུར་ཆེད་སློབ་སྦྱོང་སྤྲོད་ཀྱི་ཡོད་སྐད། དེ་ལྟ་ན་ཁོང་རྣམས་ནས་ལོ་ཙཱའི་ཆེད་སྦྱོང་གནངས་ནས་ཀྱང་མི་ལོ་སུམ་ཅུ་ལྷག་ཕྱིན་འདུག་པས། ཁོང་ཚོས་སྡེ་སྣོད་གསུམ་ཧིན་རྡུ་ཉི་ཞི་ཡའི་སྐད་ཀྱི་སྟེང་བསྒྱུར་ཡོད་མེད་དང་། སྐད་ཡིག་གང་གི་སྟེང་བཞུགས་པའི་བཀའ་བསྟན་གྱི་གཞུང་གང་ཞིག་བསྒྱུར་ཡོད་མེད་སོགས་ནི་ང་ཚོར་མཚོན་ན་ཤེས་འདོད་ཆེན་པོ་ཡོད་པ་ཞིག་ཅི་ལ་མིན། ལྷག་པར་ང་ཚོའི་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་བྱུང་ཡོད་མེད་དང་། བོད་ཀྱི་བསྟན་བཅོས་དག་ཧིན་ཉིའི་སྐད་ལ་འགྱུར་ཡོད་མེད་སོགས་ནི་ཅི་བས་ཤེས་འདོད་ཆེ་བ་ཞིག་ཡིན།
དེ་ནས་རྒྱ་བོད་གཉིས་ཀར་སྐད་གྲགས་ཆེན་པོ་ཡོད་པའི་སློབ་དཔོན། མཉམ་མེད་ཇོ་བོ་རྗེས་རང་གི་བླ་མའི་ནང་འགྲན་གྱི་དོ་མེད་དུ་འཛིན་པའི་བླ་མ་བྱང་སེམས་ཅན། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་བརྒྱུད་པ་ལས། ཀུ་ས་ལི་གཉིས་ཞེས་ཀུ་ས་ལི་ཆེ་ཆུང་གཉིས་ལས་ཀུ་ས་ལི་ཆུང་བའམ་བླ་མ་བྱམས་པའི་རྣལ་འབྱོར་བའི་སློབ་མ། གསེར་གླིང་བ་ཞེས་གྲགས་པ་དེའི་སྐོར་ཅུང་ཞིག་ཞུ་ན། ང་ཚོ་བོད་ཀྱི་བསྟན་བཅོས་གྲགས་ཆེ་བ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ནང་། ཁོང་གི་ལོ་རྒྱུས་ཉུང་བསྡུས་ཤིག་ཡོད་པ་དེ། དེང་སྐབས་རྒྱ་ནག་གི་བཙུན་པ་དག་གིས་ཀྱང་ཁོང་གི་ལོ་རྒྱུས་ཀྱི་སྐོར་ནས་ཁུངས་བཅོལ་ས་དང་ཤེས་རྟོགས་ཡོང་ས་གལ་ཆེན་ཞིག་ཏུ་གྱུར་སྣང་། བོད་ཀྱི་མཁས་པའི་ནང་གསེར་གླིང་ཞེས་པའི་ཡུལ་གྱི་ངོས་འཛིན་ལ་མི་མཐུན་པ་ཡོད་འདུག་ཀྱང་། ཧིན་རྡུ་ཉི་ཞི་ཡར་ངོས་འཛིན་པ་ལྟར་ཡིན་ནམ་བསམས་ཏེ། དེང་གི་མཁས་པ་མང་པོས་ཧིན་རྡུ་ཉི་ཞི་ཡ་ཡིན་མིན་ལ་དོགས་པ་མེད་པའི་ཁར། དེའི་ཁོངས་ལ་ཡོངས་གྲགས་སུ་སོ་མ་ཐི་ར་ཟེར་བའི་གླིང་ཕྲན་ཞིག་ཡོད་པར། གནའ་བོའི་རྒྱལ་ཕྲན་ཞིག་གི་རྒྱལ་སྲས་སུ་འཁྲུངས་ཚུལ་གཅིག་མཐུན་དུ་གླེང་བར་བྱེད། ངོ་མཚར་བ་ཞིག་ལ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ནང་། ཡུལ་དེ་ནི་གནས་ཆེན་ཉེར་བཞིའི་ནང་གི་སུ་ཝརྞ་དཱི་པ་ཞེས་པ་ཡིན་པར་བཤད་ཅིང་། མིང་གི་འབོད་སྟངས་འདི་ནི་དེང་སྐབས་ཀྱི་མིང་འདོགས་ལུགས་དེ་དང་ཡང་ཤིན་ཏུ་ཐག་ཉེ་བོ་འདུག ། དེར་བརྟེན་ཁོ་བོས་ནི་གསེར་གླིང་ཞེས་པ་ཡང་དེང་གི་ཧིན་རྡུ་ཉི་ཞི་ཡའི་ཁོངས་ལ་སོ་མ་ཐི་ར་ཞེས་པའི་གླིང་ཕྲན་ཞིག་ཡོད་པ་འདི་ག་རང་ཡིན་པར་འདོད་ཅིང་། སོ་མ་ཐི་ར་ཞེས་པའི་མིང་འདི་ཡང་སུ་ཝརྞ་དཱི་པ་ཞེས་པའི་ལེགས་སྦྱར་གྱི་མིང་འདི་དང་འབྲེལ་བ་ཞིག་མེད་དམ་བསམས་ཏེ། གང་ཡིན་ཟེར་ན། སོ་མ་ཐི་ར་གླིང་ཕྲན་འདིར་གནའ་བོའི་དུས་སུ། སུ་ཝརྞ་པུ་མེ་༿ 苏瓦纳布米༾ ཞེས་འབོད་ཅིང་། དེའི་དོན་ནི་གསེར་ཐོན་སའི་མངའ་རིས་ཞེས་པ་ཡིན་ཞེས་རྒྱའི་ཡི་གེ་ནང་འབྱུང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ནང་ཡུལ་དེ་ན་པདྨ་དང་ཨུདྤལ་སོགས་ཡོད་པར་བཤད་པས་ཀྱང་ཚ་བ་ཆེ་བའི་ཁུལ་ཡིན་པར་གོ་ནུས་ཤིང་། ཏག་ཏག་ཧིན་རྡུ་ཉི་ཞི་ཡ་འདི་ཡང་ཤིན་ཏུ་ཚ་བ་ཆེ་བའི་ཁུལ། ཡུལ་གྲུ་མཐའ་དབུས་མེད་པར་ཤིང་ནགས་སོགས་ཀྱིས་གཡོགས་ཤིང་། གཅན་གཟན་རི་དྭགས་འདྲ་མིན་མང་པོ་ཡོད་ལ། ས་བབ་དམའ་བས་ཡིན་ནམ་གང་སར་མེ་རི་ཡོད་པའི་རྒྱལ་ཁམས། གླིང་ཕྲན་ཆེ་ཆུང་ཁྲི་ཕྲག་གིས་གྲུབ་ཅིང་། དེང་སྐབས་ཡུལ་མི་མང་ཆེ་བ་ཁ་ཆེའི་ཆོས་ལུགས་ལ་དད་པའི་ཁ་ཆེའི་རྒྱལ་ཁམས་ཆེ་གྲས་ཤིག་ཏུ་ཆགས་ནས་ཡོད།
ཧིན་རྡུ་ཉི་ཞི་ཡའི་ནང་བསྟན་ཆགས་འཇིག་གི་སྐོར་ནས་བཤད་ན། དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ནས་ཁ་ཆེ་བའི་དམག་དཔུང་གིས་རྒྱ་གར་གྱི་ནུབ་བྱང་གི་ས་ཆ་ནས་བརྩམས་ཏེ་རིམ་གྱིས་རྒྱ་གར་ཡོངས་དབང་དུ་བསྡུས་འདུག་པ་དང་། དེ་དང་མཚུངས་པར་དུས་རབས་བཅུ་གསུམ་པར་རྒྱ་གར་ནུབ་ཕྱོགས་ཀྱི་གྷོ་ཇི་ར་ཐིའི་ཁ་ཆེའི་ཚོང་བ་རྣམས་ཧིན་རྡུ་ཉི་ཞི་ཡའི་སོ་མ་ཐི་ར་གླིང་ཕྲན་སྟེང་སླེབས་ཏེ། ཐོག་མར་སོ་མ་ཐི་རའི་བྱང་ཕྱོགས་ཁུལ་ལ་ཁ་ཆེའི་ཆོས་ལུགས་དར་ཞིང་། དུས་རབས་དེ་གའི་ནང་སོ་མ་ཐི་ར་གླིང་ཕྲན་འདིར་ཁ་ཆེ་བའི་རྒྱལ་ཁབ་ཀྱང་ཚུགས་ཡོད་པར་བཤད། དེའི་རྗེས་ནས་གླིང་ཕྲན་གཞན་དག་སྟེང་དར་རྒྱས་སུ་སོང་། གླིང་འདིར་ཁ་ཆེའི་ཆོས་འཕེལ་ཚུལ་སྐོར་ལ་མཁས་པ་རྣམས་ལ་བཞེད་པ་འདྲ་མིན་ཡོད་འདུག་ཅིང་། མང་པོའི་བཤད་སྟངས་ལྟར་ན། གླིང་འདིར་ཁ་ཆེའི་ཤན་ཤུགས་སླེབས་པ་དེ་ནི་ཕྱོགས་གཅིག་ཁོ་ནས་མ་ཡིན་པར། ཧིན་རྡུ་ཉི་ཞི་ཡའི་གླིང་འདི་མ་གཞི་ནས་མཚོ་ཐོག་གི་ཚོང་གི་ལྟེ་བར་འཁེལ་སྟབས། རྒྱ་གར་དང་རྒྱ་ནག །བྷང་ག་ལ་དང་ཨ་རབ་སོགས་ཕྱོགས་མང་གི་ཤན་ཤུགས་ཐེབས་པ་ཞིག་ཡིན་པར་བཤད་དོ༎

 

འགག་ལེགས་བཤད་ཀྱིས་༢༠༡༩ལོའི་ཕྱི་ཟླ་༤བར་བྲིས་སོ༎