རྨོས་གླང་དེ་གང་འདྲ་བྱས་ནས་ཤི་སོང་བ་རེད།

57/545

སྒྱུར་རྩོམ། ཤངས་ཕུན་ཁང་བསྟན་འཛིན་བཀྲིས།

 

རྨོས་གླང་གང་འདྲ་བྱས་ནས་ཤི་སོང་བ་རེད།

ནང་དོན་ཟབ་ལ་དོན་དངོས་འཚོ་བ་དང་མཐུན་པའི་སྒྲུང་ཐུང་ཞིག་ཡིན།

 

གླང་རྒན་ཞིང་ཁ་རྨོ་ཚར་རྗེས་ནང་ལ་ལོག་ནས་གླང་རའི་ནང་ངལ་གསོས་ནས་བསྡད། ངལ་དུབ་ཀྱི་ཡོངས་སུ་མནར་ནས་དབུགས་རིང་ཞིག་དལ་གྱིས་གློད། སྐབས་དེར་སྒོ་ཁྱི་རྨོས་གླང་ལ་ལྟ་རུ་སླེབས། གླང་རྒན་གྱིས་སྒོ་ཁྱི་ལ་འདི་ལྟར་བཤད། གྲོགས་པོ་སྒོ་ཁྱི་ལགས། ད་ང་དངོས་གནས་ངལ་དུབ་ཀྱི་ཤི་བ་འདུག སང་ཉིན་ངལ་གསོ་ཞིག་རྒྱབ་དྲན་གྱི་ཡོད་ཟེར།

སྒོ་ཁྱི་གླང་རྒན་གྱི་འགྲམ་ནས་སོང་རྗེས་ཁང་པའི་རྩིག་ཟུར་ནས་ཞི་མི་དང་ཐུག སྒོ་ཁྱིས་ཞི་མི་ལ་འདི་ལྟར་བཤད། གྲོགས་པོ་ཞི་མི་ལགས། ང་ད་ལྟ་གླང་རྒན་ལ་བལྟ་བར་ཕྱིན་པ་ཡིན། གླང་རྒན་དངོས་ནས་ངལ་དུབ་ཆེ་ཐག་ཆོད་འདུག གླང་རྒན་གྱིས་ཟེར་དོན་སང་ཉིན་ངལ་ཞིག་གསོ་ན་དྲན་འདུག གླང་རྒན་ཡང་ཁག་མིི་འདུག སྦྱིན་བདག་གིས་སྐུལ་བའི་ལས་འགན་ལྕི་ཐག་ཆོད་འདུག་ཟེར་ཞོར་སྒོ་ཁྱི་ཕྱི་ལ་བུད།

ཞི་མིས་དེ་མུར་ཁ་བསྐོར་ནས་ལུག་ལ་འདི་ལྟར་བཤད། ཨ་ཇོ་ལུག་ལགས། གླང་རྒན་གྱིས་སྦྱིན་བདག་གི་ཁོ་ལ་སྐུལ་བའི་ལས་ཀ་ལྕི་ཐག་ཆོད་འདུག་ཟེར་ནས་ལབ་ཡུས་བཤད་ཀྱི་འདུག་ཟེར། མ་ཟད། གླང་རྒན་གྱི་སང་ཉིན་ལས་ཀར་འགྲོ་ཡི་མིན་ཟེར་གྱི་འདུག་ཟེར།

ཡང་ལུག་གི་གནས་ཚུལ་དེ་དེ་ཕོ་ལ་འདི་ལྟར་བཤད། བུ་དེ་ཕོ་ལགས། གླང་རྒན་གྱིས་སྦྱིན་བདག་གི་ལས་ཀ་བྱེད་ཀྱི་མིན་ཟེར། ཁོས་ལས་ཀ་ཁག་ཐག་ཆོད་འདུག་ཅེས་ལབ་ཡུས་བཤད་ཀྱི་འདུག  ཨྰ་ཡོ། དུད་ཚང་གཞན་གྱི་རྨོས་གླང་ཡང་འདི་ལྟར་ངལ་དུབ་མྱོང་བཞིན་ཨེ་ཡོད་ན་ཞེས་དབུགས་རིང་གློད་དེ་ལུག་རའི་ནང་འཛུལ།

དེ་རྗེས་དེ་ཕོས་གནས་ཚུལ་དེ་ཕག་པ་ལ་འདི་ལྟར་བཤད། ཅོག་རྒྱག་པ་ལགས། གླང་རྒན་ང་ཚོའི་སྦྱིན་བདག་གི་ཁྱིམ་ནང་ལས་ཀ་བྱེད་འདོད་མི་འདུག་ཟེར། ཁོ་དུད་ཚང་གཞན་ནང་འགྲོ་རྒྱུའི་ཁ་ཆད་བྱས་འདུག མ་གཞི་གླང་རྒན་ཡང་ཁག་མི་འདུག སྦྱིན་བདག་གིས་གླང་རྒན་ལ་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པའི་ཁར་ལས་ཀ་དཀའ་ས་དང་བཙོག་ས་ཚང་མ་གླང་རྒན་ལ་བསྐུལ།  ད་དུང་གླང་ལྕག་ཞུས་ནས་པགས་པར་ཡང་རྨ་བཟོས་འདུག་ཟེར།

ཉིན་དེའི་དགོང་ཟས་མ་ཟས་གོང་བདག་མོ་ཕག་ཚང་ནང་ཕག་ལྟོ་སྟེར་བར་སླེབས། ཕག་པས་ཚམ་ཚོམ་མེད་པར་གོམ་གང་བདག་མོའི་ཕྱོགས་སུ་སྤོས་ཏེ་འདི་ལྟར་བཤད། བདག་མོ་ལགས། ངས་ཁྱེད་ལ་གནས་ཚུལ་ཞིག་ཞུ། རྨོས་གླང་གི་བསམ་བློ་དེང་སང་འགྱུར་ཡོད་པ་འདྲ། ཁྱེད་ནས་རྨོས་གླང་ལ་སློབ་གསོ་གཏོང་རན་འདུག གླང་རྒན་ད་ཆ་ཁྱེད་ཚང་དུ་ལས་ཀ་བྱེད་འདོད་མི་འདུག་ཞེས་ལབ་པ་དང་ལས་ཀའི་ངལ་དུབ་ཁྱོག་ས་མིན་འདུག་ཟེར་ནས་དུད་ཚང་གཞན་ནང་དུ་འགྲོ་རྒྱུའི་བློ་ཐག་བཅད་འདུག་ཟེར།

ཕག་པའི་སྙན་ཞུ་དེ་བདག་མོས་སྦྱིན་བདག་ལ་འདི་ལྟར་བཤད། རྨོས་གླང་གིས་ཁྱེད་ལ་རྒྱབ་གཏོད་བྱེད་རྩིས་འདུག རྨོས་གླང་ད་ཆ་དུད་ཚང་གཞན་ཞིག་ཏུ་འགྲོ་རྒྱུའི་ཁ་ཆད་རྒྱབ་ཚར་འདུག རྒྱབ་གཏད་བྱ་རྒྱུའི་བློ་བཅངས་པ་དེ་གུ་ཡངས་གཏོང་རྒྱུ་ཡོད་མ་རེད། ཁྱེད་ནས་ཐག་གཅོད་གང་འདྲ་གནང་རྩིས་ཡོད་ཅེས་ཞུས།

སྦྱིན་བདག་ཁོང་ཁྲོ་དང་བཅས་ཨམ་གཙིགས་བསྡམ་ནས་འདི་ལྟར་བཤད། རྒྱབ་གཏད་བྱས་ན་བསད་རྒྱུ་ལས་གུ་ཡངས་ཉག་གཅིག་མེད་ཅེས་ལག་མགོས་སྒྲོག་རྩེ་རྡུང་ཞོར་གླང་རའི་ནང་ཤོར་ཕྱིན།

 

དེ་ལྟར། ལས་ལ་བརྩོན་ཞིང་རྒྱུ་འབྲས་དྲང་བའི་རྨོས་གླང་དེ་གཞན་གྱི་གཏམ་འཆལ་ཁོ་ནའི་འོག་ཏུ་རང་སྲོག་ཤོར་སོང་བ་རེད།

གོང་གསལ་གཏམ་རྒྱུད་ལས་ང་ཚོར་སློབ་གསོ་ཅི་ཞིག་སྤྲད།

ང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་གཞན་གྱི་གཏམ་འཆལ་ལ་དོགས་སློང་དང་དོགས་ཟོན་ལས་ཡིད་ཆེད་བྱེད་མི་རུང་བའི་གནས་ལུགས་གསལ་པོར་བསྟན་ཡོད།