བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ། ཤེས་བྱས་བསྡུ་སྒྲིག་བྱས།

51/545
སྐྱེ་ཁམས་རིག་པས་ཞིབ་འཇུག་ལྟར་ན་བུད་མེད་ནི་རང་བཞིན་གྱིས་སྐྱེས་པ་དང་བསྡུར་ན་ལུས་སྟོབས་ཞན་པ། ནུས་ཤུགས་དམའ་བ། སྐད་ངག་ཕྲ་བ། སེམས་ཁམས་ལ་འགྱུར་བ་དང་ཚོར་བ་འབྱུང་སྐྱེན་པ་ཞིག་ཀྱང་ཡིན་པར་བཤད་ལ། དེ་བཞིན་ནད་རིགས་འབྱུང་སླ་བ་ཞིག་ཀྱང་ཡིན་པར་བཤད་ཡོད། དེའི་ཕྱིར་བུད་མེད་ཀྱི་བདེ་ཐང་ནི་སྐྱེས་པ་ལས་ཀྱང་ཧ་ཅང་གལ་ཆེ་བ་ཞིག་ཡིན། གལ་ཏེ་བུད་མེད་ལ་བདེ་ཐང་མེད་པ་ཡིན་ན། འབྱུང་འགྱུར་གྱི་བུ་ཕྲུག་དང་། ད་ལྟའི་ཁྱོ་ག་སོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པས་འདི་ནི་མིའི་རིགས་སྤྱིའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཏུ་གྱུར་ཡོད། འདི་ལ་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་དང་དོ་སྣང་བྱེད་དགོས་པ་ཞིག་རེད། བུད་མེད་བདེ་ཐང་ཡོང་མིན་དེའང་བུད་མེད་རྐྱང་པའི་དོན་དག་ཅིག་མིན་པར་སྐྱེས་པ་ཚོའི་འཕྲོད་བསྟེན་དང་། བདག་སྐྱོང་ལེགས་མིན། ཕྱོགས་གཉིས་ཀྱི་རིམས་འགོག་འདུ་ཤེས་སོགས་ལ་ཡང་འབྲེལ་བ་དམ་པོ་ཆགས་ཡོད། ལྷག་ཏུ་བོད་ཡུལ་གྱི་བུད་མེད་དག་གིས་རང་ལུས་ལ་བདག་སྐྱོང་ལེགས་པོ་མི་ཤེས་པ་དང་། སྤོབས་པ་ཆུང་བ། ཆ་རྐྱེན་ཞན་པ་བཅས་ཀྱི་དབང་གིས་མང་ཆེ་བ་ལོ་ན་ཆུང་དུས་ནས་མོ་ནད་ཅན་དུ་གྱུར་ནས་ཡོད། དེས་ན་གཤམ་གྱི་དོན་ཚན་དག་ནི་ཆེད་ལས་ཞིབ་འཇུག་པས་དཔྱད་འབྲས་གལ་ཆེན་དག་གཞན་ལས་བཤུས་ཏེ་སྤེལ་བ་ཡིན་ཞིང་། མ་མཐའ་ཡང་བུད་མེད་ཅིག་ཡིན་ན་རྒྱུན་ཤེས་འདི་འདྲ་མ་ཤེས་ཐབས་མེད་ཡིན།

 

དང་པོ། ཟླ་མཚན་འབབ་དུས་ཀྱི་དོ་སྣང་བྱ་ཡུལ་གྱི་སྐོར།

1. ཟླ་མཚན་འབབ་དུས་ལུས་ལ་མི་བདེ་བ་དང་ཟུག་གཟེར་རེ་ཡོད་པ་ནི་རྒྱུན་ལྡན་ཡིན་ཡང་། བུད་མེད་ལ་ལས་སྨན་པར་ཟླ་མཚན་འབབ་བཞིན་པ་གསང་ནས། ཟླ་མཚན་འབབ་སྐབས་འཐུང་མི་རུང་བའི་སྨན་རིགས་འཐུང་བས་ནད་གཞི་ཇེ་སྡུག་དང་ནད་འདྲེན་བཞིན་པ་མང་པོ་ཡོད།

2. ཟླ་མཚན་འབབ་དུས་ལས་ཚེགས་ཆེ་བའི་རིགས་ལས་མི་རུང་ལ། ཆུ་འཁྱགས་སོགས་གྲང་བའི་རིགས་ལ་རེག་པ་དང་། བརླན་གཤེར་དང་གྲང་ལྷགས་ཆེ་བའི་ས་ནས་འདུག་པ་དང་ཉལ་བ་སོགས་མི་རུང་། དྲོད་ལྡན་གྱི་གོས་དང་བཅུད་ཆེན་གྱི་ཟས་བསྟེན་དགོས། དུས་ཚོད་བདུན་བརྒྱད་ཀྱི་གཉིད་ཚད་རྫོགས་དགོས་པ་དང་། ལྷག་ཏུ་རྩིས་འཕྲུལ་ཁ་པར་སོགས་གློག་གི་རྦ་རླབས་ཤུགས་ཆེན་ཡོད་པའི་རིགས་ཡུན་རིང་གཏན་ནས་བཀོལ་མི་རུང་བ་དང་། ལུས་འབྲེལ་ནི་དེ་བས་ཀྱང་བྱ་མི་རུང་ངོ་། །

 

གཉིས། འཚོ་བའི་གོམས་གཤིས་སྐབས་ཀྱི་གནད་དོན་སྐོར།

1. ནུ་ཤུབས་དང་ནང་གོས་སོགས་རྒྱུ་བཟང་ཙམ་གྱོན་དགོས་ཤིང་། ནུ་ཤུབས་དང་གསང་དོར་གཉིས་ཆེ་ཆུང་རན་པོ་སྤྱད་པ་གལ་ཆེ། ནུ་ཤུབས་ཉིན་མཚན་ཀུན་ཏུ་གྱོན་མི་རུང་། ནང་གོས་གསར་བ་ཐོག་མར་བཀྲུས་ནས་སྤྱད་དགོས། གོས་གཞན་པ་དང་མཉམ་དུ་བཀྲུ་མི་རུང་། ནུ་ཤུབས་དང་གསང་དོར་ཉིན་རེ་བཞིན་གཙང་མས་བརྗེ་དགོས།

2. བུད་མེད་ལ་ལས་མོ་ནད་ན་བའི་རྟགས་བྱུང་རུང་། དེར་སྣང་འཇོག་མི་བྱེད་པའམ། ངོ་ཚ་བ་དང་མི་ཁོམ་པ། མོ་དང་རྩིས་མི་བཟང་བ། ས་ཐག་རིང་བ། སྐད་མི་ཤེས་པ་སོགས་ཀྱི་དཀའ་ཁག་ལ་དམིགས་ཏེ་རང་གི་ནད་རང་གིས་སྣང་མེད་བཟོས་པ་ནི། རང་ཉིད་འཆི་ལམ་ལ་འགྲོ་བའི་རྒྱུ་རྐྱེན་སྒྲུབ་བཞིན་ཡོད་པས་ངེས་པར་དུ་སྨན་ཁང་སོགས་ལ་འགྲོ་ཐབས་བྱ་དགོས།

3. ཟླ་མཚན་འབབ་དུས་ཀྱི་གཙང་རས་དང་གཙང་ཤོག་སོགས་ཀྱི་རྒྱུ་སྤུས་བཟང་དགོས་པ་དང་། མོ་ནད་མི་ཉུང་བ་ཞིག་གཙང་རས་སོགས་ཀྱི་རྫས་མི་གཙང་བས་འདྲེན་བཞིན་ཡོད་པ་གསལ་པོར་བཤད་ཡོད་པས། རང་གི་འཚོ་བའི་གོམ་གཤིས་མི་ལེགས་པ་དག་ལ་སྒྱུར་བཅོས་བྱས་ན་ད་གཟོད་བདེ་ཐང་གི་འཚོ་བ་སྤྲོ་སྐྱིད་ལྡན་པ་ཞིག་རོལ་ཐུབ།

 

གསུམ་པ། འཁྲིག་སྦྱོར་བྱེད་སྐབས་ཀྱི་ནོར་འཁྲུལ་སྐོར།

1. ལུས་འབྲེལ་བྱེད་སྐབས་སྔོན་འགྲོའི་རོལ་རྩེད་ཡུན་རིང་ཙམ་མ་བྱས་ན། བུད་མེད་ལ་འདོད་ཆུ་འབབ་པ་དང་མཚན་མར་མཉེན་འབབ་པ་སོགས་ཀྱི་ལུས་ཁམས་ཀྱིས་གྲ་སྒྲིག་གི་སྔོན་འགྲོ་བྱེད་མི་ཐུབ་ཅིང་། ཐད་ཀར་སྐྱེས་པའི་ཚོར་བ་དབང་བཙན་དུ་བྱས་ནས་ལུས་འབྲེལ་བྱས་པ་ཡིན་ན། བུད་མེད་ཀྱི་མཚན་མ་དང་འབྲེལ་ཡོད་ཀྱི་ཁྲག་རྩ་མང་པོ་ཤུགས་ཀྱིས་གཅོད་བཞིན་ཡོད་པ་དང་། རྐྱེན་འདི་ལས་མོ་ནད་ཀྱང་རབས་དང་རིམ་པ་འབྱུང་བའི་རྒྱུ་གཙོ་ཤོས་སུ་གྱུར་ཡོད།

2. ལྷག་པར་དུ་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ན་དང་ཐོག་བུད་མེད་ཕལ་ཆེར་ལ་བཙན་ཐབས་ལྟ་བུས་ན་ཆུང་གི་མེ་ཏོག་གསར་བ་དེ་འཕྲོག་བཞིན་ཡོད་པས། ལུས་སེམས་གཉིས་ཀྱི་བདེ་ཐང་ལ་རྨ་ཁ་ཚབས་ཆེན་བཟོས་ཡོད། མ་ཟད་དང་ཐོག་གི་སྦྱོར་བས་བུད་མེད་དེའི་རྗེས་ཕྱོགས་ཀྱི་འདོད་བདེའི་ཚོར་བ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། དང་ཐོག་གི་ལུས་འབྲེལ་དེ་ལ་ཕོ་མོ་གཉིས་ཀས་དོ་སྣང་ཆེན་པོ་བྱ་དགོས།

3. བུད་མེད་མང་པོ་ཞིག་གིས་མཚན་མ་རྒྱུན་དུ་གཙང་སྦྲ་མི་བྱེད་པས་ཚི་དྲེག་དང་རྩྭ་རྡུལ། སྤུ་ཉག་སོགས་སྐྱེས་པའི་ཕོ་མཚན་དང་ལྷན་དུ་རང་ཉིད་ཀྱི་ཁོག་ཏུ་ཞུགས་ནས་ནད་རིགས་མང་པོ་སློང་བཞིན་ཡོད་པས་རང་ལུས་ཀྱི་གཙང་སྦྲ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལུས་འབྲེལ་བྱེད་པའི་གོང་འོག་ཏུ་རྒྱུན་པར་སོ་སོས་མཚན་མ་ཆུ་གཙང་གིས་བཀྲུས་ན་ཧ་ཅང་བཟང་།

 

བཞི་པ། དྲན་སྐུལ་ཐུང་ངུ་ཞིག

གལ་ཆེ་བའི་བུད་མེད་ཀྱི་འཕྲོད་བསྟེན་འདི་དག་ནི་བུད་མེད་དང་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་ནས་ཡོད་པས་གལ་ཆེ་བ་རྟོགས་སླ། ཡིན་ན་ཡང་ལྷག་ཏུ་ང་ཚོའི་བོད་ཡུལ་ན་བུད་མེད་ཚོར་རྒྱུན་ཤེས་འདི་འདྲའི་གོམ་སྲོལ་ཆགས་ཡོད་མཁན་ཞིག་ཧ་ཅང་ཉུང་བས། འདི་ངོ་ཚ་དང་སྣང་མེད་དགོད་གཏམ་ཞིག་ཏུ་མི་འཛིན་པར་ཕན་ཚུན་རང་གི་མཐུན་ས་དང་གྲོགས་པོ། ཡང་ན་ངོ་མི་ཤེས་པ་དག་ལའང་ལྷག་བསམ་རྣམ་དག་གིས་བརྒྱུད་སྒྲོག་དང་གསལ་བཤད་མང་དུ་གནང་དགོས། ལྷག་ཏུ་སྐྱེས་པ་ཚོས་རང་གི་ཆུང་མ་དང་དགའ་རོགས་སོགས་ལ་ཁ་ནས་བརྩེ་བ་ཙམ་མ་ཡིན་པར་ཚེ་སྲོག་དང་འབྲེལ་བའི་ལག་ལེན་འདི་དག་གཙིགས་ཆེན་དུ་བཟུང་ནས་རང་གཞན་གྱི་བདེ་ཐང་ལ་སྲུང་སྐྱོབ་གནང་རོགས། །