དབུས་མཇལ་ཐུང་བྲིས་རྩྭ་རྩེའི་ཟིལ་བུ། ཀླུ་འབུམ་ཚེ་རིང་། (མགོ་ལོག)

52/545
ལྕགས་བྱ་གནམ་དུ་འཕུར་ཐེངས་ཤིག་གིས་སྐད་ཅིག་གི་ཡུན་ལ་ཡར་ཀླུངས་ཁོག་ཏུ་འབྱོར་པ་ན། ང་ནི་རང་གི་བཟའ་ཟླ་དང་བུ་ཕྲུགསྒྱུག་མོ་བཅས་གེགས་མེད་བདེ་བླག་གིས་སོན་པར་བློ་བདེ་ཆེན་པོ་ཞིག་བྱུང་། ཡིན་ཡང་ཐེངས་དང་པོར་ལྷ་ལྡན་དུ་འོངས་པ་ཡིན་སྙམ་པའི་སྤྲོ་སྣང་ཟད་མི་ཤེས་པ་ཞིག་དང་། མཚར་སྣང་སྨྲ་མི་ཤེས་པ་དེ་འདྲ་ཞིག་ང་ལ་མ་སྐྱེས། འདི་ནི་ཉིན་ཞག་གྲངས་མེད་ལ་སྦྲེལ་པའི་ཟླ་ལམ་སྟེ། ཕ་མེས་ཡང་མེས་ཚོས་གོམ་པ་རེ་རེས་འཇལ་བའི་དབུས་ལམ་རིང་མོ་དེ་དེང་རབས་འཕྲུལ་ཆས་ལ་བརྟེན་ཏེ་སླ་མོ་ཡང་མོར་འཇལ་ཐུབ་བྱུང་བས། བརྒལ་དགོས་པའི་རི་ལུང་དང་གཅོད་དགོས་པའི་ཆུ་ཀླུང་སོགས་ལུས་ཀྱིས་མ་མྱངས་ཤིང་། བརྒྱུད་རིམ་མང་པོ་ཞིག་དེ་ལྟར་བསྐུང་འཕྲི་བྱས་པའི་རྐྱེན་གྱིས་དཀའ་ཚེགས་ལས་སྨིན་པའི་འབྲས་བུ་དང་དོན་སྙིང་གིས་དབུལ་བར་རག་ལས་སྙམ། ངའི་བསམ་པར་གལ་ཏེ་རང་ཉིད་ཀྱང་རྐང་ཐང་ལ་འོངས་པའི་དབུས་མཇལ་པ་ཞིག་ཡིན་ཚེ་ལྷ་ལྡན་དག་པའི་ཞིང་གི་པང་དུ་འབྱོར་ཞིང་པོ་ཏ་ལ་མིག་ལམ་དུ་མངོན་མ་ཐག་འདོད་དོན་ཡིད་བཞིན་འགྲུབ་སོང་ཞེས་མིག་ནས་མཆི་མ་འཁྲིགས་ཤིང་དགའ་འབོད་ལན་གསུམ་སྒྲོག་པར་ཐེ་ཚོམ་མེད་སྙམ། དེ་ལྟར་ན་ཡང་ཕ་སྤྲེའུ་དང་མ་བྲག་སྲིན་འདུས་ཏེ་རིགས་རུས་ཀྱི་མེ་ཏོག་དང་པོ་འཛུམ་སའི་ཡར་ཀླུངས་ཁོག་དང་དེའི་གཞུང་ན་སྔོ་མེར་མེར་འབབ་པའི་གཙང་བོ་ཆེན་པོ་དེ་མཐོང་བའི་མུར། ང་ནི་རིགས་ཀྱི་མཆེད་ཁུངས་སམ་གདུང་རྒྱུད་ཀྱི་རྩ་བར་ཉེ་བར་བཅར་ཐུབ་སོང་ཞེས་དུངས་པ་ཞིག་སེམས་ནས་འཕྱུར་བྱུང་ལ། རྩིག་བཞེངས་ཀུན་གྱི་དབུས་ན་ལྷན་ནེ་ལྷུན་ནེར་མི་ཡི་རྗེ་བོའམ་ནང་བཅུད་ཀྱི་ཚུལ་དུ་བཞུགས་པའི་ཕོ་བྲང་པོ་ཏ་ལ་མངོན་སུམ་མིག་གིས་མཐོང་པ་ན། སྲོག་གིས་བརྟས་པའི་བློ་འཁེལ་དད་རྟེན་ཞིག་ལ་མཇལ་བ་ལྟ་བུའི་ངའོ་སྙམ་པའི་ང་རྒྱལ་ཞིག་ངང་གིས་སྐྱེས་པའི་མོད་ལ། དགའ་སྐྱོ་སྤེལ་མའི་ཉི་འོད་དང་སྨུག་སྤྲིན་ཞིག་ངའི་ཡིད་སེམས་སུ་རེས་མོས་ཀྱིས་འཁོར་བྱུང་།

ཉིན་དེའི་ཕྱི་དྲོར་ང་ཚོ་དབུས་མཇལ་མི་བཞི་པོ་སྔོན་ནས་མགྲོན་བརྡ་བཏང་བ་ལྟར་འབྲས་སྤུངས་དགོན་འདབས་ན་ཟ་ཁང་གཉེར་བའི་སྙིད་མོ་ཚང་གི་བསུ་སྟོན་ལ་སོང་ཞིང་། མགྲོན་བསུའི་ཟས་སྣ་བཏུང་སྣ་གྱ་ནོམ་པ་ལ་རོལ་བཞིན་ངལ་བཟང་པོ་ཞིག་གསོས། སྙིད་མོ་ནི་རང་གི་ཨ་མ་དང་ཨ་ཅེ་གཉིས་ལྷ་སར་ཐེངས་དང་པོར་ཡོང་པ་ཡིན་པས་སང་ཉིན་ངེད་བཟའ་བ་གཉིས་ཀྱང་ཟ་ཁང་གི་སྒོ་བརྒྱབ་སྟེ་ཇོ་བོར་མཇལ་དུ་འགྲོ་རྒྱུ་ཞེས་དགའ་ལྷང་ལྷང་གིས་བཤད་བྱུང་ལ། ད་དུང་སང་ཉིན་ཅུང་སྔ་ལངས་ཀྱིས་ཇོ་མཇལ་དུ་སོང་ན་འཚང་ཁ་དེ་འདྲ་མེད་ཟེར་བས། ང་ཚོས་ཀྱང་ཁ་བརྡའི་མཚམས་བཞག་སྟེ་མལ་དུ་ཉལ།

ཕྱི་ཉིན་སྔ་མོའི་དུས་ཚོད་དྲུག་གི་ཐོག་ང་ཚོ་མལ་ལས་ལངས་ཤིང་མར་ཁུ་དང་མཇལ་རྟེན་སོགས་བཟུང་སྟེ་ཇོ་མཇལ་དུ་ཆས་པ་ཡིན། སྤྱི་སྤྱོད་རླངས་འཁོར་སྒུག་སའི་ལམ་ཁར་ཕྱོགས་པ་ན། ཕྲུག་ཁྲའི་པང་གདན་བརྒྱབ་པའི་ལྷ་སའི་ཆས་གོས་མནབས་པ་སྐོར་ཞིག་མིག་ལམ་དུ་ལྷམ་མེར་མངོན་ཞིང་། ཁོ་ཚོས་དེ་གར་མ་ཎི་ལག་སྐོར་སྐོར་གྱིན་རླངས་འཁོར་ལ་སྒུག་འདུགཨ་མདོའི་གྱོན་ཆས་ཅན་གྱི་ཆུང་མ་དང་སྒྱུག་མོ། སྙིད་མོ་གསུམ་མཐོང་པ་ན། ལྷ་ས་བ་དེ་དག་གིས་ཚུར་འཛུམ་དམུལ་དམུལ་གྱིས་ལྟ། དེ་ནས་ང་ཚོ་ལྷ་ས་བ་སྐོར་ཞིག་དང་མཉམ་དུ་སྤྱི་སྤྱོད་རླངས་འཁོར17པ་རུ་བསྡད། ནང་དུ་འཛུལ་མ་ཐག་ངས་དེ་འདྲའི་མཉམ་མ་བཞག་མོད། རླངས་འཁོར་དེ་མདུན་ནས་མདུན་དུ་སྐྱོད་པ་ན། སྤྱི་སྤྱོད་རླངས་འཁོར་འདིའི་ནང་ཁོག་ཧྲིལ་བོ་སྔར་བཞིན་འཇམ་ཐིང་ཐིང་ཡིན་པས། ངའི་མིག་གིས་གཡས་གཡོན་མདུན་རྒྱབ་བཅས་ལ་བལྟས། ལྷ་ས་བ་ཚོས་ལག་གི་མ་ཎི་འཁོར་ལོ་སྐོར་གྱིན་ཁ་མུར་མུར་གྱིས་འདོན་པ་བྱེད་ཀྱིན་གདའ། དེའི་མུར་སྤོས་དྲི་ཞིམ་པོ་ཞིག་ཀྱང་དད་ལྡན་འདི་ཚོའི་ལུས་སྟེང་ངམ་རླངས་འཁོར་གྱི་གང་ཞིག་ནས་ངའི་དྲི་འཛིན་དུ་འཐུལ་འོང་། ངའི་བསམ་པར་སྐབས་འདིར་རང་ཉིད་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་ཡོད་ཚེ་ཙོང་སྒོག་གི་དྲི་ངར་བ་སྣ་ལམ་དུ་འཚང་འོང་པ་དང་མཉམ་དུ། ཁྭ་སྐྱག་གི་ཚང་ལ་རྡོ་འཕངས་ལྟའི་ཅབ་ཅབ་ཅག་ཅག་གི་ཁ་བརྡའི་སྒྲ་གཟན་པོ་རྣ་ཡིས་བཟེད་དགོས་སྙམ།

ལྷ་སའི་ཞོགས་པ་འདིར་སྤྱི་སྤྱོད་རླངས་འཁོར17པས་ང་ལ་ཚོར་བ་བདེ་མོ་ཞིག་བསྩལ་ཞིང་དབུས་མཇལ་གྱི་ཉིན་དང་པོ་ལ་གླེང་དུ་རི་བའི་བག་ཆགས་ཡལ་དུ་མེད་པ་ཞིག་ཡིད་ངོས་སུ་བཞག་བྱུང་། ཕྱིས་ཀྱི་ཉིན་དག་གི་རིང་ལ་ཡང་ངས་མཐོང་པ་ནི་ལྷ་ས་བ་ཚོ་སྤྱི་སྤྱོད་རླངས་འཁོར་གྱི་སྔུན་སྒོ་རུ་འཛུལ་སྐབས་ཟི་ལིང་གྲོང་ཁྱེར་ལྟར་སྒོ་ཁ་ནས་འཚང་ཁ་ཤིག་ཤིག་མི་བྱེད་པར་མ་ཟད། ངའི་སྒྱུག་མོ་ལྟ་བུའི་ལོ་ན་རྒན་པ་དག་ལ་ལམ་ཕྱེས་ཏེ་སྔོན་ན་འགྲོ་རུ་འཇུག་པ་དང་། རྒན་པ་སུ་ཞིག་ལ་འདུག་སྟེགས་མེད་པ་མཐོང་ཚེ། གཞོན་པ་གང་འདུག་སྟེགས་ནས་ཡར་ལངས་ཏེ་གུས་ལུགས་སྟོན་ཚུལ་འདི་ཡང་ཟི་ལིང་ལས་ལྡབ་འགྱུར་གྱིས་ལྷགསྤྱི་སྤྱོད་རླངས་འཁོར་ལས་ཀྱང་གྲོང་ཁྱེར་ཞིག་གི་མི་རྣམས་ཀྱི་ལུས་ངག་གི་སྤྱོད་པ་དང་ནང་སེམས་ཀྱི་རི་མོ་མཐོང་ཐུབ་པས། རྒན་པར་བཀུར་བསྟི་ཆེ་བ་འདི་ཆོས་རྒྱལ་སྲོང་བཙན་རིང་ནས་དར་པའི་མི་ཆོས་གཙང་མ་བཅུ་དྲུག་པོ་དབུས་པ་ཚོའི་རྒྱུད་ལ་སྔར་བཞིན་སིམ་ཞིང་། ཡུལ་སྐོར་བ་དང་མཇལ་སྐོར་བ་ཚོའི་མིག་ལ་མཛེས་པ་དང་། སེམས་ཀྱི་ནག་ནོག་འདག་པའི་ཁྲུས་ཆུ་རུ་འབབ་ཀྱིན་མཆིས།

1

ང་ཚོ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་པའི་ལྷ་ལྡན་གཙུག་ལག་ཁང་གི་འགྲམ་དུ་སླེབས་པ་དང་། མཁར་རྩ་རུ་ཕྲེང་བསྒྲིགས་པའི་ཕྱོགས་འོང་མཇལ་པ་ཚོའི་གཞུག་ཏུ་སོང་སྟེ་བསྒྲིགས། དང་ཐོག་ང་ཚོའི་གཞུག་ན་མི་འགའ་ལས་མེད་མོད། ཅུང་ཙམ་ནས་མི་མང་པོ་ལང་ལོང་འདུས་ཏེ་ཕྲེང་ཤར་རིང་མོ་ཞིག་ང་ཚོའི་གཞུག་ན་རིག་གེར་བསྒྲིགས་བྱུང་། ངས་ལག་ནས་ཕྲེང་བ་འདྲེན་པའམ་མ་ཎི་འཁོར་ལོ་སྐོར་བཞིན་ཇོ་ཁང་ལ་སྐོར་བ་རྒྱག་པའི་མཇལ་བ་དང་། ཡན་ལག་ལྔ་བོ་ས་ལ་ཕབ་སྟེ་ཕྱག་སྐོར་ལེན་པའི་མཇལ་བ་ཚོར་ལྟ་བཞིན་དེ་སྔ་མཐོང་མྱོང་པའི་མདོ་སྨད་སྐུ་འབུམ་དགོན་པ་དང་བླ་བྲང་དགོན་པའི་སྐོར་ལམ་གྱི་མཇལ་བ་ཚོ་མིག་ལམ་དུ་དབང་མེད་དུ་འཆར་འོང་། སྐོར་ལམ་ཀུན་ན་དད་ལྡན་ཚོ་འདི་ལྟར་གཙང་པོའི་རྒྱུན་བཞིན་ཆད་མེད་དུ་བཞུར་གྱིན་འདུག་ལ། ལྷག་ཏུ་ལྷ་སའི་ཇོ་ཁང་ཆེ་ཆུང་གཉིས་ཀྱི་མཐའ་སྐོར་ན་དད་ལྡན་སེར་སྐྱ་ཕོ་མོ་ཆུ་ཀླུང་བཞིན་ལང་ལོང་དུ་འཁྲིགས་པས། མིག་མཐོང་ལག་ཐོགས་ཀྱི་མྱོང་བྱ་ཁོ་ནར་འཐམས་པའི་རྒྱ་ནག་ཡུལ་སྐོར་བ་ཚོས་ཧ་ལས་པའི་མིག་ཆེ་རུ་གདངས་པར་ཁག་ཅི་ཡོད། ཁོ་ཚོས་བོད་དམར་སྨུག་གདོང་གི་ལྷོད་བག་དང་འགྱུར་མེད་ཀྱི་དད་སེམས་མཐོང་བའི་མུར། ཞིང་གཞན་ཞིག་ལ་སླེབས་ལྟར་བློ་ལ་ཤོང་དཀའ་བའི་ངོ་མཚར་ཞིག་ཅིས་ཀྱང་སྐྱེས་ཡོད་དེ། པར་དུ་ངོམས་མེད་རྡེབ་ཚུལ་ལ་མི་མཚར་མཚར་དུ་འཛིན་པའི་གླེན་ཞད་ཅུང་འདྲེས་ལ། ཡང་བོད་དད་ལྡན་གྱི་སེམས་ཁོང་ན་བྱུར་བུར་གཏམས་པའི་རིན་ཆེན་ནོར་བུ་དག་ཡུལ་སྐོར་བ་ཁོ་ཚོ་ལ་མི་འདུག་ཅེས་སྙིང་རྗེ་རྒྱུ་ཞིག་ཀྱང་བྱུང་། ང་ཚོ་དེ་ནས་ཡུད་ཙམ་བསྒུགས་པ་ན། མདུན་ན་བསྒྲིགས་པའི་མི་ཚོགས་ཀྱིས་རིམ་གྱིས་གོམ་པ་གཅིག་སྤོ་གཉིས་སྤོས་སྔོན་དུ་ནུར་འགྲོ་བྱས། ཡིན་ཡང་ང་ཚོ་ཡང་ཡོང་བ་སྔ་གྲས་སུ་གཏོགས་པས། དུས་ཚོད་རིང་པོ་ཞིག་མ་སོང་བར། གཙུག་ལག་ཁང་གི་སྒོ་ཆེན་དུ་འཛུལ་ཐུབ་སོང་། ཁྱམས་ར་ན་སླེབས་པ་དང་དེར་ཡོད་ལྡེབས་བྲིས་དག་ལ་མིག་གིས་མཇལ་བཞིན་ལྷ་ཁང་དག་ཏུ་འཛུལ། ངས་སློབ་ཆུང་ལོ་རིམ་ལྔ་བར་འགྲིམ་པའི་རང་གི་བུ་ཆུང་ལ་སྐུ་བརྙན་ཁོ་ནར་ཐོད་པ་གཏུགས་པ་ཙམ་གྱིས་མི་ཆོག་པར་ལྡེབས་རིས་སུ་ཅི་ཞིག་བཀོད་ཡོད་པར་ཡང་ཞིབ་ཏུ་ལྟ་དགོས་ཞེས་བསྐུལ་མོད། རང་གིས་ཀྱང་སྟོན་པ་དང་རྗེ་ཡབ་སྲས་གསུམ་སོགས་རེ་འགའ་ལས་ངོས་ཟིན་མ་བྱུང་པས། ཆོས་ལུགས་དང་ལོ་རྒྱུས་ཐད་ཀྱི་ཤེས་བྱས་དབུལ་བར་སེམས་ནས་གནོང་རྒྱུ་ཞིག་བྱུང་། དགའ་འོས་པ་ཞིག་ལ་ལྷ་ཁང་ཕལ་མོ་ཆེའི་སྐུ་བརྙན་གྱི་གཤམ་དུ་སྐུའི་མཚན་བྱང་བཀོད་འདུག་པས། ངས་དེ་འཕྲལ་སློབ་ལམ་དུ་ཞུགས་མ་ཐག་གི་ལོ་ཆུང་བྱིས་པ་ཞིག་ལྟར་ངག་ནས་གྱེར་བཞིན་ཐོད་པས་གཏུགསྐབས་ཤིག་ལ་སྙིད་མོས་ངོས་ནང་དུ་བརྡིབས་ཤིང་ནང་ན་ལྕགས་རྡོ་རིལ་བུ་ཞིག་ཡོད་པའི་ཀ་ཞིག་སྟོན་བཞིན་འདི་ཀླུ་འབུམ་མི་རྒོད་ཀྱིས་བརྒྱབ་ཅེས་གྲགས་ཟེར་པ་ན། ཚང་མས་གོམ་ཁ་དལ་ལེན་གྱིས་ཀོང་ཀོང་དེ་ལ་ལྟ་ཞིང་། ལག་བསྲིངས་ཏེ་ནང་གི་ལྕགས་ཀྱི་གོང་བུ་དེ་ལ་ཡང་ཡང་རེགབུ་ཆུང་གིས་ཀླུ་འབུམ་མི་རྒོད་ཀྱི་སྐོར་དྲིས་བྱུང་པར། ངས་ལོ་རྒྱུས་མི་སྣ་འདིའི་ཕ་ཡུལ་འུ་ཅག་ཨ་མདོ་སྟེ་སྐུ་འབུམ་ཡིན་པ་དང་། ཕོ་རྩལ་སྣ་དགུ་འཛོམས་པའི་དྲག་རྩལ་ལ་མཁས་པ་ཡིན་པ་རེད་ཅེས་ལན་བཏབ་པར། ནམ་རྒྱུན་ལུས་ཀྱི་འཕར་འགུལ་སྐྱེན་པའི་བུ་ཆུང་གི་གདོང་སྔར་བས་ཀྱང་མཚར་སྣང་དང་དད་དུངས་ཤིག་གིས་ཁེངས་བྱུང་། ང་ཚོས་དེ་ལྟར་ཕྲེང་སྒྲིག་བཞིན་སོང་མཐར་ཇོ་ཁང་གི་མདུན་དུ་བཅར་ཐུབ་སོང་། ཇོ་བོའི་གསེར་ཞལ་མཐོང་མ་ཐག་མཇལ་བ་ཚོས་སྔར་ལས་ལྷག་པར་ཐལ་སྦྱར་གྱིས་གསོལ་བ་དྲག་ཏུ་འདེབས་ཤིང་། ལུས་སྒུར་སྒུར་ངང་མགོ་བོས་གཏུག་ཅིང་སྐོར་བ་བྱེད། མཇལ་རྟེན་འབུལ། ཇོ་ཁང་ནས་བུད་དེ་ལྷ་ཁང་དེའི་མདུན་ཐད་དུ་འོངས་པ་དང་། ཚང་མས་སླར་ཡང་གསེར་འོད་ལམ་ལམ་འཁྱུག་པའི་ཇོ་བོ་ཤཱཀྱ་མུ་ནེ་ལ་ཕྱག་འཚལ་ཞོར་གསོལ་བ་དང་སྨོན་ལམ་གྱི་ཚིག་ཡང་ཡང་དརྗོད། ཕྱག་འཚལ་རྗེས་ད་དུང་འབྲལ་མི་ཕོད་པ་ལྟར་དེ་གར་འགྲེང་སྟེ་ཇོ་བོའི་གསེར་ཞལ་ལ་མིག་གིས་གཡོ་མེད་ཅེར་བཞིན་གསོལ་བ་འདེབས། ཇོ་ཞལ་ཞུས་ཚར་རྗེས་ང་ཚོས་ཡང་གཡོན་གྱི་ལྷ་ཁང་དང་ལྡེབས་རིས་དག་ལ་མཇལ་བཞིན་སྒོ་རུ་བུད། དེ་ནས་ར་མོ་ཆེ་གཙུག་ལག་ཁང་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་མཇལ་དུ་ཕྱིན། ཇོ་ཁང་རྣམ་གཉིས་བར་ན་མི་ཚོགས་སྔར་བཞིན་འཁྲིགས་ཤིང་། བསང་ཁྲི་དག་ནས་དུད་ཞགས་སྔོན་མོ་མཁའ་རུ་འཕྱུར་གྱིན་གདའ། སྙིད་མོས་བཤད་ན། དེ་རིང་མི་འདི་འདྲ་མང་པ་ནི། གཟའ་ལྷག་པར་ཁེལ་བ་སྟེ། གཟའ་ལྷག་པའི་ཉིན་འདིར་ལྷ་ས་བ་ཚོར་ཇོ་ཁང་ངམ་གནས་ཆུང་དགོན་སོགས་སུ་བསང་རྩི་འཁྱེར་བའི་སྲོལ་ཡོད་ཟེར། ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་མཇལ་དུས་མི་ཚོགས་ཀྱི་འཚང་ཁ་དེ་འདྲ་མེད་ལ་ཕྲེང་ཡང་སྒྲིག་མི་དགོས་པས། ང་ཚོས་ལས་སླ་བོར་མཇལ་ཐུབ་སོང་། སྙིད་མོས་ང་ཚོར”ཁྱོད་ཚོ་ཡོང་སྐབས་ཧ་ཅང་འགྲིག་འདུགདགུན་ཁ་ཡིན་ཚེ་ཨ་མདོ་མཇལ་བ་ཚོས་ཇོ་མཇལ་ཞུ་ཐུབ་ཆེད་ནུབ་མོར་ཇོ་ཁང་གི་མཐའ་རུ་མལ་ས་བཅས་ཤིང་། སྐབས་རེར་མཇལ་བ་མང་དྲགས་ཏེ་ཉིན་གསུམ་རིང་ལ་སྒུག་དགོས་པ་རེད”ཅེས་བཤད་པར། ང་ཚོར་ཡང་ནམ་མཁའ་སྔོ་ཞིང་དྭངས་ལ། ཉི་འོད་དྲོ་བའི་དབྱར་ཟླ་དྲུག་པ་འདི་དངོས་གནས་དབུས་མཇལ་ཞུ་བའི་སྐབས་བཟང་པོ་ཞིག་རེད་ཅེས་ཡིད་ཚིམ་དགའ་བ་ཆེན་པོ་སྐྱེས།

ཇོ་མཇལ་ཞུས་ཚར་བས་ང་ཚོ་སེམས་ལྷོད་པོར་བར་སྐོར་གླིང་དུ་འཁོར་ཞིང་ཚོང་བ་ཡར་ལངས(ཚོང་ཁང་ནས་མི་འདུག་པར་བྱུ་རུ་དང་སྤོས་ཤེལ་སོགས་ལག་ཏུ་བཟུང་སྟེ་བར་སྐོར་གླིང་དུ་ཉུལ་བའི་ཚོང་བར་འབོད་)འདུ་སའི་ཁྲོམ་གསར་སྒང་དུ་འཆམ་གྱིན་སྲང་ལམ་དུ་འོང་། དེ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་ན་ཆགས་པའི་སེ་ར་ཐེག་ཆེན་གླིང་གི་ཕྱོགས་སུ་སོང་། ང་ཚོ་དགོན་པའི་ཉེ་འདབས་སུ་ཐོན་དུས་ཉིན་གུང་ཡོལ་ཟིན། གསོལ་ཁང་ཞིག་ནས་གུང་ཟས་ལ་རོལ་རྗེས། ཐོག་མར་ཕ་བོང་ཁ་རུ་མཇལ་སྐོར་དུ་ཕྱིན་པ་ཡིན། རྒྱུ་མཚན་ནི་སྐབས་འདིར་སེ་ར་དགོན་དུ་སོང་ན་མཇལ་སྐོར་བ་དང་ཡུལ་སྐོར་བའི་འཚང་ཁ་ཆེ་ཞིང་། ཕ་བོང་ཁ་མཇལ་ཏེ་ཕྱིར་ཡོང་ན་འཚང་ཁ་དེ་འདྲ་མི་ཆེ་སྙམ་པ་ཡིན། ཕ་བོང་ཁའམ་སྐུ་མཁར་མ་རུ་འབོད་པ་འདི་ཡང་ལྷ་སའི་བྱང་ངོས་ཀྱི་དབེན་ཞིང་ཉམས་དགའ་བའི་གནས་ཤིག་སྟེ། དབུ་གདུགས་རི་ཡི་རི་འདབས་ཀྱི་རུས་སྦལ་དབྱིབས་ཀྱི་ཕ་བོང་ཐོག་ཏུ་བཞེངས་འདུགཕོ་བྲང་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་གར་ནས་ཕེབས་ལ་ཉེ་བའི་ཐུ་མི་སམ་བྷོ་ཊ་མཆོག་ལ་བོད་ཡིག་གསར་གཏོད་གནང་པའི་མཐུན་རྐྱེན་ལ་ཆེད་དུ་བཞེངས་པ་ཡིན་པར་གྲགས། ང་ཚོ་མི་དྲུག་པོས་ཕོ་བྲང་འདིའི་རིགས་གསུམ་ལྷ་ཁང་ནས་ཐུ་མི་མཆོག་གིས་རྒྱལ་པོ་ལ་གཟིགས་ཕུད་དུ་ཕུལ་བའི་དབུ་ཅན་ཡི་གེ་དྲུག་མའི་གཟུངས་ལ་མཇལ་བ་དང་། ངས་རང་གི་བུ་ཆུང་ལ་འདི་ནི་སློབ་དཔོན་ཐོན་མིས་བོད་ཡིག་གསར་གཏོད་མཛད་གནས་ཡིན། ཡིད་ལ་འཛིན་དགོས་ཞེས་བོད་ཀྱི་ལོ་རྒྱུས་སུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པར་དྲན་སྐུལ་བྱས། ཕ་བོང་ཁར་མཇལ་ཚར་རྗེས་ང་ཚོ་ཕྱིར་སེ་ར་དགོན་པར་སླེབས། སེ་ར་དགོན་པ་ནས་གཙོ་སྐུ་རྟ་མགྲིན་རང་བྱོན་སོགས་སྐུ་གསུང་ཐུགས་རྟེན་བཅས་ལ་མཇལ་ཚར་རྗེས་ཕྱི་དྲོའི་མཚམས་ལ་སླེབས་བྱུང་བས། ང་ཚོས་ཀྱང་ཉིན་དེའི་མཇལ་སྐོར་དེ་ཙམ་གྱིས་འཐུས་པར་བྱས་ཏེ་ངལ་གསོས་པ་ཡིན།

2

ཕྱི་ཉིན་སྔ་དྲོར་ང་ཚོ་ཕོ་བྲང་པོ་ཏ་ལར་མཇལ་དུ་ཕྱིན། བརྗིད་ཅིང་རྔམ་པའི་གནའ་བོའི་ཕོ་བྲང་འདི་ཆུང་དུས་ཤིག་ནས་རྣ་ཐོས་དང་དཔེ་དེབ་སོགས་ལས་གྲངས་མེད་མཇལ་ཞིང་། དྲན་ངོས་སུ་བརྟན་བརླིང་དང་འོད་ལམ་ལམ་གྱི་གཟུགས་ཅན་དུ་བཞུགས་ཡོད། ཉིན་དེར་རྡོ་སྐས་ལ་འཛེག་གིན་འཛེག་གིན་ཡར་སོང་བ་ན། ཕོ་བྲང་ནི་སྔར་བས་ཀྱང་མཐོ་ནས་མཐོ་རུ་བར་སྣང་དུ་ཟུག་བཞིན་པའི་གཟི་མདངས་ཤིག་ཉི་འོད་ལམ་ལམ་དང་ལྷན་དུ་ང་དང་བཅས་པའི་མཇལ་སྐོར་པ་དང་ཡུལ་སྐོར་བ་ཚོ་གཡོགས་ནས་ཡོང་། མཁར་རྩེ་ཞིག་ནས་མགོ་བསྲིངས་ཏེ་མར་བལྟས་པ་ན། ཡར་འཛེག་འོང་བཞིན་པའི་མི་ཚོགས་ནི་ཆུང་ཆུང་འབུ་སྲིན་ལྟར་འགུལ་ཞིང་གྲགཕྱི་ཡི་བརྗིད་ཉམས་མི་ཡི་མིག་གིས་མི་བཟོད་ལ། ནང་གི་རྩིག་བཞེངས་དང་བཀོད་པས་ང་ལ་རྒྱ་ཆེ་གཏིང་དཔོག་དཀའ་བའི་ངོ་མཚར་བློ་ལ་ཤོང་དཀའ་བ་ཞིག་བྱིན། ངའི་བསམ་པར་རྒྱུ་རྡོ་དང་ཤིང་གིས་གྲུབ་པའི་ཁྱད་མཚར་བཞེངས་སྐྲུན་འདི་ལ་འདུས་པའི་བློ་གྲོས་དང་སྟོབས་ཤུགས་ཁོ་ནས་ཀྱང་། རང་རེའི་མི་རིགས་འདི་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཆོག་ཆོག་ཡིན་སྙམ་ཞིང་། སེམས་ཀྱི་དཔངས་ཀྱང་དེའི་མུར་ཡར་ལ་བསྟད་བྱུང་མོད། གོས་སེར་གྱིས་གཡོགས་པའི་བཞུགས་ཁྲི་སེར་པོ་དག་ལ་མཇལ་གྱིན་ད་ལྟའི་གནས་བབ་དབང་མེད་དུ་དྲན་ལ། དུས་ཀྱི་དར་རྒུད་ལ་ཡི་མུག་ཅིང་སེམས་ཁོང་ནས་ཅི་ཞིག་དྲུས་སོང་བ་ལྟ་བུའི་ཕངས་སེམས་ཤིག་ཀྱང་ཤོར་སོང་།

ཕོ་བྲང་པོ་ཏ་ལར་མཇལ་ཚར་རྗེས་ང་ཚོས་གུང་ཟས་འོད་ཟེར་སྒམ་ཆུང་དུ་རོལ་བ་ཡིན། ཁང་བའི་ནང་རོལ་དཀར་གསལ་མིན་པར་ཉིན་དཀར་ཡང་གློག་བཀར་འདུག་མོད། ཇ་ཁང་འདི་རུ་ཕྱོགས་འོང་གི་མགྲོན་པོ་དང་དབུས་པ་ཚོ་ནག་རིག་རིག་འདུས་འདུགརྐུབ་སྟེགས་རིང་མོ་དང་ཅོག་ཙེ་རིང་མོ་བསྟར་བའི་གྲལ་ཤར་རེ་རེ་ན་མི་རྣམས་ཀྱིས་ལྷ་སའི་མངར་ཇ་དང་བོད་ཐུག་ལ་རོལ་ཞིང་། སྐད་སྒྲའི་འུར་ཟིང་ཆེ། ངས་མི་མང་ཁང་བ་གཅིག་ཏུ་འདུས་ཏེ་འུར་རྒྱག་བཞིན་བཟའ་བཏུང་ལ་རོལ་ཚུལ་འདི་ལ་ལྟ་བཞིན་ཆུང་དུས་སྡེ་བའི་མི་རྣམས་གཞུང་ཁང་དུ་འཛོམས་ཏེ་ལོ་གསར་རོལ་ཚུལ་དེ་དྲན་འོང་ལ། ཡང་དབུས་པ་ཚོས་མངར་ཇ་འཐུང་བཞིན་ཤོག་ཕེ་རྩེ་བའི་ལྷོད་བག་མཐོང་པའི་མུར། ཕ་དྲིན་ཆེན་གྱིས་སྔོན་ཆད་གླེང་མྱོང་བའི་དབུས་མཇལ་གྱི་མཐོང་ཐོས་ཏེ། ལྷ་སའི་སྐྱེས་ཕོ་མོ་ཚོ་ཆང་སེར་འཐུང་བཞིན་གཞས་གཏོང་བའི་བག་ཡངས་སྤྲོ་སྐྱིད་ང་ལ་དྲན་དུ་བཅུགའོན་ཀྱང་ཉིན་འདི་དག་གི་རིང་ལ་ངས་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་གང་ནས་ཀྱང་ཆང་སེར་འཐུང་བཞིན་གཞས་གཏོང་བའི་ཕོ་མོ་གཅིག་ཀྱང་མ་མཐོང་། ཕལ་ཆེར་དུས་ཀྱི་འཐོར་རླུང་གིས་གང་ཞིག་ལ་དེད་དེ་མི་སྣང་བར་གྱུར་བ་ཡིན་པ་འདྲ།

ཕྱི་དྲོར་ང་ཚོས་ལྕགས་པོ་རིར་མཇལ་བ་དང་ནོར་བུ་གླིང་གར་ཕྱིན། སྔོན་ཆད་མིག་གིས་དངོས་སུ་མ་མཐོང་ན་ཡང་། ནོར་བུ་གླིང་ག་ཞེས་པའི་སྙན་ཞིང་འཇེབས་པའི་མིང་འདི་རྣ་བར་ལྷུང་ཞིང་སེམས་ལ་ལྷག་གེར་བཞད་པ་ནས། ངས་ཆུ་ཕྲན་དྭངས་མོ་ལྷུང་ལྷུང་འབབ་ཅིང་སྔོ་ལྗང་ཡལ་འདབ་ཤིག་ཤིག་གཡོ་བའི་སྐྱེད་ཚལ་ཞིག་ཏུ་རྟོག་བཟོ་གྲངས་མེད་བྱས་མྱོང་། ཉིན་དེར་ལྕགས་རི་སེར་པོས་བསྐོར་པའི་ཚལ་འདི་ལ་ཕྱིན་པ་ན། དངོས་གནས་ངས་དེ་སྔོན་ཡིད་སྤྲུལ་བྱས་པ་ལྟར། གླ་བ་དང་ཡོ་འབོགཡེར་སྡོང་། སིལ་སྡོང་སོགས་ཤིང་སྣ་དུ་མས་ག་ས་གང་དུ་སྟུག་པོར་དཀྲིགས་ལ། གྲིབ་བསིལ་སྣུམ་པོ་འགུགབསུང་ངད་ཆིལ་ཆིལ་དུ་ལྡང་། ལྗོན་གསེབ་ན་རྩེན་པའི་འདབ་ཆགས་སྣ་ཚོགས་ཀྱི་གྲེ་འགྱུར་གྱིས་ཡིད་སེམས་གསལ་དྭངས་ཀྱི་སྐྱིད་སྣང་ཟད་མི་ཤེས་པ་ཞིག་སྐྱེས་པར་བྱས་མོད། བསྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ལ་རིམ་གྱིས་མཇལ་མཐར། ང་སླར་ཡང་སྔ་དྲོ་ཕོ་བྲང་པོ་ཏ་ལ་ནས་ཤོར་པའི་ཕངས་སེམས་དེ་ལྟ་བུ་ཞིག་གིས་མནན་བྱུང་།

3

ང་ཚོ་མུ་མཐུད་དུ་གནས་རི་དང་སྒྲུབ་ཕུགདགོན་གྲགས་ཅན་དག་ལ་མཇལ་དུ་ཕྱིན་ལ། མཇལ་སྐོར་གྱི་ལམ་བར་དང་མཇལ་ཡུལ་དུ་དྲན་སྣང་དང་ཚོར་བ་འདྲ་མིན་ངའི་ཡིད་སེམས་སུ་སྤུངས་བྱུང་། མ་ཅིག་མཚོ་རྒྱལ་དང་ལྷ་ལུང་དཔལ་རྡོར་སོགས་ཀྱི་སྒྲུབ་ཕུག་བྲག་ཡེར་པ་དང་དགེ་ལྡན་བསྟན་པའི་ཆུ་འགོ་དགའ་ལྡན་དགོན་པར་སྐྱོད་པའི་ལམ་དུ། གླ་འཁོར་གྱི་ཁ་ལོ་པས་ཞིང་ས་གཤིན་པོ་དག་གི་སྟེང་ལ་ཨར་འདམ་དང་གྱོ་མོག་གི་ཁང་བས་རུབ་པར་ལྟ་བཞིན། ནམ་ཞིག་གི་ཚེ་ན་ང་ཚོར་རྩམ་པ་ཟ་བྱེད་ཀྱི་ནས་ཡོད་པ་མ་རེད་ཅེས་བཤད་པའི་སྐད་ཆའི་གདངས་དང་ཞེ་ཕམ་པའི་རྣམ་འགྱུར་དེས། ངའི་ཡིད་ངོས་སུ་སྨུག་པ་བན་བུན་ཞིག་འཐིབས་པར་བྱས། མཁན་སློབ་ཆོས་གསུམ་གྱིས་ཕྱག་བཏབ་ཅིང་བོད་ཀྱི་ནངས་པ་སངས་རྒྱས་པའི་གཙུག་ལག་དང་པོར་བགྲང་པའི་བསམ་ཡས་གཙུག་ལག་ཁང་ལ་མཇལ་དུས། ངས་མཁན་སློབ་ཆོས་གསུམ་གྱི་མཛད་རྗེས་ལས་ཀྱང་སློབ་དཔོན་བེ་རོ་ཙ་ནས་ཆོས་བསྒྱུར་བའི་བཀའ་དྲིན་བླ་ལྷག་ཏུ་དྲན་འོང་ལ། ནམ་མཁའི་ཉི་མ་འདྲ་བའི་སློབ་དཔོན་འདི་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་ཕྲག་དོག་དང་ཕྲ་མ་བཅུག་སྟེ། མ་ཉེས་ཁག་གཡོགས་ཐེབས་པ་ཨེ་ཡིན་ནམ་ཞེས་དོགས་གཞི་ཞིག་སེམས་ལ་བསླངས་སོང་།

ཕོ་བྲང་ཡུམ་བུ་བླ་སྒང་གི་སྒོ་རུ་འཐེན་པའི་རྡོ་སྐས་སུ་འཛེག་སྐབས། ཡུལ་སྐོར་བ་ཞིག་གིས་ང་ཚོ་ཐག་རིང་ཞིག་ནས་འོངས་པ་ས་སྒང་སྒང་འདི་ལ་ལྟ་བའི་ཕྱིར་དུ་ཡིན་ནམ་ཞེས་ཅི་མི་སྙམ་པར་བརྗོད་སྐབས། ང་ལ་གར་འོང་མི་ཤེས་པའི་ངར་ཤུགས་ཤིག་གིས་དེད་འོང་བས། སྐད་བཏེགས་ཏེ་འདི་ནི་ལོ་རྒྱུས་ཀྱི་བདེན་དཔང་གསོན་པོ་སྟེ་མཇལ་རིན་ཤིན་ཏུ་ཆེའོ་ཞེས་སྒྲོག་བཞིན་ཕོ་བྲང་གི་ནང་དུ་འཛུལ་པ་ཡིན། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐུ་བརྙན་སོགས་ལ་མཇལ་ཏེ་ཕྱིར་རི་ཤོད་དུ་འབབ་སྐབས། ང་རང་ཚོད་ཚོད་ལ་སྒང་གི་ཕོ་བྲང་གན་ཁེར་རྐྱང་དུ་བསྐྱུར་སོང་སྙམ་པའི་ཞེ་སྨྲེང་རྒྱུ་ཞིག་བྱུང་།

གཙང་བཀྲ་ཤིས་ལྷུན་པོ་རུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་གདུང་ལ་མཇལ་དུས། ངེས་པ་དོན་གྱིས་རིན་པོ་ཆེ་ཡི་མཚན་ཉིད་ཡོངས་སུ་ཚང་པའི་ཁོང་གི་ནུབ་མེད་ཀྱི་གཟི་བྱིན་དང་། ཉམས་མེད་ཀྱི་མཛད་རྗེས་ལ་སེམས་ནས་ཕྱིར་དྲན་ཞིག་བྱས་ལ། སྐུ་པར་གྱི་དགྱེས་ཞལ་ཡལ་མེད་དེ་མཐོང་དུས་ངའི་ཡིད་དུ་སྨུག་པ་ཞིག་ལྡང་བར་བྱས་མོད། ཁོང་གི་དྲོད་རླངས་མ་ཡལ་བའི་རིགས་ཞེན་གྱི་གདམས་ངག་དང་བཀའ་སློབ་དག་དྲན་དུས་ང་ལ་བག་མི་འཁུམས་པའི་སྙིང་ཕུར་ཞིག་བརྡབས་བྱུང་།

གཙང་ས་སྐྱ་དགོན་པ་ནས་ཆོས་སྤུང་བྲག་རི་མར་མཇལ་བ་ན། སྔོན་ཆད་མཐོང་མྱོང་བའི་སྔོན་བྱོན་མཁས་པའི་བསྔགས་བརྗོད་ཀྱི་ཚིག་སྟེ། རི་བོའི་གཏོས་ལ་མཉམ་པའི་གླེགས་བམ་ཞེས་པ་ད་ལྟ་གསོན་པའི་གཟུགས་སུ་ངའི་མིག་ལམ་དུ་ཤར་ཞིང་། བསྔགས་བརྗོད་ཀྱི་ཚིག་དེ་འུར་བསྟོད་ཙམ་མིན་པ་ངའི་མདུན་གྱི་ཆོས་སྤུང་བྲག་རི་མ་འདིས་བདེན་པར་བདར་སོང་། རྗེ་རིན་པོ་ཆེས་ལམ་རིམ་ལྗགས་རྩོམ་གནང་སའི་རྭ་སྒྲེང་དགོན་པར་མཇལ་དུ་འགྲོ་བར། ཆག་ལ་ཞེས་པའི་ལ་རིང་མོ་ཞིག་བརྒལ་ལ། ངམ་ཆུ་ཞེས་པའི་བཞུར་ཆུ་རིང་མོ་ཞིག་བསྐོར་བར། ང་ཚོར་ལམ་ཐག་རིང་མོ་ཞིག་དང་ལམ་རྩུབ་མོ་ཞིག་གིས་དཀའ་བ་མྱོང་དུ་བཅུག་མོད། རྗེ་ཙོང་ཁ་བ་ཆེན་པོ་བཤུལ་ཐག་རིང་བའི་གནས་འདིར་འབྱོན་བཞུད་གནང་དུས་བཀྲེས་ལྟོགས་དང་སྐུ་ཚེགས་བབརྗོད་ལས་འདས་པ་མྱངས་པ་བློ་རུ་དྲན་ཚེ། རྐང་ཐང་མིན་པའི་འཁོར་འདུག་མཇལ་བ་ང་ཚོས་མྱངས་པའི་དཀའ་སྡུག་དེ་ཙམ་ནི་གླེང་རིན་ཡེ་ནས་མེད་དོ་སྙམ།

རྭ་སྒྲེང་དགོན་པར་མཇལ་ཏེ་ཕྱིར་ལྷ་སར་ལོག་པའི་ལམ་བར་དུ། ངམ་ཆུ་རིང་མོའི་འགྲམ་རྒྱུད་དུ་ཆགས་པའི་སེར་གླིང་དགོན་གྱི་འདབས་རོལ་དུ་སླེབས་པ་ན། འགྱིང་རྔམ་ཆེ་བའི་བྲག་དམར་སེང་གེ་འདྲ་བའི་ཁ་ནང་དུ་ཆགས་པའི་བཀའ་བརྒྱུད་དགོན་པ་དེས། གཤམ་ནས་མགོ་ཡར་ལ་དགྱེ་བ་ཙམ་གྱིས་ལྟ་བའི་མི་ལ་མགོ་ཡུ་འཁོར་བར་བྱས་ལ། རྒོད་ཚང་བྲག་ཐེམ་ན་གནམ་ནས་བྱོན་ལྟའི་བཞེངས་བཀོད་དེས་ང་ཚོ་ཟིལ་གྱིས་མནན་པས། ལུས་ཀྱི་སྤུ་ལོང་དབང་མེད་དུ་གཡོ་ཞིང་། འདུ་ཁང་གི་ཀླད་ནས་མར་ལུང་བའི་གཞོང་ལ་ལྟ་ཙམ་བྱས་པ་ན། མི་བཟོད་སུག་པ་ལྕུག་ལྕུག་ཏུ་འདར་བ་དང་། ཆར་རླུང་ཐོག་གསུམ་གྱི་འཇིགས་པ་མེད་པར་རྒྱབ་བརྟེན་བྲག་རི་དང་ལྷན་དུ་བརྟན་ཅིང་བརླིང་བའི་ཚུལ་ལ་ང་རང་ཧ་ལས་ཤིང་ཧང་སངས།

མཇལ་སྐོར་དུ་རིངས་པའི་གོམ་སྟབས་སྒྱུར་བའི་བར་དག་ཏུ། སྐབས་སྐབས་སུ་མཐོང་སྣང་འགའ་རེས་ཡིད་འཁྲུགས་པར་བྱས་ཤིང་། དག་སྣང་གི་ཤེལ་ངོས་སུ་ས་རྡུལ་གྱིས་སྒྲིབ་འོང་། དགོན་པ་འགའ་ཡི་འདུ་ཁང་གི་སྒོ་ཁྱམས་སམ་བར་ཁྱམས་སུ་དད་རྟེན་ཚོང་དུ་འགྲེམ་པའི་རྔམ་འཚབ་དང་། གཞིས་ཀ་རྩེ་གྲོང་ཁྱེར་ནས་ཞག་འདུག་བྱེད་རྩིས་ཀྱིས་གཏའ་དངུལ་སྔོན་ན་བཞག་ཀྱང་། སྔ་ཚིག་མི་རྟག་སྐད་ཅིག་ཏུ་འགྱུར་བའི་མགྲོན་ཁང་གི་བདག་མོ་ཡིས་མིག་འབྲས་ཕུར་ཚུགས་སུ་བགྲད་ཀྱིན་ལུགས་མེད་གནས་ལུགས་སུ་བགྲང་སྟེ། སླད་ཞུགས་པའི་ཡིད་ངོས་ཀྱི་དྲེག་པ་དམར་རྗེན་དུ་སྟོན་དུས། མཇལ་སྐོར་ཐུབ་པའི་དགའ་བ་རེ་ཞིག་འགྲིབ་པར་བྱས་འོང་། ཡང་ཨ་མདོ་བ་ཚོ་གནས་རི་དང་དགོན་པ་གང་དུ་མཇལ་སྐོར་བྱེད་སྐབས། ཟོག་རྗེས་ལ་སྙེག་པའམ་ཞིང་བར་དུ་ཆས་པ་བཞིན་སྐུ་གསུང་ཐུགས་རྟེན་ལ་ལུས་སྒུར་སྒུར་ཐོད་པ་གཏུགས་ཙམ་གྱིས་ཞུམ་ཞུམ་གྱིས་འགྲོ་བ་མཐོང་ཚེ། དགོད་བྲོ་བ་དང་ཕངས་སེམས་མཉམ་དུ་སྐྱེས།

མཇལ་སྐོར་བྱས་ཚར་རྗེས། ང་ཚོ་ཉིན་འགའ་ལ་བར་སྐོར་གླིང་སོགས་སུ་ཡུལ་མིའི་མཚམས་རྟགས་དང་ཚོང་རྫས་རྩག་རྩིག་ཉོ་རུ་ཕྱིན་ལ། སྐབས་རེར་སྲང་བར་ནས་མགོ་འཁོར་ཏེ་སྤྱི་སྤྱོད་རླངས་འཁོར་གར་ཡོད་མ་ཤེས་ཚེ། དབུས་པ་ཚོས་ང་ཚོར་འཛུམ་དམུལ་དམུལ་དང་ངག་འཇམ་པོས་ལམ་སྟོན་བྱས་འོང་། རྣ་བར་འཇེབས་ཤིང་ཡིད་ལ་འབབ་བདེ་བའི་ལྷ་སའི་སྐད་ཀྱིས་ཨ་མདོ་དང་ཁམས་སྐད་ནི་དམག་གིས་བཀའ་བསྒོས་པ་ལྟ་བུའི་ཅུང་དྲག་རྩུབ་ཀྱི་གདངས་དང་ལྡན་པ་ལྷ་སའི་གྲོང་ནས་ལྷག་ཏུ་ར་སྤྲད་བྱུང་ལ། དེ་སྔ་དགེ་རྒན་ཞིག་གི་ངག་ནས་ཐོས་པའི་ཨ་མདོ་བ་ནི་བཙན་པོའི་མཐའ་སྲུང་དམག་གི་རྒྱུད་པ་ཡིན་ཞེས་པའང་དོན་ལ་གནས་འདུག་སྙམ་ལ། ཡང་འདི་ཁོ་ནར་མ་ཟད་དེ་མདོ་སྨད་པའི་ཁ་ཁོག་མེད་པའི་རྒོད་གཤིས་ལ་ཡང་འབྲེལ་བ་ལོས་ཡོད་སྙམ།

མལ་གྲོ་གུང་དཀར་རྫོང་ན་བྱ་བ་གཉེར་བའི་ཚ་མོས་སྔ་དྲོ་ཐག་རིང་ཡུལ་ནས་འོངས་པའི་ང་ཚོ་དང་ལྷན་འཛོམས་བྱས་ཤིང་། ཕྱི་དྲོ་གྱེས་ཁར”ངས་ཁྱོད་ཚོ་མཇལ་སྐོར་དུའང་འཁྲིད་མ་ཐུབ”ཅེས་མིག་མཐར་མཆི་ཞག་འཁྱིལ་བཞིན་ངག་འདར་འདར་གྱིས་བརྗོད་པ་ན། ཁུ་བོ་ངའི་སེམས་སུ་སྟོད་ཉི་མ་ལྷ་ས་འབོད་པའི་ས་ཆ་འདི་སྔར་བཞིན་ཕ་ཡུལ་མདོ་སྨད་དང་རྒྱང་རིང་སྙམ་ལ། ཁུ་ཚན་གཉིས་ལ་སྨྲ་མི་ཤེས་པའི་གྱེས་བྲལ་གྱི་གདུང་བ་ཞིག་བྱིན།

4

ལྷ་སར་ཐེངས་གཅིག་ཡོང་བ་འདི། ལུས་སེམས་གཉིས་ཀྱི་མནོལ་བཙོག་དང་། ཤ་ཁྲག་གི་སྦུབས་སུ་ལྡིང་བའི་རྣམ་ཤེས་ཀྱི་བྱབས་ཁྲུས་ཡིན་པ་སྨྲ་མ་དགོས་ལ། བློ་ལ་འོད་ཅིག་བསྐྱིལ་བའི་མཇལ་སྐོར་ཐེངས་ཤིག་ཡིན་པའང་སྨྲ་ཅི་དགོས། ངོ་མ་ཉིན་དགུ་རིང་ལ་དབུས་མཇལ་བྱས་པ་ན། ང་ཚོར་ཡིད་ལ་བཅངས་པའི་འདོད་དོན་འགྲུབ་སོང་བའི་དགའ་བདེ་ཞིག་དང་། མ་མཐོང་བ་དང་མ་ཤེས་པར་ལུས་པའི་སྟོང་ཆ་མང་པོ་ཞིག་བསྐངས་སོང་བའི་ཡིད་ཚིམ་ཞིག་ཀྱང་སྐྱེས་མོད། ད་དུང་ཡང་མ་མཇལ་ལུས་སོང་བའམ་མ་རྟོགས་མདུད་ལོག་ཏུ་གྱུར་པ་མང་པོ་ཞིག་མཐོང་རྒྱ་དང་ཤེས་རྒྱ་དོག་པའི་ང་ལ་སྟོང་ཆའི་ཚུལ་དུ་ལུས་ཡོད། ཡིན་ཡང་ཕྱིས་སུ་གོ་སྐབས་འགྲིག་ཚེ། ང་ཚོས་ཡང་བསྐྱར་དབུས་མཇལ་ཐེངས་གཅིག་ཞུ་རྒྱུ་ཡིན་ཞེས་སྨོན་ལམ་འདེབས་ཞོར་ཕྱིར་རང་གི་ཕ་ཡུལ་ཨ་མདོའི་ཕྱོགས་སུ་འཁོར་རོ།།