དགེ་རྒན་གུར་མགོན་སྐྱབས་དང་ལྷན་དུ་བོད་དམག་ལུང་པར་ཕྱིན་པ། སྒོ་བུ་ཤ་བོ་ཚེ་རིང་།

53/545

ས་ཡོངས་སུ་རུབ་ཟིན། ཕྱི་རོལ་ན་ཆར་བ་ཟིམ་ཟིམ་དུ་འབབ་པ་ནི་ཡུལ་གྲུ་འདིའི་འདུ་འཛི་དང་ཟིང་ཟིང་མཐའ་དག་འཁྲུད་པ་དང་འདྲ་ལ། དེ་བཞིན་གྲང་རླུང་བསིལ་མོས་ཀྱང་ཁ་རོག་གེར་ཐལ་རྡུལ་རྣམས་སེལ་བའི་ལས་ལ་བྲེལ་ཡོད་སྙམ། གནས་ཚང་བདག་མོ་འཆི་མེད་ལགས་ཀྱིས་ཟ་མ་གཡོས་སྦྱོར་བྱེད་བཞིན་འདུག ། དུད་ཁྱིམ་འདིའི་མགྲོན་ཁང་ནང་གི་པང་ལྡེབས་སྒྲིག་ཚུལ་དང་ཅ་ལག་ཐམས་ཅད་བོད་ལུགས་བྱིངས་ལྟར་དང་། ཐབ་ཀ་དང་ཅོག་ཙེ་གཉིས་ཀར་རུང་བའི་ལྕགས་ཐབ་ན་སྟག་ཤིང་གི་མེ་ལྕེ་ལྷབ་ལྷུབ་ཏུ་འབར། རྒན་གུར་མགོན་གྱིས་ཐབ་ལ་ཅེར་ནས་ཡིད་ཚིམ་པའི་ངང་“ངའི་ཕ་ཡུལ་དུ་མེ་ཆེན་པོ་འབུད་པ་ལ་ཧོར་མེ་འཕེན་ཟེར་ཞིང་། བྱིས་པ་ཚོས་མེ་རྒན་རྟ་བོ་ཆེ་ཟེར། དེ་རིང་གི་འདི་བྱིས་པ་ཡིན་དུས་ཀྱི་ངེད་ཚོའི་འབུད་སྟངས་དེ་རེད།”ཅེས་ལོ་ན་ཕྲ་དུས་མེ་རྒན་རྟ་བོ་ཆེ་བུས་ནས་ཚོད་མ་ཟིན་པར་གྱོང་ཤོར་ཚུལ་གྱི་གཏམ་རྒྱུད་ཐུང་ངུ་ཞིག་བཤད་ཞོར། ཡུལ་འདིའི་ཐབ་ཀ་རྙིང་པ་ནི་གོ་ཁར་རྡོའི་གོ་ར་བྱས་པ་ཙམ་ལས་ཐེམ་ཐོག་དང་དུད་ཁུང་གང་ཡང་མེད་པར་དུ་བ་ཐད་ཀྱིས་སྐར་ཁུང་ནས་འཐོན་དགོས་པ་དེ་འདྲར་སྣང་བས། ཐབ་ཁུང་ཟེར་རྒྱུ་ལས་དོན་ལ་གོ་ར་གཅིག་པུའི་མིང་གིས་ཆོག་པ་འདྲ་སོགས་ཀྱང་ཚོད་དཔག་གནང་བྱུང་། གནམ་གཤིས་འདི་འདྲར་མེ་ལ་ཁ་ལག་སྲོ་བ་ནི་དངོས་གནས་ལུས་སེམས་གཉིས་ཀྱི་ལོངས་སྤྱོད་ཅིག་རེད། དེ་ཡིས་ཡུལ་དུས་གནས་བབས་ཀྱི་བཀག་རྒྱ་གཏོར་ཏེ་སྐད་ཅིག་ཉིད་ལ་རང་ཁྱིམ་དུ་སླེབས་པ་འདྲ་བའི་བདེ་སྣང་ཞིག་ཀྱང་སྦྱིན་བྱུང་།

དགེ་རྒན་ངེད་གཉིས་གནས་མལ་བཅའ་སའི་གནས་འདི་ལ་བོད་སྐད་དུ་དྭགས་པོ་དང་། རྒྱ་སྐད་དུ་པེ་མཱ་ཙང་ཙུའུ་ཞང་(白马藏族乡)དུ་འབོད་པ་སྟེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཡུལ་འདིར་གཞིས་ཆགས་པའི་སྐྱེ་བོ་རྣམས་མི་རིགས་གང་ཡིན་མིན་ཐད་ལ་རྒྱ་བོད་མཁས་པ་རྣམས་ཀྱིས་རྩོད་གླེང་ཤུགས་ཆེར་བྱས་མྱོང་བའི་ཡུལ་དེ་ཡིན། ལར་ན་ཁོང་ཅག་གི་ཡུལ་སྐད་དུ་ཡུལ་འདི་ལ་སྟོད་པོ་ཟེར་བཞིན་འདུག་ལ། སྤྱི་ལོ་1962ལོར་ཕུན་ཝུའུ་རྫོང་གི་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་张正平ཟེར་བ་ཞིག་གིས་ཁོང་གི་རྩོམ་ཡིག་ནང་རྒྱ་ཡིག་ལ་达布ཞེས་བྲིས་པ་ནི་འདི་གར་དྭགས་པོར་འབོད་ཚུལ་གྱི་ཁུངས་ལྟ་བུ་ཡིན་པར་བཤད་ཀྱང་། དམིགས་བསལ་གྱི་དུས་སྐབས་ཤིག་ལ་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ཡུལ་འདིའི་བོད་པ་རྣམས་བཙན་པོའི་སྐབས་དྭགས་པོ་ནས་འོང་བའི་དམག་རྒྱུད་ཡིན་པར་རིགས་པས་སྒྲུབ་པ་ནས་བཟུང་དྭགས་པོ་ཞེས་པ་ཀུན་གྱི་མཐོང་ཐོས་ཡུལ་དུ་གྱུར་ཞིང་། དེང་སང་དྭགས་པོ་ཞེས་བྲིས་ནས་བརྡ་སྦྱོར་སྤེལ་འདུག་པ་དཔེར་ན་རྒྱ་ཡིག་གི་首届九寨勿角白马文华节ལ་“སྐབས་དང་པོའི་གཟི་རྩ་སྡེ་དགུའི་དྭགས་པོའི་རིག་གནས་དུས་ཆེན་”ཞེས་བསྒྱུར་འདུག་པ་ལྟ་བུ་རེད། དེ་བས་རྩོམ་འདི་གར་ཡང་མཁས་དབང་དམུ་དགེ་ཚང་གི་འབྲི་ལུགས་ལྟར་བྲིས་པ་ཁོང་གི་མིག་རྒྱང་རིང་བོའི་ཤེས་རབ་ལ་བཀུར་བ་རང་ངོ་། ། མཚམས་ལན་རེར་གུས་པའི་སྣང་ངོར་白马藏族ཟེར་བ་ནི་རེབ་གོང་རྫོང་མཁར་གྱི་ཤར་རི་ལ་ཤར་དུང་(东)རི་ཟེར་བ་བཞིན་ཨེ་ཡིན་སྙམ་སྟེ། ཁོང་ཅག་གི་ཡུལ་སྐད་ནང་པེ་མཱ་ལ་བོད་མི་འདྲ་ཞིག་བརྗོད་པས་གཅིག་ཏུ་ན་“བོད་མི་བོད་རིགས་”ཡིན་པ་འདྲའོ། ། ལོ་རྒྱུས་ཤིག་གི་མངའ་ཐང་དང་མཛེས་སྡུག་ཅིག་གི་དྲན་པ་འཁུར་བའི་ཡུལ་གྲུ་འདིའི་དངོས་ཡོད་ཐོག་མར་མིག་གིས་མཐོང་དུས། སེམས་ལ་དྲན་པ་ཟ་ཟི་ཞིག་ཐོལ་བྱུང་དུ་བརྡོལ་ཏེ། ཕྱི་ཡི་འཛུགས་སྐྲུན་རྒྱལ་རོང་བཞིན་རྔམ་བརྗིད་ལྡན་པ་ཞིག་མིན་པར་ལྷོ་རོང་ཆར་ལྡན་ཡུལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཁང་ཁྱིམ་མང་པོ་འདུག་ཅིང་། དེ་དག་ལ་ལྷས་ར་སྐོར་ཚུལ་སོགས་གང་ཐད་ནས་ཀྱང་བོད་ཀྱི་གྲོང་ཚོ་ཞིག་གི་བརྗིད་ཉམས་དང་མཚར་སྣང་མེད་པས་ངེད་གཉིས་དོན་མེད་དུ་ཡོང་བསམ་སྙམ་པའི་སེམས་ཁུར་ཞིག་ཀྱང་རང་བཞིན་གྱིས་བྱུང་། ལྷག་པར་ཡང་ལམ་བར་ནས་སྤྱི་ལོ་2008ལོའི་ཝུན་ཁྲོན་(汶川)ས་འགུལ་ཆེན་མོའི་སྐབས་ཉིལ་བའི་ཁང་བརྩེགས་དང་འགྱེལ་ཟིན་པའི་མི་མེད་གྲོང་བརྡལ་ཞིག་གི་འཇིགས་སྣང་གིས་སེམས་ངལ་ཆེར་བསྣན། དེ་ལྟ་ནའང་དེ་ནི་སྐད་ཅིག་མའི་སེམས་ཚོར་ཙམ་སྟེ། རླངས་འཁོར་ཁ་ལོ་པས་ངེད་གཉིས་ཡུལ་འདི་གའི་སྐྱེས་མ་ཞིག་ལ་འཚམས་སྦྱོར་གནང་བས་མགྲོན་བསུ་ལེགས་པོ་བྱས་ཤིང་། སྒོས་སུ་ཁྱིམ་བདག་སྐྱེས་པས་ངེད་གཉིས་ཨ་མདོ་ནས་ཡོང་བའི་བོད་པ་ཡིན་པར་ཤེས་པ་ན་གཞིས་བྱེས་ལྷན་འཛོམས་བྱུང་བ་ལྟ་བུའི་དགའ་ཚོར་གྱིས་བོད་ཡིན་ན་ཆང་མི་འཐུང་བའི་སྲོལ་གང་ན་ཡོད། རྫུ་མ་བྱེད་སོགས་ཀྱང་ཟེར་ནས་ནན་བཤད་གནང་བྱུང་།

དེ་རིང་སྔ་དྲོར་དགེ་རྒན་ངེད་གཉིས་ཕིན་ཝུའུ་རྫོང་(平武县)ནས་འདི་གར་འབྱོར་ཞིང་། ཁྱིམ་བདག་མས་ཕག་ཤ་རྔོས་མས་ཐོག་དྲངས་ཟས་སྣ་མང་པོ་མདུན་དུ་བཤམས་ནས་བསུ་མའི་ཟས་ཐུན་དང་པོ་བསྟབས་སོ། ། གུང་ཟས་ཟིན་པ་ན་ཁྱིམ་བདག་མས་“དེ་རིང་སྡེ་བའི་ཁྱིམ་ཚང་ཞིག་ན་གཏོ་འཕེན་བཞིན་འདུག ། ཁྱེད་གཉིས་དེར་འགྲོ་འམ་”ཟེར། ངེད་གཉིས་ཀྱི་འདོད་ཐོག་ལ་རང་བཞིན་གྱིས་ཁེལ་བས་དེ་གར་ཕྱིན་པ་ཡིན། ཁྱིམ་ཚང་དེ་བས་ཨ་མཆོད་ཅིག་གདན་དྲངས་ནས་ཆོས་ཀྱི་ཆོ་ག་སྒྲུབ་བཞིན་འདུག ། བལྟས་ཚོད་ལ་ཨ་མཆོད་ཁོང་ལོ་ཚོད་སུམ་ཅུ་ཡས་མས་ཙམ་འདུག་ཅིང་བོད་ལྭ་གྱོན་ཞིང་ལག་གཡོན་པའི་ཕུ་རུང་ཕུད་དེ་རྔ་རྡུང་བ་དང་། སིལ་སྙན་དཀྲོལ་ཞོར་ཕྱིང་གདན་ངོས་ཀྱི་དཔེ་རྙིང་མཐུག་པོ་ཞིག་ལ་བལྟས་ནས་སྐད་གསེང་མཐོན་པོས་ཅི་ཞིག་འདོན་བཞིན་འདུག ། རྣམ་རིག་བསྒྲིམས་ནས་ཉན་ན་བོད་སྐད་ཡིན་པ་ལམ་སེང་ཤེས་ཐུབ་ལ་མཚམས་མཚམས་སུ་“རྨ་རྒྱལ་སྦོམ་ར་”ཟེར་བའང་བརྟག་ཐུབ། ཨ་མཆོད་ཀྱི་གམ་དུ་བཅར་ནས་དཔེ་ཆར་ལྟ་བཞིན་ཁོང་གི་ངག་ལ་ཉན་ན་ཏན་ཏན་ཨམ་སྐད་ཀྱི་ཀློག་སྟངས་འབའ་ཞིག་གམ་སྙམ་པ་བྱུང་། ཡང་ཅོག་ཙེ་དང་ཆ་སྒམ་སྟེང་དུ་མར་གྱིས་གཏོ་བཅོས་འདུག་ལ་དེ་གར་སེམས་ཅན་ཞིག་གི་རྒྱུ་མ་དང་ཁྲག་སོགས་ཀྱང་མཆིས་པས་དམར་མཆོད་བྱེད་སྲོལ་འདུག ། རྒན་ཚངས་དབང་དགེ་འདུན་བསྟན་པའི་《སྟོད་པོ་ཡུལ་གྱི་མཐོང་ཐོས་》ལས་“ཁོ་ཚོས་དད་མོས་བྱེད་པའི་ཆོས་ལུགས་ནི་གདོད་མའི་བོན་པོ་ཡིན་པ་ལས་གཡུང་དྲུང་བོན་པོ་མིན་ཞེས་ཟེར་”བ་ཡང་འདི་ལྟ་བུ་ལ་གཞིགས་ནས་བཤད་པ་ཡིན་སྙམ་སྟེ། དམར་པོ་ཤ་ཁྲག་གི་མཆོད་པ་ལ་སྟོན་པ་གཤེན་རབ་ཀྱིས་མ་དགྱེས་པར་བཀག་མྱོང་བ་བོན་གྱི་ཡིག་ཚང་《སྲིད་པ་སྤྱི་མདོས་》སུ་གསལ་ལོ། ། ཆོ་ག་གྲོལ་རྗེས་དགེ་རྒན་གྱིས་དཔེ་རྙིང་དེ་ཉིད་སློག་པ་ན་རྒྱལ་བ་གཤེན་རབ་ཀྱི་མཚན་ཡང་ལན་དུ་མར་མཐོང་བས་གཅིག་བྱས་ན་གཡུང་དྲུང་བོན་གྱི་ཆ་ཡང་བསྲེས་ཡོད་སྙམ།

ཡིན་ནའང་ཁོང་ཅག་གི་ཁྱིམ་དུ་མཆོད་ཁང་དང་། ཡུལ་སྡེ་ཐུན་མོང་ལ་ལྷ་ཁང་སོགས་གང་ཡང་མེད་པས་བོན་ལྷའི་སྐུ་རྟེན་བཞེངས་སྲོལ་མི་འདུག ། ལུགས་རྙིང་གི་ཟླ་བ་གཉིས་པའི་ཚེས་གཅིག་ཉིན་གཉན་ཡེ་ཤེས་བླ་མ་(白马老爷)ཟེར་བའི་རི་ཞིག་ནས་ལྷ་ཤིང་ཞིག་ལ་མཆོད་སྲོལ་ཡོད་པར་བཤད་པས་ངེད་གཉིས་དེ་ཉིད་འཚོལ་དུ་བསྐྱོད་པ་ཡིན། རི་ཀླུང་ཀུན་ལ་ལྕང་མ་དང་གླང་མ། ཚེར་མ་སོགས་ཀྱིས་བརྒྱན་པའི་ལུང་ཀྱོག་རིང་མོ་ཞིག་བརྒྱུད་ནས་དུས་ཚོད་གཉིས་ལྷག་བཙལ་བའི་མཐར་རི་སྐེད་ཅིག་ན་གསོམ་སྡོང་ཤིན་ཏུ་ཕྲ་བ་སྐྱེས་ཡུན་ལོ་ན་ཉི་ཤུ་ཙམ་ལས་འགོར་ཨེ་ཡོད་སྙམ་པ་ཞིག་ལས་གཞན་བླ་སྡོང་བགྲེས་སོང་བཀུར་འོས་པ་ཞིག་མ་རྙེད། ཕྱིར་ལོག་པའི་ལམ་བར་ནས་བུད་ཤིང་འཐུ་བར་འགྲོ་བཞིན་པའི་མི་ཞིག་ལ་ཕྲད་པས་ཁོང་ཅག་གིས་བཀུར་བའི་ལྷ་ཤིང་ནི་ཏག་ཏག་གསོམ་སྡོང་ཕྲ་མོ་དེ་རེད། ངེད་གཉིས་ཀྱིས་སྔོན་མར་དེ་གར་སྡོང་རྒན་ཞིག་ཡོད་སྲིད་ཀྱང་ལྷ་འདྲེ་གདོན་བཀག་གི་སྐབས་སུ་གསར་བརྗེ་བ་རྣམས་ཀྱིས་བརླགས་པ་ཨེ་ཡིན་སོགས་ཀྱང་ཚོད་དཔག་བྱེད་བཞིན་རི་འདབས་ནས་གསོམ་སྡོང་པར་ཞིག་བརྒྱབ་རྗེས་ཐད་ཀར་ཕྱིར་ལོག་པ་ཡིན། དེ་མ་གཏོགས་འདོན་ཆོག་གི་གཏོར་རྒྱག་མཐོང་མི་ཐུབ་པས་མྱུར་མོས་གོང་གི་ཁྱིམ་ཚང་དེར་ཆས་པ་ཡིན། ལམ་བར་ནས་བྲག་གསེབ་ཏུ་རིང་ཚད་ལ་ལི་སྨི་50ཙམ་མཆིས་པའི་ཤིང་སྒྲོམ་ལྔ་དྲུག་ཙམ་མཐོང་བ་སྤུར་སྒམ་ཡིན་སྙམ་ནས་མར་ཡོང་སྟེ་ཁོང་ཅག་ལ་དྲིས་པ་ན་དེ་ནི་སྦྲང་གསོའི་སྒམ་ཡིན་པར་བཤད་པས། ཁོ་བོས་ཤིང་སྒྲོམ་ཞིག་གི་རིང་ཚད་འཇལ་དུས་ཀྱི་ཞེད་སྣང་དང་རྣམ་རྟོག་ལ་ཁོང་དགོད་ཅིག་རང་དབང་མེད་པར་ཤོར་དགོས་བྱུང་། སྔོན་གྱི་ལྷ་ཤིང་ཤིན་ཏུ་སྦོམ་པོ་ཞིག་ཡོད་པ་དེའང་ལོ་ངོ་བཅུ་ཕྲག་ཙམ་གྱི་སྔ་རོལ་དུ་རི་བསང་གི་མེ་དགྲ་ཤོར་ནས་བསྲེགས་པར་བརྗོད།

རིམ་གྲོ་སྒྲུབ་མཁན་ཚང་ལ་ཁྱིམ་མཚེས་དང་ཤ་ཉེ་རྣམས་ཀྱིས་ཝུ་ཆང་ཤོག་སྒམ་གང་རེ་བསྐྱལ་ནས་འོང་བཞིན་འདུག་ལ། ངེད་གཉིས་ལ་ཡང་སྔ་མ་བཞིན་ཆང་འཐུང་འོས་ཚུལ་གྱི་གཏམ་མང་པོ་ལབ་བྱུང་། འདི་གར་འཛོམས་པའི་སྐྱེས་པ་ཕལ་མོ་ཆེས་ཆང་དང་ཐ་མག་ལ་དགའ་ཚོད་རེད། ཨ་མཆོད་ལ་རམ་འདེགས་གནང་མཁན་གྱི་རྒད་པོ་ཞིག་གིས་འཁར་རྔ་རྡུང་དུས་ཐ་མག་ཁར་བཙུགས་ནས་ལྷོག་ལྷོག་ཏུ་འཐེན་པ་དང་། གསར་བུ་རྣམས་ཀྱིས་ཀྱང་འདོན་ཆོག་ལ་སྣང་དོགས་ཅི་ཡང་མེད་པར་ཁ་པར་ལ་མགོ་འཁོར་ཞོར་ཐ་མག་མཚམས་མེད་པར་རྔུབ་བཞིན་འདུག ། ཁྱིམ་བདག་གི་མིང་ལ་ཐར་གཟུངས་ཟེར་ལ་ཁོང་ནི་སྡེ་བ་འདིའི་བོད་ཡིག་ཤེས་མཁན་གཅིག་པུ་ཡིན་པས་འདི་གའི་རྒྱུད་འཛིན་པར་(传承人)བཀུར་འདུག ། དེ་སྐད་གོ་མ་ཐག་ཁོང་གིས་བོད་ཡིག་ཤེས་པས་ཡུལ་འདིའི་རིག་གནས་ཀྱི་རྒྱུད་འཛིན་པར་བཀུར་པ་ལས་ཀྱང་ང་ཚོ་ལ་གནས་ལུགས་ཟབ་མོ་ཞིག་སྟོན་བཞིན་ཡོད་ཨང་སྙམ་བྱུང་། དགེ་རྒན་གྱིས་“ཁྱེད་ཅག་གི་མེས་པོ་གང་ནས་མཆེད་པ་དང་། ཡུལ་འདིའི་ལོ་རྒྱུས་འཆད་པའི་དཔེ་རྙིང་འདྲ་ཡོད་དམ་”ཞེས་དྲིས་པ་ན་སྔོན་མར་《གནམ་རྒྱལ་གཟུངས་》ཟེར་བ་ཞིག་ཡོད་པ་ངེད་ཅག་གི་ལོ་རྒྱུས་དེབ་ཐེར་ཡིན་མོད་སྡེ་བ་འདི་ནི་ཀུང་ཧྲེ་འཛུགས་ཡུལ་ཡིན་པས་རིག་གསར་སྐབས་དཔེ་རྙིང་ཚང་མ་མེ་ལ་བསྲེགས་པ་རེད། སྡེ་འདིའི་མར་གཤམ་ན་མཆིས་པའི་ཨ་མཆོད་ཀྱི་སྡེ་བར་ད་དུང་དཔེ་རྙིང་མང་པོ་ཡོད་ལ་བོད་ཡིག་ཤེས་མཁན་ཡང་བདུན་བརྒྱད་ཙམ་ཡོད་པ་སོགས་ཀྱང་བཤད། གཞན་ཡང་མཁས་དབང་དམུ་དགེ་བསམ་གཏན་གྱི་《དྭགས་པོ་མི་རིགས་སྐོར་གྱི་གནད་དོན་》ཞེས་པར་ཡུལ་འདི་ནས་རྒྱ་ཡིག་མིན་པའི་ཡིག་རྙིང་བརྐོས་ཡོད་པའི་རྡོ་རིང་ཞིག་རྙེད་ཚུལ་གླེང་བ་དང་། དེའི་ཡི་གེ་ཡང་དཔེ་རྙིང་དུ་གསལ་བའི་བོད་ཡིག་འདྲ་བ་ཞིག་ཡིན་སྙམ་ཡང་དེང་སང་རྡོ་རིང་དེ་ཉིད་འུ་ཅག་གི་མཐོང་སྐལ་དུ་མེད་པ་དེས་ཀྱང་བདེན་དཔང་གཞན་ཞིག་བྱས་ཡོད་དོ། །

ཨ་མཆོད་ཀྱི་དཔེ་རྙིང་།

དེ་ནས་ཐར་གཟུངས་ཁོང་རང་གིས་གསར་དུ་བྲིས་པའི་དཔེ་ཆ་སྣ་རིང་ཞིག་བསྟན་བྱུང་བ་དང་། དེར་གསང་མཆོད་དང་། གཏོ་ཆོག ། ས་བཅོས་སོགས་ཀྱི་བརྗོད་བྱ་སྣ་མང་འདུས་ཤིང་། དགེ་རྒན་གྱིས་དེ་ཉིད་སློག་ཅིང་ངས་ནི་ཐར་གཟུངས་ལགས་ལ་བོད་ཡིག་གི་ཀ་མད་སུམ་ཅུ་བྲིར་འཇུག་པ་ན་ཁོང་གིས་བོད་ཡིག་དབྱངས་གསལ་ནས་བརྩམས་ཏེ་སྦྱངས་པ་མིན་པར་བཤད་པས། “ཡུལ་འདིར་བོད་ཡུལ་གྱི་ལུང་བ་གཞན་དག་ནང་བཞིན་བོད་སྐད་ཡིག་གི་བརྡ་སྤྲོད་ཀློག་སྟངས་དང་བསླབ་ཚུལ་ནི། གསལ་བྱེད་སུམ་ཅུ་དང་། དབྱངས་ཡིག་བཞི། ར་མགོ་བཅུ་གཉིས་སོགས་ཀྱི་གོ་རིམ་ཐོབ་ཐང་དེ་འདྲ་གང་ཡང་མི་འདུག ། དེ་ནི་གནའ་དུས་ནས་ད་ལྟའི་བར་དུ་མེད་པ་ལས་དེང་སང་ཉམས་སོང་བ་དེ་འདྲ་མིན་པར་བཤད། ཡི་གེ་འབྲི་ཀློག་སློབ་དུས་ཨོཾ་ནས་མགོ་བརྩམས་ཏེ། ཐད་ཀར་མིང་ཚིག་ཡི་གེ་རྣམས་ཚེག་བརྡར་བྱས་ནས་འགྲོ་བ་མ་གཏོགས་མེད་ཟེར།”ཞེས་རྒན་ཚངས་དབང་ལགས་ཀྱིས་གསུངས་པ་དངོས་ཡོད་གནས་ཚུལ་ལྟར་རེད། གུས་པས་ཁ་པར་དུ་ཀ་མད་སུམ་ཅུ་གཏགས་ཏེ་ཐར་གཟུངས་ཁོང་གིས་དེ་ལ་བལྟས་ནས་ཁོང་ཅག་གི་འབྲི་ལུགས་ལྟར་གསལ་བྱེད་སུམ་ཅུ་བྲིས་པ་གཤམ་གསལ་ལྟར་རོ། ། ཀློག་སྟངས་ཐད་ནས་བ་ཝ་འ་གསུམ་ནི་བ་ལྟར་ཀློག་བཞིན་འདུག་ལ། སྒོས་སུ་ཝ་ནི་འ་དང་བ་དེ་ནས་ཙ་རྟགས་ཀྱིས་བྲིས་པས་ཁོང་གིས་འབྲི་ལུགས་འདི་ནི་ངེད་ཅག་གི་དཔེ་རྙིང་ལས་གཞན་ལ་མེད་པས་ཐུན་མོང་མིན་པ་ཞིག་ཡིན་ཞེས་བརྗོད་ཞོར་དཔེ་རྙིང་ལས་ཝ་ཡིག་ཙ་རྟགས་ཅན་བཙལ་ནས་བསྟན་བྱུང་།

སྐབས་འདིར་དགེ་རྒན་གུར་མགོན་གྱིས་རང་གི་སྐད་འཕྲིན་དུ་ “ཝ་ཙ་རྟགས་ཅན། འདིའི་ནང་ན་གནད་ཅིག་ཡོད།”ཅེས་གཤམ་གྱི་པར་འདི་དང་བཅས་ཏེ་སྤེལ་བ་ལ་ཕྱིས་ཁོ་བོས་གནད་གང་ཡོད་དྲིས་དུས། ཁོང་གིས་“མཁས་དབང་དགེ་ཆོས་ཀྱི་རྣམ་དཔྱོད་ཀྱི་ཟུར་ཞིག་འདི་ན་སྣང་། འདི་སློབ་དཔོན་ཐོན་མིས་ཡི་གེ་གསར་དུ་བརྩམས་ཚུལ་ལ་དཔྱད་པའི་གནད་ཅིག་ཀྱང་རེད་”ཟེར། དེ་ནི་《གཏམ་རྒྱུད་གསེར་ཐང་》ལས། “གཞན་ཁྱེད་ཅག་གི་བློ་ངོར་ཆེས་ཤིན་ཏུ་འཐད་དཀའ་མོད། རིགས་པས་བརྟག་ན་ཤིན་ཏུ་ཡང་འཐད་པ་འདི་སྨྲ་བར་བྱ་སྟེ། དེ་ཡང་ཙ་ཚ་ཛ་སོགས་བསྣན་པར་མ་ཟད། བསྣན་པའི་རྟགས་ཀྱང་ཐུ་མིས་བཏབ་པ་ཡིན་ནོ།། རྟགས་ཅི་འདྲ་ཞིག་མཐོང་ཞེ་ན། གསར་པ་ཅི་ཡང་མ་མཐོང་གི་ཙ་ལག་གམ་ཙ་རྟགས་སུ་གྲགས་པ་དེ་དག་གསར་དུ་བསྣན་པའི་ཡི་གེ་དག་ལ་རྟགས་བཏབ་པ་ཡིན་ནོ།།་་་་་་་་་་་་འོན་ཀྱང་ཝ་ཡིག་ཀྱང་རྒྱ་སྐད་ལ་མེད་ཟེར་བ་ག་ལ་འཐད་སྙམ་ན། ཤིན་ཏུ་ཡང་འཐད་དེ་རྒྱ་སྐད་ཀྱི་ནང་དུ་ཝ་ཡིག་ཀྱང་རང་རེའི་སྒྲ་བཞིན་ཀློག་པ་གཏན་ནས་མེད་ཅིང་།་་་་་་་་་་་་དེ་ཡང་ལ་དང་བ་གཉིས་བསྲེས་པ་ཡང་མིན་གྱིས་འ་དང་བ་གཉིས་བསྲེས་པ་ཡིན་ནོ་སྙམ་སྟེ། ཡིག་རྙིང་མང་པོར་ཝ་ཡིག་གི་གཟུགས་ཀྱང་འྦ་འདི་ལྟར་སྣང་ཞིང་། དེ་ལས་དབུ་མེད་ཀྱི་ཝ་ཡིག་གི་གཟུགས་ཀྱང་བྱུང་བར་གསལ་བའི་ཕྱིར་དང་། འདིའི་ཀློག་ཚུལ་ཡང་འ་དང་བ་གཉིས་བསྲེས་པ་རང་ཡིན་ཏེ། ཁམས་ཕྱོགས་པ་ཕལ་ཆེར་ཀྱི་(གྱི)སྐད་ལ་འ་དང་ཝ་གཉིས་ཕན་ཚུན་ནོར་འགྲོ་བ་ཙམ་དུ་ཀློག་ཅིང་།་་་་་་་་་གལ་ཏེ་འ་དང་བ་བསྲེས་ནས་ཝ་ཡིག་བྱུང་བ་ཡིན་ན། ཝ་ཡིག་གི་སྟོད་ལ་དང་འདྲ་བ་དེ་ཅི་ཡིན་ཞེ་ན། དེ་ལ་ཡང་ཙ་རྟགས་བཏབ་པ་ཡིན་ཏེ།”ཞེས་སོགས་རྒྱས་པར་གསུངས་ཡོད་པ་དེ་ཡིན་འདུག་ལ། དཔྱད་པ་འདིའི་མཇུག་ཏུ་ད་དུང་ཁོང་གིས་“ངེད་ཀྱི་གཏམ་འདི་ཁྱེད་ཅག་གི་རྣ་བར་འགྲོ་བ་ལྟ་ཅི། རྣ་བས་མཉན་པར་ཡང་མི་སྲིད་མོད། བདག་ལ་ཡང་ཤེས་རབ་ཅན་འགའ་ཞིག་ལ་གོ་བ་ཨེ་སྐྱེས་སྙམ་པ་ལས། ཁ་འཛིན་གྱི་ཨུ་ཚུགས་ཀྱིས་བཟློག་པའི་རེ་བ་ཞིག་ག་ལ་མཆིས་ཏེ། ཨུ་ཚུགས་ནི་རང་ཉིད་མ་ངལ་ན་ཅི་ཙམ་འདོད་པའི་བར་དུ་བྱེད་ནུས་པས་སོ།། ”ཞེས་གསུངས་པ་ཡང་ངེས་པར་དྲན་འོས་པ་ཉིད་དོ།། ཁོ་བོས་ད་ཕན་བར་མཇལ་བའི་བོད་ཡིག་གི་བསྟན་བཅོས་རྣམས་ལས་ཀློག་ཐེངས་མང་པ་《གཏམ་རྒྱུད་གསེར་ཐང་》ཡིན་ཡང་འདི་ཡི་རྐྱེན་བྱས་དེ་རུ་ད་དུང་རང་ཉིད་ཀྱིས་དོ་སྣང་མ་བྱས་པའི་གནད་མང་པོ་ཞིག་ཀྱང་ལྷག་ཡོད་པར་སྙམ་པས་ཡང་བསྐྱར་ཀློག་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་སོང་།

ཡུལ་འདིའི་སྐྱེས་པ་རྣམས་ཀྱི་ལྭ་བ་ནི་བོད་ལྭ་བྱིངས་དང་འདྲ་ཡང་། སྐྱེས་མ་རྣམས་ཀྱི་ལྭ་བ་ནི་བལྟས་ཚོད་ལ་སི་ཁྲོན་ས་ཁུལ་དུ་གནས་པའི་ཏེ་རིགས་དང་དབྱི་རིགས། ཆཱང་རིགས་ཀྱི་སྐྱེས་མ་རྣམས་ཀྱི་གྱོན་པ་དང་འདྲ། དུད་ཁྱིམ་རེའི་ཁང་ཁྱིམ་གྱི་ཀླད་དུ་བྱ་ཕོ་དཀར་པོའི་སྐུ་གཟུགས་གཉིས་རེ་བཞེངས་པ་དང་། མགོ་ལ་བྱ་སྒྲོ་བཙུགས་པའི་ཕྱིང་ཞྭ་ལེབ་མོ་གྱོན་སྲོལ་ནི་འདི་གའི་ངག་རྒྱུན་ཞིག་ལ་འབྲེལ་ནས་བྱུང་བ་སྟེ། བྱ་ཕོ་དཀར་པོ་ཞིག་གིས་དམག་བརྡ་བཏང་ནས་ཉེན་ཁ་ལས་བསྐྱབས་པས་དེ་ཉིད་རྗེས་དྲན་ལ་ཁང་བའི་ཡང་སྟེང་དུ་བྱ་གཟུགས་བཞེངས་པ་དང་དབུ་ཞྭ་ལ་བྱ་སྒྲོ་དཀར་པོ་བཙུགས་པར་བཤད་ཅིང་རྒྱས་པར་རྒན་ཚངས་དབང་དང་གངས་དབང་ལགས་ཀྱི་རྩོམ་སོགས་ལས་ཤེས་པར་ཞུ། སྐྱེས་མ་རྣམས་ཀྱི་“ཞྭ་དཀར་གྱི་སྟེང་ལ་བྱ་སྤུ་གཉིས་ཡིན་ན་གཉེན་སྒྲིག་བྱས་ཟིན་པ་དང་། གསུམ་ཡིན་ན་ཆང་ས་རྒྱག་མ་མྱོང་བའི་རྟགས་ཡིན། རྒན་མོ་ལོ་ལོན་ཡིན་ཚེ་བྱ་སྤུ་གཅིག་མ་གཏོགས་མེད། སྐྱེས་པ་ཕོ་ཚོའི་ཞྭ་ལའང་བྱ་སྤུ་གཅིག་བཏགས་ཀྱང་། བྱ་སྤུ་ནི་མཐོ་གང་ཙམ་ལས་མེད་དོ། །”(ཚིག་འདི་《སྟོད་པོ་ཡུལ་གྱི་མཐོང་ཐོས་》ལས་བཤུས།) གཞན་ཡང་སྐྱེས་པ་ཚོས་བྱ་སྒྲོ་གཅིག་བཙུགས་པ་ནི་ཡིད་གཉིས་ཐེ་ཚོམ་མེད་པའི་སྤོབས་པ་ལྡན་ཞིང་གཅིག་ལས་གཉིས་མིན་པའི་དྲང་བཞག་གི་གཤིས་རྒྱུད་བརྟན་པོ་མཚོན་པ་དང་། སྐྱེས་མ་ཚོས་བྱ་སྒྲོ་གསུམ་བཙུགས་པ་ནི་དྭངས་གཙང་ལྷད་མེད་དང་གཤིས་འཇམ་གཞུང་དྲང་ཡིན་པའང་མཚོན་པར་བཤད་དོ། ། (རྒྱ་ཡིག་གི་དེབ་《ཕིན་ཝུའུ་བོད་དམག་བོད་རིགས་》ཞེས་པར་གསལ།)

ཁྱིམ་ཚང་རེ་རེར་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་འགྲུལ་ཁང་མང་པོ་འདུག་ཀྱང་། ཉིན་འདིར་ལྗོངས་རྒྱུ་བ་དགེ་རྒན་ངེད་གཉིས་ལས་མེད་པ་འདྲ་བས་ཕལ་ཆེར་དུས་ཚོད་མ་འགྲིག་པ་ཡིན་སྙམ་མོད། ཁོང་ཅག་གིས་བཤད་པ་ལྟར་ན་མ་གཞི་སྡེ་འདིའི་སྔུན་རིའི་(དྭགས་པོའི་ཡུལ་སྐད་ལྟར་བྲིས། རྒྱབ་རི་ལ་ཡེབ་རི་ཟེར་བཞིན་འདུག།)འདབས་སུ་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་པའི་ཡུལ་འདིའི་ལྷིང་འཇགས་དང་མཛེས་སྡུག་རྣམས་ཀྱང་དེ་ཡིས་བཅོམ་པས་ལོ་སྔོན་མ་དང་བསྡུར་ན་ཡུལ་སྐོར་བ་ཡང་ལྟོས་བཅོས་ཀྱིས་ཇེ་ཉུང་དུ་སོང་བར་བརྗོད། ཁྱིམ་ཚང་ཞིག་གི་ཁང་བ་ཡང་གཞུང་ལམ་ལ་ཁེལ་བས་སྐྱེས་པ་རྣམས་ཀྱིས་རོགས་ལ་ཡོང་ནས་བཤིག་པ་དང་། ལ་ལས་ཤིང་ཆ་སྐྱེལ་བའི་ལས་ལ་བྲེལ་བཞིན་འདུག ། དེ་ལྟར་བོད་དམག་ལུང་བ་ནས་མཐོང་ཐོས་བྱུང་བ་རྣམས་ཕྱིར་དྲན་ལན་གཅིག་བྱེད་ཞོར་ང་དང་དགེ་རྒན་གཉིས་ཀྱིས་ནུབ་འཚལ་འཐུངས་རྗེས་ཕྱི་ཉིན་ཞོགས་པར་གནས་ཚང་བདག་མོ་ལ་བཀའ་དྲིན་གྱི་གཏང་རག་དངུལ་ཡང་འོས་འཚམ་ཤིག་ཕུལ་ནས་ཕྱིར་རང་མལ་དུ་ལོག་པ་ཡིན། རླངས་འཁོར་གྱི་སྒེའུ་ཁུང་གཡས་གཡོན་ལས་མཐོ་རྒྱུ་མེད་པའི་རི་བོ་ཀུན་ལ་ལྗང་མདོག་གིས་ཕྱུག་པ་མིག་ལམ་དུ་འཁོར་དུས་གླུ་དབྱངས་《རེབ་གོང་གསེར་མོ་ལྗོངས་》ལས་“རི་ལུང་ཀུན་ལ་འབྱོར་ཕྱུག་སྤྲིན་ལྟར་འཕྱུར་”ཅེས་པ་ཁོ་བོའི་ཕ་ཡུལ་རེབ་གོང་གི་རི་སྐྱ་བོ་རྣམས་ལ་སྦྱར་བ་ལས་ཡུལ་འདི་ལྟ་བུ་ལ་བསྟོད་ན་ཤིན་ཏུ་འཚམ་པོ་རེད་སྙམ་ཞིང་། དེ་ནས་རྒན་གུར་མགོན་ལ་ད་ལན་གྱི་འགྲུལ་བཞུད་ལ་ཡང་གླུ་ཞིག་ལེན་འོས་ཚུལ་གྱི་རེ་བ་ཞུས་པ་ན་ཕྱིས་སུ་ང་ལ་གཤམ་གྱི་ཚངས་མགུར་དང་འདྲ་བའི་ཚིགས་བཅད་ཐོལ་བྱུང་མ་བསྐུར་བྱུང་ངོ་། །

རི་མགོ་མཐོ་ལ་གནས་པའི། །

བླ་སྐྱེས་གསོམ་དཀར་སྡོང་ཕྲ། །

སྟོད་ལུང་རོང་ལ་བབས་པའི། །

མ་འཕུར་སྒྲོ་དཀར་བུ་མོ། །

མགྲོན་ལ་བསེར་མས་སྒུལ་ཡང་། །

ཞེ་ལ་འདྲོགས་པ་མ་གནང་། །

ངེས་པར་ཕྱིར་དྲན་དུ་འོས་པ་གཅིག་ནི་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པའི་ནང་ལ་“པེ་མཱ་རིགས”མི་རིགས་གང་ལ་གཏོགས་པའི་ཐད་རྩོད་གླེང་ཞོགས་ཆེར་བྱུང་བ་དེ་ཡིན། ནང་ཁུལ་དཔྱད་ཡིག་དེབ་ཅིག་ལ་རྩོམ་ཡིག་སོ་ལྔ་མཐོང་ཞིང་། དེ་ཀུན་སྐབས་དེའི་མི་རིགས་རིག་པ་དང་། སྐད་བརྡ་རིག་པ། མིའི་རིགས་རིག་པ། ལོ་རྒྱུས་རིག་པ་ཁྱབ་ཁོངས་སོ་སོར་སྐད་གྲགས་ཆེ་བའི་མཁས་པ་དག་གིས་བརྩམས་ཤིང་སྲིད་གཞུང་ལ་ཟུར་ལྟའི་དཔྱད་གཞིར་ཕུལ་བ་ཞིག་ཡིན་འདུག་ཅིང་། དེ་ལས་མང་ཤོས་“པེ་མཱ་རིགས”ནི་བོད་མིན་པར་མི་རིགས་ལོགས་པ་ཞིག་ཡིན་པར་སྒྲུབ་བྱེད་རེད། དེའི་ཁྲོད་དུ་པེ་ཅིང་སློབ་གྲྭ་ཆེན་མོའི་མཁས་པ་གྲགས་ཅན་སུན་ཧོང་ཁའེ་(孙宏开)དང་ཧྥེ་ཞའོ་ཐུང་(费孝通)གཉིས་ཀྱང་བོད་རིགས་མིན་པའི་ཕྱོགས་ལ་དངོས་བརྒྱུད་ཅི་རིགས་ནས་འཐེན་འཁྱེར་བྱེད་མཁན་ཡིན་འདུག ། མཁས་དབང་དམུ་དགེ་ཚང་གིས་མཛད་པའི《དྭགས་པོ་མི་རིགས་སྐོར་གྱི་གནད་དོན་》ཡང་རྒྱབ་ལྗོངས་དེ་འདྲའི་སྒང་ལ་ཐོན་པ་ཞིག་ཡིན་འདུག་ཅིང་། རྒྱ་ཡིག་ཏུ་བསྒྱུར་ནས་རྩོམ་དེ་ཚོའི་གྲས་སུའང་བཞུགས། དེར་མ་ཟད་སྤྱི་ལོ1987ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་ཕིན་ཝུའུ་རྫོང་མི་དམངས་སྲིད་གཞུང་གིས《པེ་མཱ་རིགས་སུ་འབོད་པ་དེ་ཏིས་རིགས་ལ་ཐག་གཅོད་གནང་རྒྱུར་ཕུལ་བའི་སྙན་ཞུ་》ཟེར་བ་ཞིག་ཕུལ་འདུག་ཅིང་། སྙན་ཞུ་དེར་1951ལོ་ནས་ད་ལྟའི་བར་པེ་མཱ་རིགས་བོད་ཡིན་པར་སྙམ་མོད། པེ་མཱ་ཁོ་རང་ལ་མི་རིགས་ཡན་གར་བ་ཞིག་གི་གཞི་རྩའི་ཆ་རྐྱེན་རྣམས་ཡོངས་སུ་འཛོམས་པས། མྱུར་དུ་པེ་མཱ་རིགས་འདིའི་མི་རིགས་དབྱེ་ཐག་ངེས་པར་གཅོད་དགོས་(要求认定“白马族”为氐族)སོགས་བྲིས་འདུག ། འདི་ལས་སྐབས་དེའི་“པེ་མཱ་རིགས”མི་རིགས་གང་ཡིན་ཐད་ཀྱི་རྩོད་གླེང་དང་དཀའ་རྙོག་རྣམས་མཐོང་བར་འགྱུར་ལ། མཁས་པ་སྔ་མ་དག་གི་གལ་ལ་ཐུག་ན་ཐུགས་སྤོབས་དང་རྣམ་དཔྱོད་ཇེ་ཆེར་འགྱུར་བའི་མིག་ལྟོས་ཀྱང་ཡང་ཡང་དྲན་དགོས་པ་ཉིད་དོ།། དེ་ནི་རྒན་གུར་མགོན་གྱི་སྐད་ཆས་བཤད་ན། “རང་རེར་མཁས་པ་དང་ལས་བྱེད་པ་རུས་རྐང་ལྕགས་ལ་བྱས་པ་དང་། བླ་འཚོང་རྣ་གཅོད་བརླ་ཤ་མར་ལ་བཟོས་པ་དག་སྔོན་གྱི་ཚེ་ཡང་བྱུང་ཡོད་ལ་ད་ལྟར་ཡང་འབྱུང་བཞིན་པ་རྣམས་ངེས་པར་བརྗེད་དུ་མི་རུང”ཟེར་བ་བཞིན་ནོ།།

སྤྱི་ཟླ་5པའི་ཚེས་7ཉིན་གྱི་ཕྱི་དྲོར་རྒན་གུར་མགོན་སྐྱབས་ཀྱིས་ང་ལ་དྭགས་པོ་ལུང་པར་འགྲོ་བའི་གྲོས་བཏབ་པས། ང་རང་ཡུན་ཙམ་ལ་ཐེ་ཚོམ་གྱི་འདམ་ལ་ཟུག་སྟེ་རྒྱལ་རོང་བསྐོར་ནས་བདུན་ཕྲག་གཅིག་མ་འགོར་བར་ཡང་བསྐྱར་འགྲུལ་བཞུད་ཅིག་གི་མགོ་བརྩམས་ན་ནང་མི་ཚོས་ཅི་ཟེར་མིན་དང་། ལག་ན་སྒོར་མོ་ག་ཚོད་ཡོད་མེད། སློབ་གྲྭ་ན་ལས་བྱ་ཡོད་མིན་སོགས་ལ་བསམ་བློ་གཏོང་དུས་འགྲོ་སོང་དགེ་རྒན་གྱིས་གཏོང་ཆོག་ཅེས་གསུངས་པ་ན་དེའི་བསླུ་བྲིད་ལྡོག་མ་ནུས། བོད་དམག་ལུང་བའི་ཡུལ་སྐད་དུ་“བཀའ་དྲིན་ཆེ་”ལ་“རོ་ཁྱེ་”ཟེར་ཞིང་། ཡི་གེ་ནི་“བཟང་ཀྱད་”ཞེས་འབྲི། ཁོང་ཅག་གི་ཡུལ་སྐད་དུ་ཟ་ལ་ར་ལྟར་ཀློག་སྟེ་དཔེར་ན་ཐར་གཟུངས་ལ་ཐར་རོ་ཞེས་འབོད་པ་ལྟ་བུ། རྒན་གུར་མགོན་གྱིས་ཀློག་སྟངས་དང་ཡིག་ཚུགས་ལ་གཞིགས་ནས་“བཟང་བྱས་”ཡིན་པར་རིགས་འདེད་བྱས། དེ་ནས་ངས་ཀྱང་སྒོ་དམར་དོར་སྐད་དུ་“བཟང་ཡོ་”ཞེས་པའི་ཡོ་སྒྲ་དེའང་འབྲུ་ལྷག་ཞིག་མིན་པར་“བཟང་བྱོས་”ལྟ་བུ་ནས་ཟུར་ཆག་པ་ཞིག་ཨེ་ཡིན་སྙམ་སོང་། གནས་འདི་དང་ཨ་མྱེས་ཡུལ་ལྷའི་ཕ་ཡུལ་དུ་བསྐྱོད་པའི་འགྲོ་སོང་མཐའ་དག་དགེ་རྒན་ལགས་ཀྱིས་བཏང་བས་འདིར་ཆེད་དུ་ཁོང་ལ་རོ་ཁྱེའམ་བཟང་ཡོ་ཟེར་བ་ཡིན། དེ་ནི་ནང་མི་ཚོར་ད་ཐེངས་ལྡོམ་པ་ལ་རང་གི་སྒོར་མོ་བརླགས་མེད་ཅེས་གསལ་བཤད་བྱས་པ་དང་འདྲའམ་ཞེས་ཀུ་རེ་འདྲེས་མས་གནས་སྐོར་རེག་ཟིག་འདིའི་མཇུག་གྲུབ་པར་བྱས་སོ། །

དྭགས་པོ་ཡུལ་གྱི་ལམ་ཡིག །

  1. ཁྲིན་ཏུའུ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཤར་མ་ནས་མགྱོགས་འཁོར་ལ་བསྡད་ནས་དུས་ཚོད་ཕྱེད་ཀ་ལྷག་ལ་བསྐྱོད་ན་མེན་ཡཱང་གྲོང་ཁྱེར་(绵阳)དུ་འབྱོར། པ་སེའི་རིན་གོང་ལ་མི་རེར་སྒོར་45རེད།
  2. དེ་ནས་གླ་གཏོང་རླངས་འཁོར་ཞིག་གླས་ཏེ་རླངས་འཁོར་འབབ་ཚིགས་平政客运站ལ་འགྲོ་དགོས། ཉིན་རེར་ཕྱི་དྲོའི་དུས་ཚོད་ལྔ་པའི་བར་རླངས་འཁོར་ཆེ་བ་གཏོང་ཞིང་། གལ་ཏེ་དེ་ཉིད་མ་རེག་ན་མགྲོན་འཁོར་ཆུང་བ་ཞིག་གླས་ནས་སྤྱི་ལེ་158ལྷག་བསྐྱོད་ན་ཕིན་ཝུའུ་རྫོང་(平武县)དུ་འབྱོར། པ་སེའི་རིན་གོང་ལ་མི་རེར་སྒོར་75རེད།
  3. རྫོང་མཁར་དེ་གའི་རྗེས་དྲན་རྡོ་རིང་(纪念碑)དང་ཐག་ཉེ་ནས་མགྲོན་འཁོར་ཆུང་བ་ཞིག་ལ་བསྡད་ནས་སྤྱི་ལེ་56བསྐྱོད་ན་དྭགས་པོ་ཡུལ་དུ་འབྱོར། པ་སེའི་རིན་གོང་ལ་མི་རེར་སྒོར་20རེད།
  4. གཞན་ཡང་ཕིན་ཝུའུ་རྫོང་མཁར་དུ་མིང་གུར་གྱི་སྐབས་སུ་ཕྱག་བཏབ་པའི་དགོན་རྙིང་报恩寺ཟེར་བ་ཞིག་མཆིས་ལ། དགོན་འདིར་བཞུགས་པའི་སྐུ་རྟེན་དང་རྡོ་རིང་མཐའ་དག་ལ་གཏོར་བརླགས་ཆེན་པོ་ཐེབས་མེད་པས་མོས་པ་ཡོད་མཁན་རྣམས་འདི་ལ་ཡང་མཇལ་ཆོག ། པ་སེའི་རིན་གོང་ལ་མི་རེར་སྒོར་40རེད།

སྤྱི་ལོ་2019ལོའི་སྤྱི་ཟླ་5པའི་ཚེས་13ཉིན་བྲིས།

བཙན་པོ་དྲ་བ་ནས་དྲངས།