བོད་ཡིག་དགེ་རྒན་རྣམས་ལ་བཤད་འདོད་པའི་སྐད་ཆ་གཅིག གསེར་ཁབ།

63/545

སྐད་ཡིག་འབྱུང་འཕེལ་གྱི་བརྒྱུད་རིམ་གླེང་དགོས་བྱུང་ན། དེ་ནི་སྤྱིར་བཏང་གི་གནད་དོན་ཞིག་ག་ལ་ཡིན་དུས་རབས་ཉེར་གཅིག་པ་ནི་ཚན་རིག་གི་དབྱར་མཚོ་རྒྱས་པའི་དུས་མཚམས་ཤིག་ཡིན་དུས། སྐད་ཡིག་ཆགས་འཇིགས་ཀྱི་དཀྱོགས་མཚམས་སྡུག་ཤོས་དེ་ཡིན་པ་ཚང་མས་ཤེས་གསལ་རེད། ཏག་ཏག་རེ་འདང་རེ་བྱས་ཡོང་དུས་ཞེ་ལ་ཐོགས་པའི་བསམ་བློའི་བློ་མིག་མི་འདུག དེ་རིང་སྐད་ཆའི་སྔོན་འགྲོ་ལྟར་ན་མཉམ་བོད་ཡིག་དགེ་རྒན་རྣམས་ལ་འཚམས་འདྲིའི་སྐད་ཆ་གཅིག་བཤད་པར་ཐལ།

དྲྭ་རྒྱའི་ཐོག་ནས་མདོ་དབུས་ཁམས་གསུམ་གྱི་སྨྱན་མང་ཁྲིད་ཆས་སམ་རྒྱུགས་གཞི་དེ་བཞིན་རྒྱུན་མཁོའི་ཤེས་བྱ་དག་ཕན་ཚུན་སློབ་སྦྱོང་དང་མྱོང་རྟོགས་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་དེང་སྐབས་བོད་ཡིག་དགེ་རྒན་ཁག་ཅིག་གི་རང་ཉིད་ཀྱིས་ལག་པ་འགུལ་ཙམ་ཡང་མ་བྱས་པར་རྒྱུཊ་གཞི་དང་སྨྱན་མང་ཁྲིད་ཆས་དེ་བཞིན་ཁྲིད་ཟིན་སོགས་དྲྭ་ཐོག་ནས་ཐད་ཀར་ཕབ་ལེན་བྱེད་པའམ་མི་གཞན་གྱི་ས་ནས་སློང་གང་ཐུབ་བྱེད་པ་ནི་དངོས་གནས་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད། ཙོང་ཁ་པས། ༼རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན།། ༽ ང་ཚོས་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱི་བློ་མིག་མེད་ཀྱང་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ལས་ལྡོག་སྟེ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཅེས་གནས་སྐབས་སྐྱུར་ཤོག ང་ཚོའི་ད་ལྟའི་གནས་བབས་ལ་བལྟས་ན། ཚིག་སྦྱོར་ཚུལ་ལ་མཁས་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད། དཔེར་ན། བདག་གིས་མིག་མཐོང་ལག་ཟིན་བྱུང་དང་བྱུང་བཞིན་པའམ་གྲོགས་པོ་མང་པོར་ཁ་བརྡ་བྱས་ནས་ཤེས་རྟོགས་ཐུབ་པ་ནི་བོད་ཡིག་སློབ་ཁྲིད་ཀྱི་ལས་ཀའི་འཆར་གཞི་དང་ཕྱོགས་བསྡོམས་ཤིག་ཀྱང་འབྲི་མ་ཐུབ་པའི་སྣང་ཚུལ་མང་སྟབས་བོད་སྐད་ཡིག་སློབ་ཁྲིད་བྱེད་པར་སེམས་ཁྲལ་ཆེན་པོ་ཡོང་གི་འདུག ད་དུང་གྲོང་ཁྱེར་ནང་གི་བོད་ཡིག་དགེ་རྒན་མང་ཆེ་བས་ད་ལྟ་ཁྲིད་ཟིན་རྒྱག་སྐབས་སོ་སོ་རང་ཉིད་ཀྱི་སློབ་མར་དམིགས་ནས་འབྲི་གི་མེད་ལ་དེ་ལས་ལྡོག་སྟེ་གཞན་གྱི་ཁྲིད་ཟིན་བཤུ་འབྲི་བྱས་ཏེ་ཐད་ཀར་རང་ཉིད་ཀྱི་སློབ་ཁྲིད་གར་སྟེགས་སྟེང་ཁྲིད་རྐྱང་དང་བཤད་རྐྱང་བྱེད་ཀྱི་ཡོད། ཀི་རེ་བཏབ་ནས་རི་ཀླུང་སྒྲོལ་ཚུལ་ནི་རྡོ་ལྕགས་གཙུབ་བརྡར་གྱི་ལམ་སྣེ་བགྲོད་ཕྱིར་མ་ཡིན་པར། མཐར་གཏུགས་ནས་བཤད་ན། བྲག་རི་གཡང་གཟར་གྱི་ལམ་བུ་འགྲིམ་པའི་ད་ལྟའི་བོད་རིགས་ཀྱི་སློབ་གསོ་རེད།

བོད་ཡིག་གི་སྨྱན་མང་ཁྲིད་ཆས་སམ་ཁྲིད་ཟིན་སོགས་ཐད་ཀར་དྲྭ་ཐོག་ནས་ཕབ་ལེན་བྱེད་ཡག་མང་དྲགས་ན། ཕྱིས་སུ་བོད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པས། ང་ཚོ་རང་ཉིད་ཀྱིས་ལག་པ་མང་ཙམ་འགུལ་ནས་བོད་ཡིག་སློབ་གསོའི་ནུས་པ་གོང་མཐོར་གཏོང་དགོས་འདུག དེང་སྐབས་མི་བུ་མང་ཆེ་བས་ཁྲིད་ཟིན་ཡང་དྲྭ་ཐོག་ནས་ཕབ་ལེན་བྱས་ཏེ་བཤུ་འབྲི་བྱེད་པ་ནི་སློབ་གསོ་སློབ་ཁྲིད་ཀྱི་སྐྱོ་གར་དངོས་དེ་ཡིན་པས། ཚང་མས་རང་རིགས་ཀྱི་སློབ་གསོའི་བྱ་གཞག་ཐད་འགན་འཁྲིའི་བསམ་བློ་དང་དུ་བླངས་ཏེ་འབད་དགོས། ཨ་ཅང་མི་བུ་རེ་རེ་ནས་འགོ་བརྩམས་ཏེ་ལས་གཞོལ་དགོས་འདུག

དོན་དངོས་ལ་འཇུག་དགོས་ན། ཤེལ་ལེབ་ནང་གི་མོག་མོག་ལྟ་བུའི་སྐད་ཆ་སྟོང་པར་མགོ་བོ་གཡེང་ནས་འདུག་པ་ལས་ཁ་ཡོད་ལག་ཡོད་ཀྱི་རྔོ་ཐོགས་པའི་ལས་རེ་བགྱིས་ན་དགའ་སྙམ། སྤྱིར་ད་ལྟ་བོད་ཀྱི་རོང་འབྲོག་མཐའ་ཁོབ་ས་ཆ་མང་ཆེ་བར་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ཧ་ཅང་ཞེན་སྟབས་བོད་ཡིག་དགེ་རྒན་གྱིས་རང་འགན་གནད་དུ་འཁུར་ནས་མི་གཞིས་ལེགས་པོ་སྐྱོང་བར་འབད་དགོས་འདུག སྐར་གྲངས་ཁོ་ནའི་འོག་འཐམ་འཁྱུད་བྱས་ནས་འཚོ་བ་ལས་དངོས་ཐོག་བདེན་འཚོལ་ལྟ་བུའི་མི་གཞིས་བཟོ་སྐྲུན་བྱས་ན་ལེགས་སྙམ། རྒྱུ་མཚན་ནི་ཤེས་རིག་གི་དམིགས་བྱ་བདེན་འཚོལ་མ་ཡིན་ནམ།