མཐོ་སྒང་གི་ཉི་མ་ནུབ་པའི་སྔ་ལྟས།

61/545

མཐོ་སྒང་གི་ཉི་མ་ནུབ་པའི་སྔ་ལྟས།

གཅིག

གནམ་གྱི་ཁྲི་ལས་མི་ཡུལ་དུ་བབས་པའི་རྒྱལ་པོ་དག་འདས་པའི་ཤུལ་དུ། ལྐོག་གྱུར་གྱི་ཡིད་ངོར་ལྷ་དང་ལྷ་མོའི་ཆ་བྱད་ཀྱི་བཙུན་མོ་དག་དགུང་དུ་གཤེགས་རྗེས།མཁས་མཛངས་གཉིས་ཀྱིས་ཕྱུག་པའི་བློན་ཆེན་དག་མི་ཡུལ་དང་གྱེས་པའི་རྗེས་སུ།ང་ཚོར་ལུས་པ་ནི་སྐྱོ་ངལ་དང་སྨྲེང་བ་ཡིན། སེམས་ཁྲལ་དང་མནར་གཅོད་ཡིན། མུ་མེད་ཀྱི་བྱང་ཐང་ནས།ཤ་དར་ཁྲག་དར་གྱི་སྤྱང་ཚོགས་དག་གིས་མདུན་ཕྱོགས་ཀྱི་ལམ་ཁ་བཀག་ཅིང་རྡུལ་འཚུབ་དཀྲིགས།དེ་དུས་སུ་མཁའ་དབྱིངས་ཀྱི་ཉི་ཟླ་ནི་མེས་པོ་དག་གི་དགུང་ན་ཡོད། ས་སྟེང་གི་རི་དྭགས་ནི་མེས་པོ་དག་གི་སྒོ་ཟོག་ཡིན། མི་ལོ་དུ་མ་ཞིག་གི་རྗེས་སུ། བཙན་པོ་དང་དཔའ་བོ་དག་བཀྲོངས་ཤུལ་དུ།མཁའ་དབྱིངས་ནི་རྫས་དུད་དང་འཕྲུལ་ཆས་ཀྱི་དུད་སྨུག་གིས་ཁེངས།གཏེར་ཁ་དང་ནོར་རྫས་བཙན་གྱིས་ཕྲོགས།རི་དྭགས་དང་སྒོ་ཕྱུགས་ལྕགས་དྲར་བཅུག རྩྭ་ཐང་དང་སྤང་ལྗོངས་ནི་རྣོ་སྐུད་ཀྱི་ར་བས་བསྐོར། གནས་དང་གནས་མ་ཡིན་པར་ཨར་འདམ་དང་གྲོང་ཚོ་དུ་མ་ཆགས། སྦྲ་ནག་གི་སྒོ་དར་ཕབས། གུར་ཆུང་གི་དར་ཁྲ་བཅད། གྲོང་ཁྱེར་གྱི་གྲུ་ཟུར་དུ་ཐལ་རླུང་དང་རྡུལ་འཚུབ་འགམས་ནས། ངོ་མི་ཤེས་ཤིང་སྐད་མི་གོ་བའི་མི་དག་ལ་འཛུམ་མདངས་དང་སོ་དཀར་སྟོན།ལོ་རེ་རེ་བཞིན་གངས་རི་ནི་ཉི་འོད་ཀྱི་ཚ་གདུག་ཁྲོད་ལུས་པའི་མར་རྡོག་བཞིན་རྒྱ་མཚོའི་ནང་དུ་ཞུ་བཞིན་མཆིས་ཤིང་།ལོ་རེ་རེ་བཞིན་རྩྭ་ཐང་གི་རྒྱ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་སྟེ་མཇུག་ཏུ་རྩྭ་ཐང་གི་ཟིན་ཐོ་དེ་ཙམ་ལས་གང་ཡང་མེད་པར་གྱུར་དང་འགྱུར་བཞིན་འདུག དེ་ཡི་སྟེང་དུ་གནས་པའི་སྐྱེ་དངོས་དང་རྩི་ཤིང་ནགས་ཚལ་དང་མེ་ཏོག་དག་བཙན་གྱིས་བཅད་ཅིང་གཏུབས་ནས་སྐུ་དྲག་དང་མི་དྲག་དག་གི་སྐྱེད་མོའི་ཚལ་དང་སྒེར་གྱི་ནགས་ཚལ་དུ་བཏབ་འདུག མཚོ་ཁྲུང་ཁྲུང་བུམ་པའི་མགྲིན་པ་ཅན་དང་སེར་གོས་ལྷུབ་ལྷུབ་གྱོན་པའི་ངང་ཆུང་དེ་ཚོ་རང་དབང་ལུང་པའི་ཕྱོགས་སུ་མཁའ་དབྱིངས་སུ་གཟུགས་རིས་དང་རི་མོ་སྣ་ཚོགས་བྲིས་ནས་འཕུར་སོང་། རྡོ་གཡའ་མས་རྐན་སྒྲ་རྡེབ་སའི་གྲང་ངར་དགུན་འཁྱག་གི་གནས་དང་། ཡུལ་དབྱར་གཞུང་གཡུ་འབྲུག་གིས་ངར་སྐད་སྒྲོག་དུས་ཁ་བ་ལྷབ་ལྷབ་ཏུ་འབབ་པའི་གནས་མཆོག་ཅིག་ནས་འབྲོང་དར་མས་ངུར་སྒྲ་སྒྲོག་བཞིན་ཁྱུ་དང་ཁྱུ་བྱས་ཏེ་ཞོགས་མྱོང་། དེ་ནི་ལོ་རྒྱུས་ཤིག་དང་གཏམ་རྒྱུད་ཅིག་ལས་ད་ལྟ་འབྲོང་ནི་སྐྱེ་བོ་ཀུན་གྱི་བློ་ངོར་ནས་ཡལ་ཟིན་འདུག་ཨང་།འབྲོང་ནི་མིའི་རིགས་ཀྱི་གཏུམ་སྤྱོད་དང་མིའི་རིགས་ཀྱི་འདོད་ཧམ་ལ་རྒྱང་བཀྱེད་ནས་འཇིག་རྟེན་འདིར་གསོན་མི་འདོད་པ་ཡིན། འཇིག་རྟེན་འདི་ནི། རྒྱལ་ཁབ་འདི་ནི། མི་རིགས་འདི་ནི། འཚོ་བ་འདི་ནི་ཇི་འདྲའི་གཉོམ་ཆུང་བ་ལ། འབྲོང་ནི་གཉོམ་ཆུང་དང་བཙན་གནོན་གྱི་གཤིས་རྒྱུད་ལ་ཐད་ཀར་རྒོལ་བ་གཏོང་མཁན་ཞིག་ཡིན།བཙན་པོ་དག་འཇིག་རྟེན་འདིར་འཚོ་དུས།དཔའ་བོ་དག་ས་སྟེང་འདིར་གསོན་དུས་འབྲོང་ནི་ཁོ་པ་ཅག་གི་རྩེད་གྲོགས་དང་དགོད་གྲོགས་ཡིན། སྤྲུགས་སྤྲུགས་ལན་གསུམ་བྱས་ནས་ཞོགས་སོང་།ཟེ་བ་ལྡེམ་ལྡེམ་གཡོ་བཞིན་ཞོགས་སོང་།སྒེར་སྡོམ་མཁན་དང་དྲག་གཅུན་པ་གང་རུང་ཞིག་གིས་གངས་རིའི་གཞུང་གི་སྐྱེ་འགྲོ་ཀུན་ལ་བཙན་གནོན་གྱི་ཁྲིམས་ལུགས་བསྒྲགས་ཀྱང་། གཉའ་གནོན་གྱི་ཁྲམ་བྱང་སྤྲད་ཟིན་པས་ད་ནི་ང་ཚོ་ལ་ཅི་ཞིག་ཡོད་དམ། དབུ་འཕངས་དགུང་དུ་མཐོ་བའི་བློ་སྤོབས་ཡོད་དམ། རུ་ཆེན་དག་གིས་རུ་མཚོན་དང་དམག་དཔུང་བསྒྲིགས་ཏེ་དར་ཁྲ་དཀར་གསུམ་ཁྲ་གསུམ་དགུང་དུ་འཕྱར་ནས་དཔའ་ངར་དང་སྙིང་སྟོབས་ཀྱིས་མདུན་དུ་བསྒྲོད་དུས། ཀི་འབོད་དང་སྭོ་སྒྲ་ཡིས་བར་སྣང་འགེང་བཞིན་མདུན་ཕྱོགས་ཀྱིས་ཐང་ཆེན་དམག་གིས་གླུམ་དུས་འུ་ཅག་ལ་མིག་ཟུར་གྱིས་ཀྱང་བལྟ་ཕོད་མཁན་སུ་ཞིག་ཡོད་དམ།རྟ་བྱང་མས་འགྲོས་བསྐོར་ཀྱི་ལི་ལི། རྒོད་ཐང་དཀར་གཤོག་སྒྲ་སི་ལི་ལི། དཔའ་བོ་དང་བཙན་པོ་དག་དགུང་དུ་གཤེགས་རྗེས་ཁྱོད་ནི་ཇི་འདྲའི་གཉོམ་ཆུང་བ་ལ། ཡར་ཀླུང་གི་ཆུ་མོ་དེ་བོད་ཀྱི་ལུང་པ་སོ་སོའི་གཙང་པོ་ནང་དུ་ཐིམས་པ་བཞིན་ཡར་ཀླུང་ཁོག་གི་དཔའ་བོ་དག་གི་སྙིང་སྟོབས་དང་ཁྲག་རྒྱུན་ཡང་ང་ཚོའི་ཀློང་དུ་ཅིའི་ཕྱིར་སིམ་མི་ཐུབ།

གཉིས།

ཆོས་སྲིད་གང་གི་ཐད་དུའང་འུ་ཅག་དང་བར་ཐག་ཉེ་བའི་སྐྱེས་བུ་དམ་པ་དག་གིས་འདི་ལྟར་བདམས་པ་ཡིན་ཏེ། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། འདས་པའི་ལོ་ངོ་ཁྲི་ཕྲག་དུ་མར་གཉིད་དུ་ཡུར་བའི། ཤེས་རྨོངས་གྲོག་རོང་ཆེན་པོ་ནས་ང་ཚོས་ཨུ་ཚུགས་བསྡམས་ཏེ་འཛམ་གླིང་གི་མཐོ་ས། ཤེས་རིག་གི་ལྟེ་བ། དཔལ་ཡོན་གྱི་འབྱུང་ཁུངས། རིག་གནས་ཀྱི་སྐྱེད་ཚལ་ཤ་སྟག་ཏུ་སྨྲ་བ་ང་ཚོ་དང་མེས་པོ་དག་ལ་འདྲིས་ཤིང་གོམས་ཆེ་བའི་སྐད་ཆ་ཉག་གཅིག་ཡིན་ཏེ། ལོ་ཟླ་ཞག་དུས་ཆད་མེད་དུ་བཞུར་བའི་ཤེས་རྨོངས་ཀྱི་གཙང་པོ་འཐུང་བའི་འུ་ཅག འཛམ་གླིང་གི་མཐོ་ས་འདི་ནས། གངས་ཀྱི་ར་བ་འདི་ནས། འབྲོང་གཡག་དང་ལྷན་དུ། ཁ་དཀར་རྐྱང་ཆུང་དང་མཉམ་དུ། རྨིས་མི་ཚར་བའི་རྨི་ལམ་མང་པོ་ཞིག་རྨིས་ཟིན་ལ། ཐོས་མ་མྱོང་བའི་སྒྲ་དབྱངས་མང་པོ་ཞིག་ཐོས་ཚར་བའི་འུ་ཅག་ནི། གངས་ཀྱི་ར་བ་འདི་ནས་བརྒལ་དུས་རེ་བ་དང་རྨི་ལམ། འཚོ་དང་དེའི་ཁ་དོག་ཡོད་ཚད་འགྱུར་དགོས་པ་སུ་ལའང་གཅིག་གྱུར་ཏུ་གྲུབ། ང་ཚོ་ནི། གངས་ཀྱི་མཐོ་ས་ནས་བདེ་བ་ཅན་ལ་རྒྱང་གཟིགས་བྱེད་པའི་མི་རབས་ཤིག་ཡིན། ང་ཚོ་ནི་དར་ལྕོག་དང་ལབ་རྩེའི་ཀློང་ནས་གཟུགས་མེད་ཀྱི་རྨ་ཆེན་སྦོམ་ར་དང་གཉན་ཆེན་ཐང་ལྷར་མཆོད་བསྟོད་བྱེད་པའི་མི་རབས་ཤིག་ཡིན། ང་ཚོ་ནི་རི་འདི་དག་དང་བྲལ་རྗེས། ང་ཚོ་ནི་མཚོ་འདི་དག་དང་བྲལ་རྗེས། ང་རྒྱལ་དང་བློ་སྤོབས་ཞན་དུ་འགྲོ་བའི་མི་རབས་ཤིག་ཡིན། རླུང་སྤུ་གྲིས་བྱ་རྒོད་ཀྱི་ཤ་ཁྲག་རྒྱངས་སེ་མཆོད་སའི་གནས། རྩི་མེ་ཏོག་གིས་བུ་ཆུང་ལ་སྤྲོ་སྣང་གི་སློབ་གསོ་གཏོང་བའི་གནས། ནངས་སྔ་སེ་ལྷ་དང་ལྷ་མོས་གར་སྟབས་བསྒྱུར་སའི་རི། དགུང་ཕྱི་དྲོར་ཀླུ་དང་ཀླུ་མོས་འཇོ་སྒེག་རོལ་སའི་མཚོ། སྣང་ཚུལ་ལ་གཙང་པོ་ཕྱོགས་ཀྱིས་བསྡོམས་པའི་མཚོ་ཆུང་དུ་སྣང་ཡང་། དོན་ལ་ཞི་ཁྲོ་རིགས་ལྔའི་ཁྲག་གི་ཐོད་པའི་རྒྱ་མཚོ་བསྐྱིལ་ཞིང་། དགྲ་བོའི་སྲོག་རྩ་ཕྱོགས་ཀྱིས་བསྡོམས་པའི་ཁྲག་མཚོ་ཁོལ་མ་ཤ་སྟག་ཡིན་ལ། ང་ཚོ་ནི་གནས་འདི་ནས་ནར་སོན་ཞིང་གནས་འདི་ནས་གཏམ་རྒྱུད་བསགས་ཏེ་འོང་བའི་མུ་ཏིག་ལྟར་མཛེས་པའི་དྲི་མས་མ་གོས་པའི་མི་རབས་ཤིག་ཡིན་ཏེ། ང་ཚོའི་ཕྲག་ཏུ་བབས་པ་ནི་མེས་པོ་རྣམས་ཀྱིས་བསྐྲུན་པའི་རྗེས་དཔག་གི་རྟགས་ལ་བརྟེན་ནས་དཔོག་པའི་ཁ་དོག་སྣ་ལྔའི་གྲུབ་པའི་ལམ་ཆེན་དེར་ཞུགས་དགོས་སམ། ཡང་ན་དེ་ལས་ལྡོག་སྟེ། འཕར་སྤྱང་བཤར་བའི་ལམ་ཁ། ཉིན་དང་མཚན་ལ་བསངས་དུད་ཀྱི་དྲི་མ་མེད་ལ། གཡེར་དྲིལ་གྱི་སྒྲ་དབྱངས་དབེན་སའི་འདུ་འགོད་ནི་གཙང་པོ་བྲུག་པ་ལྟར་དམར་ལམ་ལམ། ནག་སིབ་སིབ་ཀྱི་གནས་ནས། ཆགས་ཞེན་དང་འདང་བརྩེ། བརྩེ་སེམས། ཡིད་ཆེས། རྒྱུ་འབྲས། བློ་དཀར། གཞུང་དྲང་། ལྷག་བསམ། དཀྱེལ་ཡངས་སོགས་ཀྱི་ཐ་སྙད་མཐའ་དག་དང་ཁ་གྱེས་ནས་དེ་ལས་ལྡོག་སྟེ། དོགས་ཟོན། ཁེངས་དྲག འཇིགས་དངངས། འཐབ་རྩོད། འགྲན་སེམས། གཡོ་སྒྱུ། བསླུ་བྲིད་སོགས་ཀྱིས་ཁེངས་པའི་ཡ་མཚར་བའི་སྣ་མང་གི་འཇིག་རྟེན་ཞིག་ཏུ་བསྐྱོད་དགོས་སམ། མེས་པོ་དག་གིས་རང་ཉིད་དང་ནང་མི་ཤ་ཉེ་སྤུན་ཟླ་མི་རིགས་སོགས། མདོར་ན། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་ན་སྙམ་བཞིན་ཉིན་ལ་རིགས་དྲུག་གི་སྡུག་བསྔལ་སེལ་ཞིང་དེ་ཉིད་སྐྱོབ་པའི་མགོན་པོ་གང་ཟག་གི་རྣམ་པར་རོལ་བ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་བཟློ་ཞིང་། མཚན་ལ་གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།། འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་པའི་ལྷ་མོ་འོད་ཟེར་ཅན་མའི་གཟུངས་སྔགས་ཡི་གེ་བདུན་མ་འདོན་བཞིན་སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་མར་བསྒོམ་པའི་མི་རབས་འདི་ཉིད་བྱེ་མའི་འཆིང་བུ་བཞིན་དུ་གནས་འགོལ་བོ་ནས་ཟང་ཟིང་ཆེ་སར་ཐིམས་ལ། མི་ཚོགས་ཀྱི་འདུ་འགོད་དང་ཁེ་ཕན་གྱི་རང་སྲུང་ཆེད་དུ་སངས་རྒྱས་དང་དགེ་འདུན་གན་རྒྱར་འཇོག་པའི་དུས་སྐབས་ཚེས་ཀྱིན་ཡོད་པ་ཁྱེད་ཀྱིས་གཏིང་མཐའ་མི་དཔོགས་སམ།

གསུམ།

དགོན་པའི་གྲུ་ཟུར་གང་རུང་ན་ཐེག་ཆེན་གྱི་ཆོས་དཔེ་རྒྱབ་ཏུ་དོར་ནས། གཞན་གྱི་མགོ་ལ་བུམ་པ་འཇོག་སར་རྩོད་པའི་དུས་རབས་འདིར། སྔོན་གྱི་སྐྱེས་བུ་དམ་པ་དང་མཁས་གྲུབ་དམ་པ་དག་རྒྱབ་རྟེན་ཚད་མར་བཅོལ་ནས་ཡིད་ཆེས་ཚོང་རྫས་བྱས་ཤིང་། ཆོས་ལུགས་གསར་འབྱེད(ཁ་སྣོན)བྱེད་ལ། སྡོམ་ཁྲིམས་ཤིན་ཏུ་ཉུང་བའི་སྐྱེས་བུ་དག་གི་གདོང་བར་སྐྱི་ལྤགས་ཙམ་ལས་ཅི་ཡང་མེད་ལ། རང་གི་གནས་སྐབས་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་བསྟན་པ་དང་སྟོན་པ། མི་ཆོས་དང་ལྷ་ཆོས། མེས་པོ་དང་རིགས་རྒྱུད་གང་ལའང་རྒྱབ་འགལ་བཏང་བའི་སྐྱེ་འགྲོ་དུ་མ་ཞིག་ཕྱོགས་དང་། གནས། དུས་ངེས་མེད་ནས་དུ་མར་སྣང་ལ། བོད་ཀྱི་གཞོན་སྐྱེས་དུ་མའི་རུས་རྐང་གི་གསེང་དུ་ཡིད་ཆེས་དང་བྲལ། བརྩེ་བ་དང་བྲལ་བའི་གཡོ་སྒྱུ་དང་བསླུ་བྲིད་ཀྱི་ཁྲག་རྒྱུན་མང་ཙམ་སླར་གསོ་བྱེད་པའི་སློབ་གསོ་བ་འགའ་རེའང་ཡོད་ཚོད་སྣང་སྟེ།་དེ་དག་དགོན་སྡེ་ཁོ་ན་ཙམ་མ་ཡིན་པར། ཡུལ་གྲུ་ལུང་པ་སོ་སོར་ན་དཔལ་ཡོན་གྱི་ཆུ་རྒྱུན་དབེན་པའི་ཤེས་རྨོངས་ཀྱི་གྲོག་རོང་དག་ཏུ་ནར་སོན་པའི་མི་བུ་འགའ་ཞིག་གི་སྒེར་གྱི་ཁེ་ཕན་གྱི་དོན་དུ། ཁ་སྟོང་ནང་གི་གཏམ་སྟོང་།ལག་སྟོང་ནང་གི་ཕྱག་བརྒྱས་སྐྱེས་བོ་དུ་མ་ཞིག་གི་མི་ཚེའང་ཆུང་དུས་ནས་ལམ་ཁ་འགལ་འདུ་ཅན་དང་སྣེ་མང་ཅན་དུ་བསྒྱུར་ཟིན་པས།སྟག་མཆོང་སར་ཝ་མོ་རྟག་པར་མཆོང་རུང་སྟག་གི་ཁ་ཟས་དང་ལག་ཆར་འགྱུར་དུ་རུང་བ་ལས་སྟག་གི་དོ་ཟླ་གཏན་དུ་ཡོང་ཡེ་མི་མངའོ།། འདི་ནི་ཆོས་ལུགས་པའི་ཆོས་ལུགས་ལ་བསྟེན་ནས་བསགས་པའི་ཉེས་པ་ཞིག་ཡིན་ལ། ད་དུང་ཆབ་སྲིད་པ་སོགས་བསམ་བློ་ངན་པ་སྔོན་དུ་བཏང་ནས་གཞོན་སྐྱེས་ཚོའི་མེ་ཏོག་ལྡུམ་རའི་ནང་དུ་ཁྲག་གི་ཆུ་བོ་བཏབ་ནས་བོད་རིགས་ཀྱི་བློ་གསར་ཞིང་གཞུང་དྲང་བའི་ཤེས་རིག་གི་ཆུ་བོ་འཚོལ་བར་འོང་བའི་ན་གཞོན་དེ་ཚོའི་རིགས་ཞེན་གྱི་བསམ་བློ་དང་ཚོར་ཤེས་སྐྱེན་པོ་དེ་དག་ལ་གཟུགས་མེད་ཀྱི་ལྕགས་སྒྲོག་བརྒྱབ་ནས་སྲོག་ཆགས་ཀྱི་ར་བ་བཞིན་ལྕགས་ཚེར་གྱི་སྡོམ་དྲའི་ཕར་ནང་གི་མཛེས་ལྗོངས་ཅི་འདྲ་ཞིག་ཡིན་པ་དང་དེ་ལས་བརྒལ་ཏེ་འབྲོ་འདོད་མེད་པ་ཞིག་ཏུ་བཟོས་ཡོད་ལ། སྔོན་ཆད་སྡོམ་དྲ་དང་ལྕགས་ཚེར་གྱི་ར་བ་དེ་ཡི་ཕར་ནང་ཅི་འདྲ་ཞིག་ཡིན་པ་ནི་བརྗེད་ཆུ་མང་ཙམ་བླུད་ཟིན་པས་ཁྱོད་ཀྱིས་མི་དྲན་པ་ཁག་མེད།དགེ་རྒན་ཁ་མང་མགོ་བདེ་དེས་བཤད་རྒྱུར། ཤེས་རྨོངས་ཀྱི་རྫོངས་འཐུག་པའི་མི་རིགས་དེ་ཚོ་ཏན་ཏན་ང་ཚོ་དང་འབྲེལ་ཅི་ཡང་མེད།ཁོ་པ་ཅག་ནི་དཔྱིད་ཀར་བཏབ་པའི་ས་བོན་གྱི་འབྲས་བུ་དེ་སྟོན་ཁར་ཕོན་ཆེ་བ་ཞིག་ཨེ་ལོན་བསམ་པ་ལས་ཅི་ཡང་མི་ཤེས་པའི་མི་ཚོགས་ཤིག་རེད་ཟེར། ད་དུང་ལོ་དེ་ལ་གནམ་གཤིས་བཟང་དང་མི་བཟང་། གཡག་རྒན་དང་འབྲུ་རྒན་དེ་དག་གིས་རྩྭ་བཟང་པོ་རེག་ཐུབ་དང་མི་ཐུབ་ཙམ་ལས་ཅི་ཡང་འདང་མི་དཔོག་པའི་མི་རིགས་ཤིག་རེད་ཟེར། དེ་བས་མཚམས་ཤིག་ནས་ན་ཆུང་དེ་དག་གིས་མི་རིགས་ལ་འཆང་བའི་བརྩེ་གདུང་རྒུད་པར་གྱུར་ལ། དེ་ཉིད་མཚོན་པའི་སྐད་ཡིག་ཀྱང་བརྗེད་པར་གྱུར། ང་ཚོའི་རྩོམ་ཡིག་མི་རིགས་གཞན་གྱི་སྐད་ཡིག་སྟེང་ནས་འབྲི། ང་ཚོའི་སྙན་ངག་མི་རིགས་གཞན་གྱི་སྐད་ཡིག་སྟེང་ནས་གྱེར། དེ་ཙམ་ལས་ང་ཚོས་ཇི་ཙམ་བྲིས་ཀྱང་ཇི་ཙམ་གྱེར་ཡང་ང་ཚོའི་ཕ་ཡུལ་ནི་ཤེས་རྨོངས་ཀྱི་ཁྲོ་ཆུ་རྣ་བར་བཞུར་ཟིན་པས་ཅི་ཡང་མི་ཐོས་ལ། ཅི་ཡང་མི་ཤེས་ཟེར། ལག་པ་མཐོན་པོར་ཁྱོགས་དང་། ཁྱོད་ཀྱི་ལག་པའི་སྟེང་དུ་ཨ་མའི་མིག་ཆུ་བཞུར་གྱིན་འདུག འདི་ནི་དུས་རབས་ཀྱིས་འུ་ཅག་ལ་གནང་བའི་ལག་སྐྱེས་ཡིན་ནམ།

བཞི།

རྣམ་ཤེས་ཀྱི་རྡོ་འབུམ་དེ་ཡང་བྱ་ཁྲས་གཏོར། བརྩེ་འཛུམ་གྱི་མིག་མདངས་དེ་ཡང་རྒོད་ཀྱིས་བྲུས། ཕ་ཡུལ་ཨ། འཁྱབ་སིབ་སིབ་ཀྱི་གནས། དབྱར་དགུན་སྟོན་དཔྱིད་མེད་པར་ང་ཚོ་འཁྱག གོ་ལ་མེ་རིར་གྱུར་ཡང་ང་ཚོ་འཁྱག གངས་རི་ཞུ་བར་གྱུར་ཡང་ང་ཚོ་འཁྱག མེས་པོ་ཚོའི་རྣམ་ཤེས་ཀྱི་གླུ་སྐད་ཟ་ཟིར་གྱུར། ང་ཚོ་གནས་འདི་ནས་རང་མིས་རང་མི་བདས་ཏེ་ཁོད་ཆེ་བའི་རྒྱ་མཚོ་ཆེན་པོ་ཞིག་ཏུ། རྙིང་རུལ་གྱུར་ལ། རྩེ་ན་བ་དན་མེད་ལ། གང་དུ་ཁ་ཕྱོགས་མེད་པའི་གཟིངས་ཆེན་ཞིག་ཏུ་བླུགས་ནས་རྒྱ་མཚོར་བསྐྱུར། རྗེས་སུ་ལྷ་ཀླུ་དགའ་སྐྱིད་ཀྱིས་འཛོམས་པའི་གངས་རི་དང་མཚོ་མོ་དག་ཏུ་ལུས་ལ་སེང་རས་ཙམ་ལས་མེད་པའི་སྨད་འཚོང་མ་དང་ཟློས་གར་མ་དེ་དག་གི་སྤྲོ་གསེང་གི་ཡུལ་དུ་ཅིའི་ཕྱིར་མི་འགྱུར་རམ། ང་ཚོ་བཀྲེས་ལྟོགས་ཀྱིས་མནར་ཏེ་རྒྱུན་རིང་པའི་ལོ་རྒྱུས་ཀྱི་ཆུ་བོ་དེ་ཡང་རིམ་བཞིན་མཚོ་ལ་ཐིམ་དགོས་སམ།

ནགས་ཚལ་སྐྱབས། 2019 4 6 ཉིན་བྲིས།