བོད་ཀྱི་རྩོམ་རིག་ལོ་རྒྱུས་ངོས་ནས་བསླབ་བྱའི་སྐོར་གླེང་བ། བསོད་ནམས་ཆོས་དར།

50/545
དང་པོ། རྩོམ་རིག་ལོ་རྒྱུས་ཀྱི་བྱུང་འཕེལ།

རྩོམ་རིག་ལོ་རྒྱུས་གླེང་ན་ཐོག་མར་ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་བྱུང་འཕེལ་ནི་ངེས་པར་ཉམས་འཇོག་དགོས་སའི་གནད་ཅིག་ཡིན་ཏེ། སྤྱིར་འཛམ་གླིང་རྩོམ་རིག་ལ་གཞུང་ལུགས་རང་བཞིན་གྱིས་གོ་བ་དང་རིག་ཚན་ཅན་ལ་ཕྱོགས་པར་ནུས་པ་ཆེན་པོ་ཐོན་ཡོད། རྩོམ་རིག་བརྩམས་ཆོས་ཡོད་པ་ཙམ་གྱིས་རྩོམ་རིག་ལོ་རྒྱུས་བྱུང་ཐུབ་མེད། རྩོམ་རིག་ལོ་རྒྱུས་ནི་བརྩམས་ཆོས་མང་པོ་ཕྱོགས་གཅིག་ལ་བཞག་ནས་རིགས་དང་དབྱེ་བ་དགར་རྗེས། རིམ་བཞིན་དུས་དང་རྩོམ་གྱི་གཤིས་སོགས་ཁྱད་ཆོས་འབུར་དུ་ཐོན་པ་གཞིར་བཞག་ནས་བརྩམས་ཆོས་གྲུབ་པ་ཞིག་ཡིན། དུས་རབས་17གྱི་རྗེས་དང་18ཀྱི་ནང་དུ་ད་གཟོད་དངོས་སུ་རྩོམ་རིག་ལོ་རྒྱུས་འབྲི་བའི་སྲོལ་དར། སྐབས་འདིར་བརྩམས་ཆོས་ཀྱི་ཁྱད་ཆོས་ལ་མ་གཞིགས་པར། ལོ་རྒྱུས་རིང་ལུགས་ཀྱི་ངོས་ནས་རྩོམ་རིག་ལ་བལྟས་ཡོད། རིམ་བཞིན་དུས་རབས་20བའི་རྗེས་སུ་རྣམ་པ་རིང་ལུགས་དང་སྒྲིག་གཞི་རིང་ལུགས་སོགས་དར་བ་དང་བསྟུན་ནས་སྔོན་གྱི་རྩོམ་རིག་ལོ་རྒྱུས་འབྲི་བའི་རྣམ་པར་འགྱུར་བ་བྱུང་སྟེ། བརྩམས་ཆོས་གཞིར་བཞག་ནས་རྩོམ་རིག་ལ་བལྟ་བ་དེ་ལྟར་རྩོམ་རིག་ལ་ལྟ་བའི་ཟུར་མ་འདྲ་བས་རྩོམ་རིག་ལོ་རྒྱུས་ལའང་འབྲི་སྟངས་པ་གསར་བྱུང་།

བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་ཐུང་ཞིང་། གཞུང་ལུགས་ཀྱི་རྒྱབ་རྟེན་ཆེན་པོ་མེད་པར། གཞན་གྱི་རྩོམ་རིག་ལྟ་བ་དང་། ཁྱད་པར་གཞན་གྱི་འདུ་ཤེས་འཛིན་སྟངས་ངོས་ནས་ཐོག་མར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལམ་ལ་ཆས། སྤྱི་ལོ་1985ལོར། ཀྲུང་དབྱང་མི་རིགས་སློབ་གླིང་གིས་རྩོམ་སྒྲིག་བྱས་པའི་རྒྱ་ཡིག་གི་བོད་ཀྱི་རྩོམ་རིག་ལོ་རྒྱུས་བྱུང་། སྤྱི་ལོ་1988ལོར། ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་དབྱི་ནོན་དང་ཐང་ཅིན་ཧྥུ་གཉིས་ཀྱིས་རྒྱ་ཡིག་གིས་བརྩམས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་མདོར་བསྡུས་ཞེས་པ་དེ་དཔེ་སྐྲུན་བྱས་ལ། སྤྱི་ལོ་1999ལོར། ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་དཔལ་རྩེ་དང་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ཁྱད་ཆོས་དང་། སྤྱི་ལོ་2008ལོར་རྒྱ་ཡེ་བཀྲ་བྷོ་སོགས་ཀྱི་རྒྱའི་རྩོམ་ལ་གཞི་བྱས་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་བསྒྲིགས། རྒྱ་ཡེ་བཀྲ་བྷོའི་རྩོམ་རིག་ལོ་རྒྱུས་ཀྱི་རྨང་གཞིའི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆབ་འགག་རྟ་མགྲིན། རྣམ་སྲས་སོགས་གཙོར་བྱས་ནས་སྤྱི་ལོ་2013ལོར་བོད་ཀྱི་རྩོམ་རིག་ལོ་རྒྱུས་དེབ་དྲུག་ཅན་བྱུང་། མདོར་ན་ཕྱིའི་ཆ་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་དེ་འདི་ལྟར་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་བའི་གནས་སུ་ཕྱིན།

 

གཉིས་པ། རྩོམ་རིག་ལོ་རྒྱུས་ཀྱི་རྒྱུ།

རྩོམ་རིག་གི་རིག་ཚན་དུ་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་དཔྱད་བརྗོད། རྩོམ་རིག་ལོ་རྒྱུས་གསུམ་གྱིས་ཕན་ཚུན་ལ་ཤན་ཞུགས་ཡོད་པ་མ་ཟད། དེའི་ཁྲོད་དུ་རྩོམ་རིག་ལོ་རྒྱུས་ཀྱིས་གོ་གནས་ངེས་ཅན་བཟུང་ཡོད། རྒྱུ་མཚན་རྩོམ་རིག་ལོ་རྒྱུས་སུ་འཁོད་པའི་ལེགས་རྩོམ་གང་དེ། མི་རིགས་དང་རྒྱལ་ཁབ་དེའི་རྩོམ་རིག་བརྩམས་ཆོས་ཀྱི་འཐུས་ཚབ་ལ་འགྱུར་འགྲོ། དེ་བས་སྐད་ཆ་བཤད་སྟངས་གཞན་ཞིག་བྱས་ན་བརྩམས་ཆོས་སམ་རྩོམ་རིག་ལོ་རྒྱུས་སུ་བཀོད་པའི་བརྩམས་ཆོས་ནི་རྩོམ་རིག་ལོ་རྒྱུས་ཀྱི་རྒྱུ་ཡིན། སྤྱིར་མི་རིགས་གཞན་ལའང་དང་ཐོག་ནས་རྩོམ་རིག་ལོ་རྒྱུས་ཡོད་པ་མིན་པར་རྩོམ་རིག་གི་རིག་ཚན་འཕེལ་རྒྱས་སུ་སོང་བ་དང་བསྟུན་བྱུང་བ་ཞིག་ཡིན་པ་ནང་བཞིན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བྱུང་བ་དེའང་རྩོམ་རིག་འཕེལ་རྒྱས་བྱུང་བའི་མངོན་རྟགས་ཤིག་ཡིན། དེ་ལྟར་ནའང་བོད་ཀྱི་ད་སྔ་བྱུང་བའི་རྩོམ་རིག་ལོ་རྒྱུས་དེབ་དག་གི་ཁྱད་ཆོས་གཙོ་བོ་བརྩམས་ཆོས་ཁག་གཅིག་བསྡུ་བྱས་ནས། དེའི་རྩོམ་པ་པོ། བརྗོད་སྙིང་། སྤྱི་ཚོགས་གནས་བབས་སོགས་ཕྱིའི་སྣང་ཚུལ་གཙོར་བཟུང་ཡོད་ལ། རྩོམ་རང་གི་ཁྱད་ཆོས་དང་ནང་གི་སྒྲིག་གཞི། མཛེས་རྟོག་གི་ཁམས་སོགས་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་དཔྱད་པ་གཏོང་ཐུབ་མེད། དེ་བས་རྩོམ་བྱུང་ལོ་རྒྱུས་ཁྲོད་བྱུང་བའི་བརྩམས་ཆོས་དག་གི་ཚད་སྒྱུ་རྩལ་རྩོམ་རིག་གམ། ཡང་ན་སྒྲ་དོག་འཇུག་ལྟར་སོང་བའི་རྩོམ་རིག་གི་གོ་བ་མིན། སྐབས་སྐབས་སུ་བོད་ཀྱི་སྲིད་དབང་གི་འགྱུར་བ་དང་བསྟུན་ནས་རྩོམ་བྱུང་ལོ་རྒྱུས་བྲིས་ཡོད་ལ། ཡང་སྐབས་སྐབས་སུ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་འབྲེལ་ནས་རྩོམ་རིག་ལོ་རྒྱུས་བྲིས་ཡོད། གང་ལྟར་བོད་ཀྱི་རྩོམ་རིག་ལོ་རྒྱུས་དེ་རྩོམ་རིག་ལ་གོ་བ་ཡང་དག་ལོན་པའི་རྗེས་ནས་བྱུང་བའི་རྩོམ་རིག་ལོ་རྒྱུས་ཤིག་མིན་པའི་ཁྱད་གཤིས་ཡོད་དེ། དེ་ནི་གཙོ་བོ་རྩོམ་བྱུང་ལོ་རྒྱུས་ཀྱི་རྒྱུ་སྟེ། རྩོམ་རིག་ལོ་རྒྱུས་སུ་བཀོད་ཡོད་པའི་བརྩམས་ཆོས་དག་ལས་གསལ་བོར་མངོན་ཐུབ།

 

གསུམ་པ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་རྩོམ་རིག

བོད་ལ་ཡི་གེ་དར་བ་ནས། རིམ་བཞིན་བརྗོད་བྱ་སྣ་ཚོགས་ཤིག་ཡི་གེར་འགོད་པའི་སྲོལ་བྱུང་ནའང་། བོད་སྲོལ་རྒྱུན་ལྟར་ན་དེ་དག་ཡོད་ཚད་རྩོམ་ཡིན་པའི་ངེས་པ་མེད་དེ། དཔེར་ན་ཨ་ལག་ཤ་ངག་དབང་བསྟན་དར་གྱི་རྩོམ་པའི་རྣམ་གཞག་བཤད་པ་རུ་བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་སྒོ་ནས། རྒྱ་ཆེན་སྡུད་པ་མདོ་སྡེ་རྒྱན་དང་། ཟབ་མོ་འབྱེད་པ་མངོན་རྟོགས་རྒྱན་དང་། འཁྲུགས་པ་བསྡེབས་པ་བསླབ་བཏུས་ལྟ་བུ་གསུམ་དང་། བརྗོད་བྱའི་སྒོ་ནས་བདེན་པ་གཉིས་སྟོན་པ་གཉིས་དང་། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང་སོ་སོའི་དགོངས་འགྲེལ་གཉིས་ལྟ་བུ་དང་། ས་པཎ་གྱི་མཁས་འཇུག་སོགས་གཞིར་བྱས་ན་རྩོམ་དེ་བསྟན་བཅོས་ལ་གོ །དུས་ཀྱི་འགྱུར་བ་དང་བསྟུན་ནས་བོད་ལའང་རྩོམ་གྱི་གོ་བ་དེ་རིམ་བཞིན་འགྱུར་བ་སོང་ཡོད་དེ། དེང་སྐབས་རྩོམ་ཞེས་པ་ནི་ཐར་ལམ་བསྙེག་པའི་ལམ་སྟོན་ཁོ་ན་ཙམ་མིན་པར། བརྗོད་བྱ་ལོ་རྒྱུས་རིག་གནས་ཆབ་སྲིད་གང་རུང་དང་། དེ་བཞིན་མཚོན་སྟངས་ལ་ཚད་བཀག་ཆེན་པོ་མེད་པར། དཔྱད་པའི་ལམ་ནས་འབྲི་བ། སྒྱུ་རྩལ་གྱི་ཆ་གཙོ་བོར་འདོན་པ། ཡང་ན་ལོ་རྒྱུས་འཚོ་བ། ཉིན་ཐོ་ལ་སོགས་མདོར་ན་རྩོམ་དེ་སྣ་མང་རང་བཞིན་གྱི་རྣམ་པར་ཡོད་དེ། བརྗོད་བྱའི་ཆ་ན་གཏན་འཁེལ་མེད། ཁྱད་པར་དུ་དེང་སྐབས་ཀྱི་ཆར་རྩོམ་གྱི་སྡུར་གྲངས་ཚད་ནས་བལྟས་ན། ཐར་བ་ཐར་ལམ་དང་ཕྱི་མ་དོན་གཉེར་ལས་གཙོ་ཆེར་དངོས་ཡོད་དང་འཚོ་བའི་ཤུགས་ཇེ་ཆེར་གྱུར་ཡོད། རྩོམ་རིག་རྩོམ་རིག་ལ་གྱུར་བའི་རྒྱུ་གཙོ་བོ་གཅིག་དེའི་མཛེས་རྟོག་དང་། ཚོར་ཤེས་གཙོར་བྱས་པའི་རྟོག་པ་ཞིག་གིས་ཡིན་ཏེ། བརྩམས་ཆོས་ལས་མངོན་པའི་རང་དབང་གི་རྟོག་འགྱུའམ། གཞན་བློ་གཞན་དབང་གཞན་རིག་མ་ཡིན་པའི་མི་སྒེར་ལ་བྱུང་བའི་ཤེས་པ་ཞིག་ཡིན། རྩོམ་རིག་གི་ཐུན་མིན་ཁྱད་ཆོས་དང་དགེ་མཚན་ཀྱང་འདི་ནས་མངོན་དགོས། འདི་ནི་ཕྱི་རིམ་ན་མངོན་པའི་ཞེན་པ་ཙམ་མིན་པར་ནང་རིམ་ན་སྦས་པའི་བློ་གྲོས་ཤིག་ཡིན། དེ་བས་རྩོམ་རེ་རེ་བཞིན་ཁོ་རང་གི་སྒྲིག་གཞི་དང་རྣམ་པ་སོགས་གང་བྱུང་གིས་བསྒྱུར་བཅོས་བྱ་ཆོག་པ་ཞིག་མིན་པར། རྩོམ་ཆོས་གང་ཞིག་གྲུབ་པའི་ནང་སྙིང་གིས་རྩོམ་གྱི་ལུས་ཀྱང་དེ་ལྟར་གདམས་ཤིང་གྲུབ་པ་ཞིག་ཡིན། དེ་བས་ཚོར་བ་དང་རྣམ་རྟོག་གི་འགྱུ་བ་ནི་རྩོམ་རིག་ལ་མཚོན་ན་ཆེས་གལ་ཆེ་བ་ཞིག་ཡིན་ལ། རྩ་བའི་ཆ་ནས་རྩོམ་རིག་གིས་མི་གཤིས་ལ་འཚོལ་དཔྱོད་བྱེད་པས། རྩོམ་རིག་ནི་མིའི་རིག་པ་ཡིན་ཞེས་རྩོམ་རིག་མཁས་ཅན་ཚོས་གསུངས་ཡོད། དེ་བས་རྩོམ་རིག་རྩོམ་ཆོས་གང་ཞིག་གི་བརྗོད་སྙིང་གཅིག་ཁོ་ན་གཏན་ལ་དབབ་པ་སོགས་ཀྱི་འཁྲུལ་སྣང་བྱུང་བ་ན་རྩོམ་རིག་གི་རྩ་བའི་ཁྱད་ཆོས་མ་ཤེས་པའི་སྐྱོན་ཡིན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁག་དུ་བསླབ་བྱ་དང་ལེགས་བཤད་གཉིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ལ་གྱུར་ཡོད། བསླབ་བྱ་དང་ལེགས་བཤད་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་བསླབ་བྱ་ཡིན་ན་བརྗོད་བྱ་དམ་པའི་ལྷ་ཆོས་ལ་སྦྱོར་བ་སྟེ་ཆོས་ཕྱོགས་ལ་གཞོལ་ཆེ་ཞིང་། ལེགས་བཤད་ཀྱི་བརྗོད་བྱ་སྤྱིར་བཏང་དུ་འཇིག་རྟེན་མི་ཆོས་ལ་སྦྱོར་བ་ཤས་ཆེ་ཞེས་དང་ཡང་ན་ལེགས་བཤད་ནི་སྤྱིར་འཇིག་རྟེན་གྱི་ལུགས་སྟོན་ལ། བསླབ་བྱ་ནི་བྱེ་བྲག་གི་མཐོ་ས་ཞིག་ནས་དམའ་ས་ཞིག་ལ་སློབ་གསོ་བྱེད་པའི་རང་བཞིན་ཡོད་པར་གསལ་ཁ་བྱས་ཡོད་མོད། བརྩམས་ཆོས་དག་ལ་མཇལ་ན་སྐབས་རེར་དེའི་ཁྱད་ཆོས་ཡོད་མོད། ཡང་སྐབས་ལན་རེར་ཁྱད་ཆོས་དེ་བཤད་དཀའ་མོ་རེད། གལ་ཏེ་བོད་ཀྱི་འཐུས་ཚབ་རང་བཞིན་གྱི་ལེགས་བཤད་ས་སྐྱ་ལེགས་དང་། བསླབ་བྱ་ལ་གུང་ཐང་སློབ་གཉེར་བསླབ་བྱ་ལྟ་བུ་བྱས་ན་གོང་གི་སྡོམ་ཚིག་དེ་བདེན་གཏམ་ལྟ་བུར་སྣང་མོད། སྤྱིར་བཏང་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཁྲོད་འདི་གཉིས་ཀའི་ཡང་དག་གི་དབྱེ་བ་ཞིག་འབྱེད་དཀའ་ཙམ་འདུག སྐབས་སྐབས་སུ་གདམས་པ་དང་གྲོས་འདེབས་པ་སོགས་ཀྱི་ཚིག་བཀོལ་ཡོད། བརྗོད་བྱའི་ཆ་ནས་ཀྱང་དཔེར་ན་གུང་ཐང་སློབ་གཉེར་བསླབ་དང་བསླབ་བྱ་ནོར་བུའི་ཕྲེང་བ་ལ་སོགས་དམིགས་བསལ་བ་འགའ་ལས་གཞན་དག་ལ་རྩོམ་ལུས་རང་གི་ཁྱད་ཆོས་སོགས་དམིགས་སུ་བཤད་དཀའ་སྙམ། དེ་ལྟར་ནའང་དེ་དག་ཀུན་ལ་གཅིག་གྱུར་གྱི་ཁྱད་ཆོས་སམ་འདྲ་བའི་ཆ་ཅུང་ཟད་ཀྱང་མེད་པ་མིན་ཏེ། གཅིག ལེགས་ཉེས་བླང་དོར་སོགས་ཀུན་སྤྱོད་སོགས་ཀྱི་ངོས་ནས་བརྩམས། གཉིས། བསླབ་བྱ་དང་ལེགས་བཤད་ཀྱི་བརྗོད་བྱ་གསར་དུ་རང་གི་འདོད་པ་ལྟར་འགྲེལ་མི་རུང་། གསུམ། བརྩམས་ཆོས་གང་དེའི་བརྗོད་སྙིང་ཧ་ཅང་ཁ་གསལ་ཡིན། གཞན་ལེགས་བཤད་ལ་རྩོམ་ལུས་ཀྱི་སྒོ་ནས་བཅད་ལྷུག་གཉིས་ཀ་ཡོད་པ་ལས། ལྷུག་རྩོམ་ལེགས་བཤད་ལ་ཤགས་ཀྱི་ཁྱད་ཆོས་ཡོད།

 

བཞི་པ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་བསླབ་བྱ་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དོགས་དཔྱོད།

རྩོམ་རིག་ལོ་རྒྱུས་དང་རྩོམ་རིག རིམ་བཞིན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་བསླབ་བྱ་སོགས་ལ་བསམ་བློ་ཞིབ་ཏུ་བཏང་ན། དོན་དམ་པར་བསླབ་བྱ་ལ་རྩོམ་རིག་གི་རིན་ཐང་ལྷག་པར་མངོན་པ་ཞིག་མིན་ཏེ། དེ་ནི་གང་བྱུང་འདོད་རྒྱལ་ལ་བཤད་པ་ཙམ་མིན་པར། བརྩམས་ཆོས་ཀྱི་ཕྱི་རིམ་དང་ནང་རིམ་གྱི་སྒྲིག་གཞི། གྲུབ་ཚུལ། རྟོག་པ་སོགས་གང་གིས་ངོས་ནས་བལྟས་ཀྱང་བསླབ་བྱ་ནི་རྩོམ་རིག་བརྩམས་ཆོས་རྣལ་མ་ཞིག་ལ་གྲུབ་མི་ཐུབ། ཡིན་ནའང་རྩོམ་རིག་བརྩམས་ཆོས་རྣམ་མ་ཞིག་གིས་གྲུབ་མ་ཐུབ་པས་རྩོམ་ལ་རྩོམ་གྱི་རིན་ཐང་མེད་སོང་བ་མིན། དེ་ལ་རང་གི་ཚད་ཐིག་དང་དབྱེ་ཞིབ་བྱེད་ཐབས་སོགས་གསལ་པོ་ཡོང་ན་ད་གཟོད་བསླབ་བྱའི་རིན་ཐང་ཐུན་མིན་པའང་མངོན་ཐུབ། མིན་ན་བརྒྱ་བཤད་སྟོང་འུར་བྱས་རུང་ཕུ་ཐག་ཆོད་པ་དང་དུས་གཏན་དུ་རྩོམ་རིག་གི་གར་སྟེགས་སུ་འགྱིང་ཐུབ་པ་ཞིག་གཏན་ནས་མིན་སྙམ།

ང་ཚོའི་ད་ལྟའི་བར་བསླབ་བྱ་ནི་རྩོམ་རིག་ཡིན་པའི་ངོས་འཛིན་ཞིག་ཡོད་མོད། དོན་དངོས་ཐོག་དེ་འདྲ་མིན་བཞིན་ཅིའི་ཕྱིར་གོ་ནོར་དེ་འདྲ་ཞིག་བྱུང་བ་རེད་ཟེར་ན། དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད། གོང་དུ་བཤད་པ་ལྟར། རྩོམ་རིག་ལོ་རྒྱུས་ལ་བཀོད་པའི་བརྩམས་ཆོས་ནི་མི་རིགས་དང་རྒྱལ་ཁབ་གང་དེའི་འཐུས་ཚབ་རྩོམ་ཆོས་ལ་འགྱུར་འགྲོ དེ་བས་ད་སྔའི་བོད་ཀྱི་གནས་ཚུལ་ལ་གཞིགས་ན་གནད་དོན་འགའ་ངེས་པར་དུ་ཐག་གིས་ཆོད་དགོས་སྟེ། གཅིག རྩོམ་རིག་རང་ངོས་ལས་ཆབ་སྲིད་དང་ཆོས་ལུགས་ཚད་གཞིར་བཟུང་ནས་རྩོམ་རིག་ལོ་རྒྱུས་མི་འབྲི་བ། འདི་ནི་རྩོམ་རིག་ལོ་རྒྱུས་དག་གཙང་ཡོང་བའི་ཐོག་མའི་ཆ་རྐྱེན་ཡིན། གཉིས། བརྩམས་ཆོས་གཞི་འཛིན་དགོས་པ་ལས་འབྲི་མཁན་མཁས་པ་ཡིན་མིན་བལྟ་མི་རུང་། ད་སྐབས་རྩོམ་གྱི་ལེགས་ཉེས་ལ་མི་བལྟ་བར་རྩོམ་པ་པོ་མི་བཟང་ངན་དང་མཁས་པ་ཡིན་མིན་ལ་གཞི་བཅོལ་ནས་རྩོམ་ལ་གདེང་འཇོག་བྱེད་སྟངས་ཤིག་བོད་ལ་དར་འདུག སྔ་རབས་པའི་གཏམ་ལྟར་ན་གང་ཟག་ལ་མི་སྟོན་ཆོས་ལ་སྟོན་དགོས་པའི་སྙིང་སྟོབས་དེ་ད་སྐབས་རྒྱུན་བཟུང་ནས། བོད་ཀྱི་རྩོམ་རིག་ལོ་རྒྱུས་སོགས་ལ་གདམས་པའི་བརྩམས་ཆོས་ལེགས་པོ་ཞིག་ཡོང་ན། རང་བཞིན་གྱིས་བོད་ཀྱི་རྩོམ་རིག་འདི་སྔར་ལས་གོམ་གང་མདུན་སྤོས་ཀྱི་ལམ་ལ་བུད་རེད། གཞན་ཡང་མིང་བརྡ་ཐ་སྙད་ལ་བོད་ཀྱི་བརྡ་རྙིང་དང་མེ་ལོང་མའི་གཞུང་ལ་ནན་གྱིས་བལྟས་ནས་བཀོལ་ན་ལེགས་པ་ལས། གོང་དུ་བརྗོད་པ་བཞིན་ཆབ་སྲིད་དང་ཆོས་ལུགས་ཀྱི་འགྱུར་བ་དང་དེའི་བརྡ་ཆད་དག་རྩོམ་རིག་ལ་སྦྱོར་ན་ཧ་ཅང་མི་ལེགས།

མདོར་ན་རྩོམ་རིག་གི་གོ་བའི་སྟེང་ནས་བསམ་ན་བསླབ་བྱ་ལ་རྩོམ་རིག་གི་རིན་ཐང་གང་ཡང་མེད་མོད། བསླབ་བྱ་ལ་དེ་འདྲའི་གོ་ས་ཞིག་ཡོད་པ་ནི་རྩོམ་རིག་ལོ་རྒྱུས་ཁག་གིས་བསྐྱེད་འབྲས་ཤིག་ཡིན། དེ་བས་བོད་ཀྱི་རྩོམ་རིག་དང་བསླབ་བྱ་ལ་རང་རང་གི་རིན་ཐང་རང་ས་ནས་མངོན་ཐུབ་དགོས་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་འཐུས་ཚང་ཞིག་ཡོང་དགོས་སོ། །