ལྷ་སའི་དཔྱིད་ཀ དྲོ་སྐྱིད་ལྡན་པའི་ཉིན་ཞིག

58/545

ཡིག་སྒྱུར་བ། ཨོ་རྒྱན་རིག་འཛིན།

 

ཐོ་རེངས་སུ། ལྷ་སའི་གླིང་སྐོར་བྱང་ལམ་ན་ཞབས་སྐོར་དུ་ཕེབས་མཁན་ཤིན་ཏུ་མང་། ཉིན་ལྟར། གླིང་སྐོར་ནས་སྐྱེ་འགྲོར་སྨོན་ལམ་བཏབ། སྨོན་ལམ་གྲུབ་མིན་ནི་སུས་ཀྱང་བརྗོད་དཀའ་ཡང་། འོན་ཏེ། ཁོང་ཚོའི་དད་སེམས་ཀྱིས་བློ་ཡིད་རབ་ཏུ་ཚིམས་སོ། །

ཐོ་རེངས་སུ། གྲོང་གསེབ་ཀྱི་ལམ་ཆུང་དུ་ཆུ་ལེན་བུ་མོ་ཧ་ཅང་མང་། ཉིན་ལྟར། ཚར་རྒྱུ་མེད་པའི་ནང་ལས་དང་ཞིང་ལས་ལས་ཏེ། ཐམས་ཐད་བུ་ཕྲུག་གི་སླད་དུ་དཀའ་བ་སྤྱད། ཡིན་ཡང་། བུ་ཕྲུག་གི་དྲིན་ལན་གསབ་རྒྱུ་ནི་དྲི་རྟགས་ཤིག འོན་ཏེ། ཁོང་ཚོས་སྡུག་ཡུས་དང་མནོང་འགྱོད་སྤུ་ཙམ་ཡང་མི་བྱེད་དོ། །

ཞོགས་པ། ཇ་ཁང་དུ་གསོལ་ཇར་ཕེབས་མཁན་འདུ་ལོང་ལྷག་པར་ཆེ།ཐོག་མར་མཇལ་མིན་ལ་མ་ལྟོས་པར། ཕན་ཚུན་འཛུམ་གྱིས་བསུ། ལྷ་སའི་ཉི་འོད་ནི་དྲོ་ཞིང་འཇམ། ཉི་འོད་འོག་ཏུ། བུལ་ཐུག་ཕོར་པ་གང་། ཇ་མངར་མོ་ཉིས་དམ་གཅིག གླེང་མོལ་ཡོད་ལ་འཛུམ་མདངས་ཡོད། བྲེལ་མ་དྲགས་ལ་དལ་ཡང་མ་དྲགས། དེ་སྔོན། ཁོང་ཚོར་བརྩོན་ལེན་མེད་འདྲ་སྙམ་གྱི་ཡོད། ཞིབ་མོར་བསམས་དུས། སྐབས་འགར་བརྩོན་ལེན་ཟེར་བ་ཡང་དེ་འདྲ་ཞིག་ལས་མ་འདས་སོ། །

སྔ་དྲོ། སྤྱི་འཁོར་ལ་བཞུགས་མཁན་ཟམ་མི་ཆད། སྔ་རྟིང་ལ་མ་ལྟོས་པར་རྒན་བཀུར་གཞོན་གཅེས་ཀྱིས་ཕན་ཚུན་ལ་འདུག་ས་སྤྲོད་རེས་བྱེད་པ་དང་། དེ་བས་ལྷ་སར་སྤྱི་འཁོར་ནང་དུ་སྐད་ཅོར་རྒྱག་མཁན་ནི་ཧ་ལམ་མཐོང་རྒྱུ་དཀོན་ཞིང་། ངག་སྒོ་དམའ་པོས་ཕན་ཚུན་ཤབ་ཤུབ་ཏུ་གཏམ་གླེང་བྱེད་ཀྱི་ཡོད་འདུག དེ་མིན་ན་ཁུ་སིམ་ངང་མ་ཎི་འདོན་ཏེ། གཞན་སུན་དོགས་ཀྱིས་འཛེམ་ཟོན་ཆེན་པོ་བྱེད། སྔོན་དུས་གོ་ལོག་ཏུ་སོང་སྟེ། ཁོང་ཚོར་རིག་གནས་མེད་པར་དྲན་གྱི་ཡོད། ད་ལྟ་བསམས་དུས། སྐབས་འགར་རིག་གནས་ཡོད་པ་དག་ཀྱང་དེ་ག་ཙམ་ཞིག་གོ །

སྔ་ཞོགས་སུ། སློབ་ཁང་ནང་། སློབ་མ་ཚོས《ལང་ཚོའི་རྦབ་ཆུ》སྐྱོར་གྱིན་འདུག འཆད་ཁྲིད་སྟེགས་བུའི་སྒང་ནས་རྒན་ལགས་ཀྱིས་སློབ་མ་ཚོར་རྦབ་ཆུ་ལྟ་བུའི་ལང་ཚོ་དེ་དུ་ཆང་ཁྲོད་དུ་མ་བརླགས་རྒྱུའི་བསླབ་འདོམས་ནན་མོ་མཛད་དོ། །

མི་མང་པོས། ཁ་གསོན་པོ་ལག་ཤི་རོའི་དཔེ་ལྟར་ལྡིར་སྒྲ་སྒྲོག་སྟེ་ཕ་སྐད་མ་ཡིག་གི་དབུགས་རྒྱུན་ཆད་དོགས་ཀྱིས་ཁ་སྟོང་པའི་སེམས་ཁྲལ་བྱེད་བཞིན་ཡོད། འོན་ཀྱང་། སློབ་གསོའི་འཐབ་ས་མདུན་མར་དགེ་སློབ་སྐོར་ཞིག་གི་མངོན་མེད་ཀྱིས་ཀ་ཁའི་བུ་ཚ་སྐྱོང་གིན་པ་སུ་ཞིག་གི་ཚོར་རམ། གདུང་འབོད་ཁྲི་མ་འབུམ་ལས་ཁ་ཁུ་སིམ་པོས་བོད་ཡིག་དཔེ་དེབ་ཅིག་བཀླགས་ན་ལྷག་པ་མེད་དམ།

སྔ་དྲོ། སློབ་མའི་ཉལ་ཁང་དུ། སློབ་གྲོགས་དག་གིས་བོད་ཀྱི་རིག་གནས་སྐོར་གྱི་བྱེད་སྒོར་གྲོས་བསྡུས་བྱེད་པ་དང་། སློབ་མ་གསར་པ་བསུ་བའི་མཛད་སྒོ་ནས་སྐོར་བྲོའི་ཚོགས་པ་གཉེར་བའི་བརྒྱུད་རིམ། བོད་ཡིག་གི་གཟའ་མཇུག་འཆད་ཁྲིད་ཀྱི་གོ་སྒྲིག་ནས་ཚོགས་ཁང་སྔོན་མངགས་ཀྱི་ལས་བྱ་སྔ་ཕྱི་བར་གསུམ་དུ་ཁོང་ཚོའི་གྲིབ་གཟུགས་མཐོང་རྒྱུ་ཡོད་དོ། །

ཁོང་ཚོས། ཕ་ཡུལ་ལ་ལེགས་སྐྱེས་ཕྲན་བུ་འབུལ་རེ་བྱེད་ཀྱིན་ཡོད། དེའི་རྐྱེན། བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། བྱེད་སྒོ་དེ་དག་གིས་མ་གཞི་ཕ་ཡུལ་ལ་ལེགས་སྐྱེས་ཕུལ་མི་ཐུབ་ཀྱང་། འོན་ཀྱང་། ཁོ་ཚོ་སྣ་མང་རིག་རྩལ་མངའ་བའི་མི་བུ་ཞིག་ཏུ་གྱུར་ཡོད། མཐར་གཏུགས་ནས་བཤད་ན། ཕ་ཡུལ་ནས་ཐོན་པའི་ཁོ་ཚོར་གྲུབ་འབྲས་ཐོབ་ཡོད་ལ། ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་དོ། །

ཕྱི་དྲོ། གཞུང་ལས་ཁང་དུ། ཡིག་ཆ་འབྲི་བཞིན་པའི་ཁྱེད་ཉིད། རླངས་འཁོར་འབབ་ཚུགས་སུ་སྤ་སེ་འཚོང་གིན་པའི་ཁྱེད་ཉིད། གྲོང་ཚོའི་ནང་དུ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོགས་གནང་གིན་པའི་ཁྱེད་ཉིད། ཤའང་ནང་དུ། དབུལ་སྐྱོར་འགག་གྲོལ་སྐོར་གྱི་ཚོགས་ཆེན་ལ་ཞུགས་པའི་ཁྱེད་ཉིད། སློབ་ཁང་དུ། ངང་རྒྱུད་རིང་མོས་སློབ་སྟོན་གནང་གིན་པའི་ཁྱེད་ཉིད། ལས་སྒྲོམ་སྟེང་གཟབ་ནན་ཏན་ཏིག་གིས་འགྲེལ་བརྗོད་གནང་བཞིན་པའི་ཁྱེད་ཉིད།

ཕྱི་དྲོ། སློབ་ཆུང་དང་པོའི་སྒོ་འགྲམ་དུ། ཕྲུ་གུ་བསུ་བར་ཕེབས་པའི་ཁྱེད་ཉིད། གཙུག་ལག་ཁང་གི་སྒོ་མཆོར་དུ། ཨ་མ་ལགས་ལ་ཕྱག་རོགས་སུ་ཕེབས་པའི་ཁྱེད་ཉིད། ཚལ་ཁྲོམ་དུ། ཚལ་རིགས་དང་ཤིང་ཏོག་ཉོ་བར་མྱུལ་བའི་ཁྱེད་ཉིད། ལས་ཁུངས་ཀྱི་ཉལ་ཁང་དུ། ཐབ་ཀ་གོ་སྒྲིག་གནང་གིན་པའི་ཁྱེད་ཉིད། སྤྱི་འཁོར་འབབ་ཚུགས་སུ། རླངས་འཁོར་སྒུག་ནས་ཁྱིམ་ལ་ལོག་པར་གྲབས་པའི་ཁྱེད་ཉིད།

སློབ་ཐོན་གྱི་སྦྲང་ཆར་ཟིལ་མས། ང་ཚོའི་རང་སྣང་གང་འདོད་དང་ཧམ་སྨྱོན་རང་བཞིན་གྱི་ལང་ཚོ་བརླན་པར་བྱས། ཆབས་ཅིག་ཏུ་འུ་ཚོའི་བསམ་ཤེས་ཐུབ་པའི་སྒམ་བརླིང་གི་མི་ཚེའི་ཞིང་སར་བཞའ་ཚན་སླེབས། ཡང་གཅིག་བཤད་ན། མཐར་ཐུག་ང་ཚོ་ཕལ་པའི་མི་ཚེ་འདི་རྫོགས་འགྲོ། ཡིན་ན་ཡང་། འཚོ་བར་འཇུག་པའི་སྤྲོ་སེམས་དེ་དོར་མི་རིགས་སོ། །

མཚན་མོར། ནང་མ་ཨར་ཁང་གི་སྒོ་འགྲམ་ལ། སྲེག་ཟས་ཀྱི་བྲོ་བ་ནི་ཞིམ་པོ་རེད། སྦྱིན་བདག བྱ་དེའི་གཤོག་པ་ཕྲེང་རྒྱུད་ལྔ། ཞོག་ཁོག་ཕྲེང་རྒྱུད་གསུམ། བལྟས་ཚོད་ལ་ལོ་ལྔ་བཅུ་ལྷག་ཙམ་ཟིན་པའི་མི་རྒན་དེས། ཕྲེང་རྒྱུད་ཟ་མ་སྲེག་གིན་དུ་རང་གི་བུ་ད་ལྟ་སློབ་ཐོན་བྱས་ནས་ལས་ཀ་རག་སྐོར་བཤད། ཕུ་གུ་དཀའ་སྡུག་མྱངས་བཅུག་གི་མེད་ཟེར། ཁོང་གིས་ཕྲུ་གུའི་ཁུར་པོ་ཡང་དུ་གཏོང་འདོད་པ་རེད། བདེ་སྐྱིད་ཅེས་པ་ནི། རང་ཉིད་འབའ་ཞིག་གི་སྤྲོ་བའི་འཛུམ་དེ་མ་ཡིན་པར། གཉེན་ཉེ་དུའི་བཞིན་ལས་སྤྲོ་བའི་འཛུམ་མདངས་མངོན་ན། ད་གཟོད་བདེ་སྐྱིད་དོ། །

མཚན་དགུང་དུ། དྲོ་སྐྱིད་ལྡན་པའི་ཁང་ཆུང་གི་སྒོ་ག་ལེར་ཕྱེ་སྐབས། ཁོ་མོ་གཉིད་ཚར་འདུག དོ་ནུབ། གྲོགས་པོའི་འདུ་འཛོམས་འཕྱི་ཙམ་འགོར་སོང་བས། ཁོ་མོ་རླུང་ཕྲན་བུ་ལངས་ཡོད་ཤས་ཆེ། སྔ་ཙམ་ལོག་ཡོད་ན། མེ་ཐབ་དྲོན་མོ། ཐུག་པ་ཞིམ་པོ། ཇ་ཚ་པོ། སྔར་མུས་བཞིན་དྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། ཁོ་མོ་གཉིད་སད་པར་དོགས་ནས་རྡག་སྒྲ་རྡིག་སྒྲ་མེད་པར་ག་ལེར་ཉལ་དུས། ད་གཟོད་ཁོ་མོ་གཉིད་མེད་པ་ཚོར། མཉམ་གཤིབས་བྱེད་པ་ནི། མཛེས་སྡུག་འཚོལ་ཕྱིར་མ་ཡིན་ཞིང་། མཛེས་སྡུག་ཏུ་བསྐྲུན་ཏེ་འཐོར་བཤིག་ཏུ་མ་བཏང་བར། སྔར་གནས་ཏག་ཏག་རྒྱུན་བསྐྱངས་རྒྱུ་དེའོ།།།།

༢༠༡༩.༣.༡༦