སྲོལ་ངན་དོར་དགོས།

56/545

སྲོལ་རྒྱུན་ཡིན་པ་ཙམ་གྱིས་བཟང་པོར་འཛིན་པ་ནི་ཅི་འདྲའི་བྱིས་བློ་ཅན་ཞིག་མ་རེད་དམ། དེ་ལྟར་ན་རང་རེའི་མེས་པོ་རྣམས་ཀྱིས་ཐོག་མར་གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་མ་རྨོས་ལོ་ཏོག་བཟས་ཏེ་མི་རྒྱུད་བསྲིངས་མྱོང་བས་ང་ཚོས་སྔར་བཞིན་ལམ་བུ་རྙིང་པ་དེ་འཛིན་དགོས་པ་མ་ཡིན་ནམ། ལྡོག་ཏེ་ང་ཚོས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་གང་དར་སོ་ཆེ་ཞིང་རན་ལ། རྫིག་ཅིང་ཉམས་དོད་པར་སེམས་པའི་གྱོན་པ་བསྣབས་པ་ལས་ཤིང་ལོ་སྤྱད་ནས་གསང་གནས་བཀབ་པ་ལྟ་བུ་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོར་རྒྱང་གིས་གཡུགས་ཟིན། འོ་ན་དེ་བཞིན་ད་ལྟའི་བར་མ་ཉམས་པར་གནས་པའི་མི་ལ་རིགས་རུས་མཐོ་དམན་གྱི་དབྱེ་བ་འབྱེད་ཅིང་། གཙང་བཙོག་གི་རྣམ་དབྱེ་འབྱེད་པའི་སྲོལ་ངན་མི་དོར་བའི་རྒྱུ་མཚན་ཅི་ལ་ཐུག  ལ་ལས་ད་དུང་རིགས་བཙོག་པའི་མི་ཡི་རུས་པ་གཞན་དང་མི་གཅིག་ལ་ཁྲག་ཀྱང་ནག་པོ་ཡིན་པའི་ཡིན་རབས་ཀྱི་སྨྱོ་གཏམ་སྣ་ཚོགས་གླེང་ཞིང་། ཞིབ་པར་བརྩད་དེ་དྲི་སྐབས་མིས་བཤད་པ་གོ་བྱུང་ཟེར་བའམ་ཡང་ན་ངའི་རྨོའོ་འམ་སྤོའོ་ལགས་ཀྱིས་ཞེས་མི་རབས་སྔ་མའི་སྐད་ཆ་ལུང་འདྲེན་པ་ཁོ་ན་ལས་རྟགས་གཏན་ཚིགས་དང་བཅས་པའི་རྒྱུ་མཚན་བརྗོད་དུ་མེད་ནའང་ཁུངས་བཙན་ཚད་ཐུབ་ལྟ་བུས་མཁྲེགས་འཛིན་བྱེད། ངོ་མ། དེ་ནི་ཡ་མཚན་ལ་དགོད་བྲོ་བའི་སྣང་ཚུལ་ཞིག་ཅིས་མ་ཡིན། སྟོན་པ་ཐུབ་པའི་ཞལ་སྔ་ནས། ངའི་རྗེས་འཇུག་གི་སློབ་མ་རྣམས་ལ། རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ། ཞེས་གསུངས་ཡོད་ལ། སློབ་མའི་ཐོག་མར་གྱུར་པ་འཁོར་ལྔ་སྡེ་བཟང་པོའང་སྐབས་དེའི་རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་ཆེས་དམའ་རིམ་གྱི་མི་སྣ་ཤ་སྟག་ཡིན་པར་གསལ། བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་རྒྱལ་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་གྱིས་ཀྱང་། རིགས་ནི་སྤྱོད་པས་བསྲུང་བ་ཡི། །སྤྱོད་པ་མེད་ན་རིགས་དོན་མེད། །ཅེས་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པས་རྒྱུད་བརླན་པ་ཞིག་ཡིན་ན་རིགས་བཟང་བའམ་མཐོ་བར་བརྩི་ཆོག་པ་ལས་མི་ངན་གད་སྙིགས་འདྲ་བ་ཞིག་གིས་རང་གི་སྐྱེ་ཁུངས་བཟང་རབས་གླེང་བ་དོན་མེད་རེད་ཅེས་གསུངས་པ་ལེགས་བཤད་རང་དུ་ཁུམས། ང་ཚོའི་ཕ་མའི་དུས་རབས་ཀྱི་མི་རྣམས་ཀྱིས་རིགས་རུས་བཟང་ངན་གྱི་ལྟ་བ་འཛིན་པར་ང་རང་དེ་ཙམ་གྱིས་ཧ་མི་ལས། འོན་ཏེ་མཐོ་རིམ་གྱི་སློབ་གསོ་ཐོབ་མྱོང་བའི་མི་བུ་མང་རབས་ཤིག་གིས་ཀྱང་རིགས་པས་དཔྱད་བཟོད་མི་ཐུབ་པའི་དངོས་དོན་དེར་ཐེ་ཚོམ་གྱི་སྣང་བ་འཛིན་པ་བཟོད་ཐབས་བྲལ། རྒྱུ་མཚན་ནི་ཚན་རྩལ་འཕེལ་འགྱུར་མྱུར་བའི་ད་ལྟའི་དུས་འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཡོད་དོ་ཅོག་འཚོ་གནས་ཀྱི་ཐད་རང་དབང་འདྲ་མཉམ་ཡིན་པ་གོ་ལའི་ཁྱོན་དུ་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་ཞིག་ཏུ་སྔར་ནས་སོང་ཟིན་པས་སོ། །

དཔེ་མཚོན།

༡ བལ་བོད་གཉིས་ཀྱི་མཐའ་མཚམས་སུ་མི་རྒྱུད་འཕེལ་བའི་རྟ་མང་མི་ལ་མཚོན་ན། ལོ་རྒྱུས་ཀྱི་མེ་ལོང་ལས་ཁོང་ཚོ་ནི་བོད་བཙན་པོའི་དུས་སྐབས་ཀྱི་མཐའ་སྲུང་དམག་སྟེ་རྟ་དམག་གི་དཔུང་སྡེ་ཞིག་ཡིན་པས་རྟ་མང་ཞེས་མིང་ཐོགས་དོན་ཡང་ཁོང་ཚོའི་ཕ་མེས་ཀྱི་ལས་རིགས་དང་འབྲེལ་བ་ཡོད་པས་ཡིན་པར་གསལ་ལ། ཕྱིས་དུས་འགྱུར་དབང་གིས་བཟོ་ལས་ལ་བརྟེན་ནས་བལ་བོད་ས་མཚམས་སུ་གནས་མི་བཅའ་དཀའ་མེད་ལ་འགྱར་ཏེ་མི་རྒྱུད་འཕེལ་བ་ཞིག་ཡིན། འོན་ཏེ་དེ་ལྟ་བུའི་མི་རིགས་རང་ཉིད་ཀྱི་དཔའ་བོའི་རྒྱུད་པ་ཚོར་རིགས་མི་གཙང་བའི་རྡོ་ཞྭ་ཆེན་པོ་ཞིག་གཡོགས་ཏེ་ཁོང་ཚོ་དང་འབྲེལ་འདྲིས་མི་བྱེད་ལ། སྡོད་ཁང་གཅིག་དང་ཁོག་མ་གཅིག་གི་ནང་ཁ་ལག་མཉམ་དུ་མི་བཟའ། སྐྱིད་གྲོང་ནི་མིང་དོན་མཚུངས་པའི་ཡུལ་ཡིད་དུ་འོང་བ་ཞིག་ཡིན་ལ་སྔར་མཁས་པ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། འོན་ཏེ་གནས་དེ་ནས་རྟ་མང་མི་རྒྱུད་ལ་འདྲ་མཉམ་གྱི་ཐོབ་ཐང་ལོན་མྱོང་མེད། སློབ་གྲྭ་བར་མཚོན་ན་ཡང་ཕ་ཡུལ་གཅིག་པའི་སློབ་མ་འགའ་མཉམ་དུ་འཛོམས་ན་ཕན་ཚུན་སེམས་གཏམ་གླེང་བཞིན་སྙིང་ཉེ་བའི་འཛུམ་ཞལ་དང་དགའ་བའི་དགོད་སྒྲ་ཐོས་རྒྱུ་ཡོད་པ་ཕུད། རྒྱུན་ཏུ་སློབ་གྲྭའི་ནང་ཐུན་མོང་གི་བྱེད་སྒོ་གང་དང་ཅི་ཞིག་ཡོད་ཀྱང་ཁོང་ཚོ་ནི་དགུན་གྱི་ཁུ་བྱུག་བཞིན་དུ་སྨྲ་བ་མེད་པར་ལོགས་ཤིག་ཏུ་སྡོར་རྒྱུར་དགའ་ལ། རྡེའུ་ཕོག་པའི་བྱ་དང་འདྲ་བར་ནམ་ཡང་དམའ་ས་བཟུང་ནས་སློབ་ཁང་སློབ་ཁྲིད་ཀྱི་བགྲོ་གླེང་བྱེད་སྒོར་ཡང་བསམ་འཆར་སྤེལ་བ་ཉུང་ཞིང་སྨྲ་བརྗོད་ཀྱི་སྤོབས་པ་ཙམ་ཡང་མེད་པའི་བརྟུལ་ཞུགས་འཛིན་པར་བྱེད། ཐ་ན་ཟ་མ་བཟའ་དུས་ཀྱང་སློབ་མ་གཞན་དང་མི་འདྲ་བར་སྔོན་ལ་ཧབ་ཐོབ་བྱེད་མི་ནུས་པར་གྲལ་གྱི་མཐའ་མར་འདུག་རྐྱང་བྱེད་པ་ཁོ་བོས་མངོན་སུམ་དུ་རིག ཁོང་ཚོ་ད་ལྟ་སློབ་གསོ་མྱོང་བཞིན་པའི་དུས་སྐབས་རེད་ལ། སློབ་གསོའི་རྩ་འཛིན་དུའང་འདྲ་མཉམ་གྱི་མིང་བྱང་བཀལ་ཡོད་ནའང་ཁོང་ཚོར་ལར་ནས་འདྲ་མཉམ་ཐོབ་མྱོང་མེད། རྒྱུན་པར་ཁོང་ཚོའི་སྐྱོ་ཉམས་ཀྱི་སྣང་ཚུལ་མཐོང་ཐེངས་རེར་སྙིང་རྗེའི་བསམ་པ་ཞིག་གིས་ཡོངས་སུ་བསྐུལ་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྐབས་སུ་སློབ་མའི་ཁྲོད་དུ་གནས་མུས་པའི་བསམ་ངན་ལ་གཡའ་སེལ་གྱིས་གནས་ལུགས་འདྲེན་པ་ཙམ་ལས་ཐབས་གཞན་མ་རྙེད་ལ། ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་གཉིས་ལས་མཆེད་པའི་ཕུ་ནུ་མིང་སྲིང་དབར་ལ་ལྟ་སྟངས་ཀྱི་དབྱེ་བ་དེ་ལྟར་འབྱེད་པར་བསམ་མནོ་གཏན་ནས་མི་ཐོངས།

༢ སྔར་ཁོ་བོའི་ཕ་ཡུལ་ན་ལག་ཤེས་བཟོ་ལས་དང་ཕྱུགས་ཟོག་བཤའ་བ་ལ་བརྟེན་ནས་འཚོ་ཐབས་བྱེད་མཁན་གྱི་ཁྱིམ་ཚང་ཁ་ཤས་ཤིག་ཡོད། སྐབས་དེར་ཁྱིམ་གྱི་ཕྱུགས་རིགས་བཤའ་དགོས་པའམ་ཞིང་འབྲོག་ཐོན་སྐྱེད་ལ་མཁོ་བའི་མཐོང་གཤོལ་གྱི་རྩེ་ལྕགས་བརྡུང་བ་སོགས་ལ་སེམས་ཁྲལ་ཡེ་ནས་མེད་དེ་རང་གི་ཕ་ཡུལ་ནས་སྟབས་བདེ་ལ་གོང་ཁེ་པོས་བཟོས་ཆོག་ཆོག་རེད། འོན་ཏེ། ངའི་ཕ་ཡུལ་ལ་རིགས་རུས་གཙང་བཙོག་གི་ལྟ་བ་ཤུགས་ཆེན་པོ་ཡོད། དེ་ནི་ཕལ་ཆེར་དབུས་གཙང་གི་ཡུལ་ཕལ་མོ་ཆེར་སྔར་ནས་ལྡན་མུས་པའི་སྲོལ་རྒྱུན་ཞིག་ཀྱང་ཡིན་ངེས། ད་ལྟའི་ཆར་ཁྱིམ་ཚང་དེ་དག་གི་བུ་ཕྲུག་ཚོས་རང་ཉིད་ཀྱི་མི་ཚེའི་སྡོངས་གྲོགས་འཚོལ་དུས་ཕ་རོལ་པོས་རང་དང་རང་གི་ཕ་མའི་ལས་རིགས་ལ་མཐོང་ཆུང་མི་བྱེད་པ་དང་། ཐ་ན་གནད་དོན་དེས་རྐྱེན་པས་མཛའ་གཅུགས་ཀྱི་བཟའ་མི་ཁ་བྲལ་དུ་མི་འགྲོ་བའི་སླད། དབང་ཤེད་ཀྱིས་ཕ་མར་མེས་པོའི་སྲོལ་རྒྱུན་གྱི་ལག་ཤེས་སྤོང་དུ་བཅུག་པས་ད་ལྟ་ངའི་ཕ་ཡུལ་ལ་ཆ་མཚོན་ན་མགར་ལས་གཏན་ནས་སྟོངས་ཟིན་པ་ཡིན་ལ། མི་འགྱང་བར་སེམས་ཅན་བཤའ་མཁན་ཡང་སྟོངས་རྒྱུ་ཡིན་པ་ཐག་གིས་ཆོད་ཟིན་པ་ཞིག་རེད། དེས་ན། གནད་དོན་ཞིག་ངང་གིས་འབྱུང་གིན་པ་ནི་མ་འོངས་པར་ང་ཚོས་མི་ཤུགས་དང་དངོས་ཤུགས་ཀྱི་གྱོང་གུན་ལ་ཇི་མི་སྙམ་པར་གང་ས་གང་དུ་རིགས་གཞན་གྱི་མགར་བ་དང་བཤས་པ་འཚོལ་དུ་འགྲོ་རྒྱུན་ཡིན་ནམ་ཡང་ན་སྲོལ་རྒྱུན་གྱི་ལྟ་བ་དེར་མགོ་བཏགས་ནས་རང་གི་མགར་ལས་རང་གིས་བྱེད་ཅིང་རང་གི་ཕྱུགས་ཟོག་རང་གིས་བཤའ་རྒྱུ་ཡིན། དེ་ལྟར་ན་སྐབས་དེར་སྐྱེས་པ་ཐམས་ཅད་མགར་བ་དང་བཤས་པ་ལས་ཀྱིས་འགྲུབ་པར་ཇི་ལྟར་བྱེད། ལར་ནས་བོད་ཀྱི་ཡུལ་ལུང་རེ་འགར་སྔར་ནས་དེ་ལྟར་འཚོ་བཞིན་པར་རིགས་ངན་གྱི་མིང་ཙམ་ཡང་མེད་པ་ལ་དབུས་གཙང་ལ་དེ་ལྟའི་ལྟ་ངན་རྔམ་མཐུག་པོ་ཞིག་འཛིན་དོན་ཅི།

མདོར་ན། སྟོན་པ་སངས་རྒྱས་ཀྱིས་མི་བཞེད་ཅིང་། གངས་ཅན་མཁས་པའི་གཙུག་ན་མཛེས་པའི་ཆོས་རྗེ་ས་པཎ་གྱིས་ཀྱང་མི་བཞེད་པ། ཁྱད་པར་ཁ་བ་གངས་ཅན་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་ཐད་མཛད་འཕྲིན་བསམ་གྱིས་མི་ཁྱབ་པའི་གྲུབ་ཐོབ་ལྕགས་ཟམ་པས་ཀྱང་སྐུ་མས་ལྕགས་བཟོ་བརྡུང་མཛད་པའི་རྣམ་ཐར་བསྐྱངས་ཡོད་པས་རིགས་ངན་གྱི་ཞྭ་མོ་དེ་ཁོང་ལྟ་བུར་གཡོགས་ཕོད་དམ། ཡང་སྒོས་ནུབ་ཕྱོགས་པས་ཉེ་རབས་ལོ་རྒྱུས་ཐོག་བཟོ་པའི་ལས་འགུལ་ཞེས་པ་སྤེལ་ནས་ཆབ་དཔལ་རིག་གསུམ་གོང་དུ་འཕེལ་ཏེ་འཛམ་གླིང་སྔོན་ཐོན་གྱི་གྲལ་མགོར་བཞུད་ཟིན་ན་རང་རེས་དེ་ལྟའི་ཨུ་ཚུགས་བྱེད་པའི་དགོས་གལ་གང་ལ་ཐུག  ཁ་དཔེར། ཕན་མ་ཐོགས་ན་ཁ་ནང་སོ་ཡིན་ཡང་ཕུད། ཅེས་པ་ལྟར་མི་ཉམས་རྒྱུན་འཛིན་གྱི་རིན་ཐང་ཏིལ་ཙམ་ལྡན་རྒྱུ་ལྟ་ཞོག་དུས་རབས་ཀྱིས་འཕྱ་བའི་གནས་སུ་གྱུར་པའི་བོད་མི་རིགས་ཀྱི་སྲོལ་ངན་དེ་སེམས་ཐག་གཙང་བཅད་ཀྱིས་དོར་རན་པར་འདོད།

རྟ་མང་སློབ་མའི་དངོས་དོན་ལས་འཕེལ་བའི་སེམས་འགྱུ། སྐལ་བཟང་ལྷུན་གྲུབ།