སེམས་ཁོང་གི་མར་མེ་ཚེ་འབར།

43/545

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ། འཇམ་དཔལ།


དགུན་གཞུང་གི་མཚན་མོ་ཁད་ཀྱིས་སླེབས་བྱུང་།

ཕྱི་རོལ་ཏུ། ཟླ་བ་དང་སྐར་ཚོགས་ཀྱང་སྤྲིན་ནག་གི་རྒྱ་རུ་ཚུད་དེ་གནམ་མཐའི་སྤྲིན་རིམ་ལས་ལན་རེར་མ་གཏོགས་མཐོང་མི་ཐུབ་ལ། རྔམས་མཐུག་པའི་མུན་པས་རྒྱང་རིང་གི་རི་བོ་དང་ཉེ་འཁོར་གྱི་ཡུལ་ལྗོངས་ཐམས་ཅད་ཁྱུར་མིད་དུ་བཏང་བའམ་གང་ལྟར་ནམ་མཁའ་དང་ས་གཞིའི་མཛེས་སྡུག་ཡོད་ཚད་རྨེག་མེད་དུ་བྱས་འདུག བར་མེད་དུ་རྒྱུ་བའི་ལྷགས་རླུང་དྲག་པོས་མཚན་མོའི་ལྷིང་འཇགས་ཡོངས་སུ་དཀྲོགས་ཏེ་ས་གཞི་ཆེན་པོས་ཀྱང་གྲང་བའི་འཁུན་སྒྲ་འབྱིན་ཞིང་།

མག་མོག་གི་སྐར་མ་འགའ་ཡང་གནམ་མཐའ་ན་འདར་སིག་སིག་བྱེད། ཁོར་ཡུག་གང་ལ་བལྟས་ཀྱང་སྐྱེ་འགྲོ་ཀུན་ལ་ཧ་ཅང་ཉམ་ང་ཞིང་ཡིད་སྐྱོ་བའི་སྣང་བ་གཟུགས་ཅན་བཞིན་འཆར་འོང་། ཏག་ཏག་དེའི་སྐབས་སུ་རྒྱང་རིང་རྒྱང་རིང་ཞིག་ནས་འོད་སྣང་ཕྲན་བུ་ཞིག་སྨག་རུམ་གྱི་ཀློང་བརྟོལ་ནས་འདྲེན་བྱེད་ཀྱི་ལམ་དུ་ག་ལེ་ག་ལེར་མངོན་བྱུང་ལ། དེ་ནི་མིག་གི་དབང་བོ་རང་དབང་མེད་པར་འདྲེན་པར་བྱེད་པའི་མཛེས་སྡུག་ཇི་འདྲའི་ཁྱད་པར་བ་ཞིག་རེད་ཨང་། རེད་ཡ། ཞིབ་ཏུ་ལྟ་དུས། འོད་སྣང་ཕྲན་བུ་དེ་ནི་གཅེས་སུ་རུང་བའི་མ་ཡུམ་སློབ་གྲྭའི་ར་སྐོར་གྱི་ཁང་བ་དམའ་མོ་ཞིག་གི་དྲ་མིག་བརྒྱུད་དེ་ལྷོད་ཀྱིས་འཕྲོས་འདུག དུས་ཚོད་ནི་མཚན་མོའི་ནམ་སྨད་དུ་སླེབས་ནས་ཁོར་ཡུག་ཡོད་ཚད་སྟོང་འཇགས་སུ་གྱུར་ཡོད་ནའང་། སུ་ཞིག་གིས་ཉིན་མོའི་སློབ་ཁྲིད་དང་།

ལས་བྱར་ལྟ་བ། གཞན་ཡང་སློབ་མའི་དོ་དམ་སོགས་ཙག་ཙིག་གི་བྱ་བ་མང་པོའི་བྲེལ་འཚུབ་ཇི་འདྲ་ཆེ་ཡང་ལུས་ཀྱི་ངལ་དུབ་བརྗེད་ཅིང་། སེམས་ལ་སུན་སྣང་མེད་པར། ཉི་མ་ནམ་ཞིག་ལ་ནུབ་པ་དང་དགོང་ཟས་ནམ་ཞིག་ལ་རན་པའང་ཡོངས་སུ་བརྗེད་འདུག ཁོང་གིས་སློབ་ཁྲིད་ཀྱི་ཉི་མ་རེ་རེ་ནི་རྒྱལ་ཕམ་གྱི་གཡུལ་ས་དོག་མོ་དང་། ཐོབ་ཤོར་ཡོད་ཚད་ནི་རང་ཉིད་ནས་མགོ་རྩོམ་དགོས་པར་བརྩིས་ནས། རྒྱལ་ཕམ་དང་ཐོབ་ཤོར་རེ་རེ་དགའ་སྐྱོ་ཡི་འཚོ་བར་བསྒྱུར་ཏེ། ལ་རྒྱ་དང་སྤོབས་པ། རིགས་ཞེན་དང་ལྷག་བསམ། དམིགས་འདུན་དང་སྙིང་སྟོབས་ཁོ་ནས་འཚོ་བཞིན། ད་དུང་ངལ་གསོ་མ་ནུས་པར་བྱ་གཞག་གང་གི་ཕྱིར་བྲེལ་བཞིན་ཡོད་སྲིད་དམ།

ཨ་ཙི། དེ་ནི་བདག་གི་སེམས་ཁོང་ན་རྟག་ཏུ་འབར་བཞིན་པའི་མར་མེ་ཚེ་འབར་ཏེ། བདག་གི་སློབ་དཔོན་དམ་པ་མ་ཡིན་ནམ། ཁོང་གིས་སློབ་ཚན་གྱི་གཙོ་གནད་དང་དཀའ་གནད་དག་སང་ཉིན་གྱི་སློབ་ཁྲིད་གོ་རིམ་དུ་ལོ་རྒྱུས་ཀྱི་ལམ་ནས་སློབ་ཁྲིད་བྱེད་དམ། ཡང་ན་རྩོམ་རིག་གི་ལམ་ནས་ངོ་སྤྲོད་རྒྱུ་དང་། གཞན་ཡང་དཔྱད་བསྡུར་རྩོད་གླེང་ཇི་ལྟར་སྤེལ་བ་དང་། བསམ་གཞིག་ཅན་གྱི་ལས་བྱ་གང་ཞིག་བགོ་བ། གང་དག་ཐག་གིས་བཅད་པའི་དྲིས་ལན་དང་། གང་དག་ཐག་གིས་མ་བཅད་པའི་དྲིས་ལན་འདེབས་ཚུལ། བསླབས་ཕྱིའི་ལྟ་ཀློག་ཇི་ལྟར་བཀོད་སྒྲིག་བྱེད་པ་སོགས་ཐམས་ཅད་གསལ་ལ་མི་གསལ་བའི་མར་མེ་ཞིག་གི་འོག་ཏུ་རིགས་ལམ་ཤིན་ཏུ་གསལ་མོས་ཟིན་བྲིས་སུ་འགོད་ཀྱིན་འདུག རྙིང་གོག་ཐེབས་ཆག་གི་ཁང་ཆུང་གྲུ་བཞིའི་ནང་རོལ་སྔ་མོ་ནས་ཤིན་ཏུ་འཁྱགས་ཤིང་། ངེས་མེད་འཐོར་རླུང་གིས་སྒོ་གླེགས་དང་དྲ་མིག་ཡང་ཡང་བརྡུངས་ན་ཡང་།

ཁོང་ལ་དེ་དག་གི་ཚོར་སྣང་ཡེ་ནས་མེད་པར་རི་བོའི་གཏོས་དང་མཉམ་པའི་ཟུར་ལྟའི་དཔེ་དེབ་མང་པོ་བློ་རྩེ་གཅིག་སྒྲིམ་གྱིས་ཕར་སློག་ཚུར་སློག་བྱེད་པ་དང་།

སྐབས་འགར་སྨྱུ་གུ་ལག་ཏུ་བཟུང་ནས་ཡུན་རིང་ཞིག་ལ་བསམ་བློ་བཏང་རྗེས། ད་གཟོད་མདུན་གྱི་སློབ་ཁྲིད་གྲ་སྒྲིག་གི་འབྲི་དེབ་སྟེང་དུ་ཡིག་རྡོག་འགའ་ཞིག་གཟབ་ནན་གྱིས་འབྲི། དེ་ལྟར་དུས་ཚོད་ཅི་ཙམ་ཞིག་འགོར་བ་ཁོང་ལ་ཚོར་མེད་སྣང་མེད་དུ་གྱུར་མོད། འོན་ཀྱང་དགུན་གཞུང་གི་མཚན་མོ་རིང་བོ་དེ་ཡང་དེ་ལྟར་སྐད་ཅིག་སྐད་ཅིག་གིས་རྫོགས་སོང་། ད་དུང་ཁོང་གི་ལྷག་བསམ་མེ་ལོང་ངོས་སུ་རྒྱུན་དུ་འཆར་བཞིན་པ་ནི། རྗེས་རབས་པ་འགའ་ལ་རིག་གནས་ཤེས་བྱ་འཁྲིད་རྒྱུ་གཅིག་པུ་ཙམ་མ་ཡིན་པར། མི་གཤིས་ལེགས་ཤིང་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོར་འཚམ་པའི་འཇོན་ཐང་ཅན་གང་མང་ཞིག་ཇི་ལྟར་སྐྱོང་རྒྱུ་དེ་ཡིན་ལ། རླབས་ཆེན་གྱི་བྱ་གཞག་དེ་ཡིད་ལ་དྲན་སྐབས། ཁོང་གི་མིག་ལམ་དུ་དེ་ནི་རྒྱང་རིང་དུ་འཐེན་པའི་བཞུད་ལམ་ཤིན་ཏུ་རིང་མོ་ཞིག་ཏུ་མཐོང་བས། ལམ་ཐག་དེ་བགྲོད་པར་ད་དུང་དུས་ཚོད་དེ་ལས་མང་པོ་ཞིག་ཇི་ལྟར་འཚོལ་བར་སེམས་ཁུར་ལྕི་བར་གྱུར། མདུན་ཅོག་ཐེབས་ཆག་དེའི་ཟུར་གྱི་མེ་འོད་ཆུང་ངུ་དེ་ནི། སྐབས་རེར་རྡོག་རྡོག་གི་བྱུ་རུ་དམར་པོ་ཞིག་དང་འདྲ་ལ། ལན་རེར་གསེར་མདོག་གི་མེ་ཏོག་ཚོམ་བུ་ཞིག་དང་མཚུངས། ཡང་མཚམས་རེར་ད་སོ་མ་ཤར་ཡོང་བའི་སྒོར་དབྱིབས་ཅན་གྱི་ཉི་གཞོན་ཆུང་ངུ་ཞིག་དང་འདྲ་བར་རྙིང་གོག་ཏུ་གྱུར་པའི་ཁང་མིག་འདི་ཡང་བལྟས་མི་ཚར་བའི་མཛེས་སྡུག་གི་ཕུང་བོ་ཞིག་ཏུ་མཐོང་འོང་། ཁོང་གི་དུས་རྒྱུན་མནབས་པའི་ཧྲལ་ཧྲུལ་གྱི་གོན་པ་དང་།

ཐེབས་ཆག་གི་སྡོད་ཁང་། སྤྱིར་བཏང་གི་ཅ་ལག་དག་ཀྱང་གསེར་མདོག་གི་ཉི་འོད་ཀྱིས་འཁྱུད་པའི་མེ་འོད་འདིའི་འོག་ཏུ། དོ་དགོང་དུས་རྒྱུན་གྱི་མཐོང་སྣང་ལས་འགྱུར་ཏེ་ཆེས་ཡིད་དུ་འོང་ཞིང་སྙིང་རྗེ་བའི་དངོས་པོ་རེ་རེར་གྱུར་འདུག གཞན་ཡང་། ཁ་བའི་འདབ་མས་ཟོས་པའི་ཁོང་གི་སྐྲ་ལོ་དང་། ལོ་ཟླའི་གཉེར་མས་བལྟབས་པའི་ཁོང་གི་ཞལ་རས་དག་ཀྱང་མེ་འོད་ཀྱི་འོག་ཏུ་བལྟས་པས་ངོམས་པ་མེད་ཅིང་། ལྷག་ཏུ་གཞན་ཡིད་འགུགས་པའི་མཛེས་སྡུག་གི་ཕུང་བོ་ཞིག་ཏུ་གྱུར་འདུག

མ་གཞིར་ཁོར་ཡུག་ཡོད་ཚད་སྔ་ས་ནས་འཁྱགས་རླུང་གིས་གཅུན་ཞིང་མར་མེའི་འོད་སྣང་ཡང་ཤིན་ཏུ་ཆུང་ནའང་། དོ་དགོང་ཁང་མིག་ཆུང་ཆུང་འདིར་བརྩེ་སེམས་དང་དུངས་ཞེན་གྱི་དྲོད་ཁོལ་ཆེན་པོ་ཞིག་འཁྱིལ་འདུག སློབ་དཔོན་དམ་པ་ཁོང་ལ་མཚོན་ན་དེ་ནི་རྒྱུན་ལྡན་དང་གོམས་ལོབས་སུ་སོང་བའི་དྲོད་འཇམ་གྱི་ཁོར་ཡུག་ཅིག་སྟེ། དེ་རུ་ཁོང་གི་རེ་སྨོན་གྱི་ནམ་མཁའ་ལ་ཡིད་དུ་འོང་བའི་ཉི་གཞོན་གསར་བ་ཞིག་འཆར་བ་དང་དུས་མཉམ་དུ། ཁོང་གི་མིག་ལམ་དུ་ཤར་འོང་བ་ནི་མེ་ཏོག་སྣ་ཚོགས་ཀྱི་མཛེས་སྡུག་ཡིན་ལ། སྣ་ལམ་དུ་འཐུལ་འོང་བ་ནི་མེ་ཏོག་མི་འདྲ་བའི་དྲི་བསུང་དང་། རྣ་ལམ་དུ་གྲགས་ཅར་འཁོར་འོང་བ་ནི་ལྷང་ལྷང་གི་བྱིས་པའི་དགོད་སྒྲ་དག་རེད། དགུན་གཞུང་གི་མཚན་མོ་ཅི་ཙམ་རིང་ཡང་སྐད་ཅིག་སྐད་ཅིག་གིས་རྫོགས་ནས་ནམ་ལངས་ལ་ཉེ་སོང་།

དགེ་རྒན་གྱིས་སྔར་མུས་བཞིན་དུ་ཞེ་ལྷོད་ལྷོད་ངང་སེམས་རྣལ་མོས་ཟིན་བྲིས་འབྲི་བཞིན་འདུག དྲ་མའི་ཕྱི་རོལ་ན་སྔོན་ལྟར་འཁྱགས་རླུང་འུར་འུར་དུ་ལྡང་ཞིང་མུན་ནག་གིས་ཁོར་ཡུག་བསྒྲིབས། ཡིན་ན་ཡང་མཛེས་སྡུག་ཡིད་འོང་གི་གུར་ཁང་ལྟ་བུའི་མར་མེའི་འོད་སྣང་ཆུང་ངུའི་འོག་ཏུ། དགེ་རྒན་གྱི་མིག་ཟུང་ལ་ཞུམ་མེད་དང་རྒྱལ་ཁའི་འོད་སྣང་འཕྲོ་ཞིང་རྒས་འཁོགས་ཀྱི་ལུས་པོ་ལ་སྟོབས་ཤུགས་ཀྱིས་རབ་ཏུ་ཁེངས་འདུག་ལ། དཀའ་སྡུག་གི་ལོ་ཟླའི་རི་མོ་བཀོད་པའི་དཔྲལ་གཉེར་རྣམས་ཀྱང་མི་མངོན་པར་ཡལ་བ་ལྟར་སྣང་། དེ་དང་མཉམ་དུ་གསེར་མདོག་གི་ཞལ་རས་དང་མཆུ་སྒྲོས་ཀྱི་ཟུར་ལོགས་ཤིག་ཏུ་འཛུམ་མདངས་དྲོན་མོ་ཞིག་གི་སྣང་བརྙན་གསལ་གྱི་ལེར་མངོན་བྱུང་། ཡུད་ཙམ་ནས་མར་མེའི་འོད་སྣེ་དང་འབྲེལ་བའི་ཤར་ཕྱོགས་ཀྱི་གནམ་མཐའ་ནས། གསེར་མདོག་གིས་འཁྱུད་པའི་ཉི་མ་གཞོན་ནུ་ཞིག་དལ་ལྷོད་ལྷོད་ཀྱིས་འཛུམ་དམུལ་ལེར་མངོན་བྱུང་ལ། སྤྱིལ་བུ་ལྟ་བུའི་ཁང་བ་དམའ་མོའི་དྲ་མིག་ཁར་ཡང་སེར་ལམ་ལམ་གྱི་བཀྲག་མདངས་བཀྲ་བའི་ཉི་འོད་ཕོག་པར་གྱུར། དེའི་སྐབས་སུ། དགེ་རྒན་གྱིས་ཀྱང་སློབ་དེབ་གྲ་སྒྲིག་མ་ཡིན་པའི་སློབ་ཁྲིད་གྲ་སྒྲིག་གི་ཟིན་བྲིས་དེ་ཡིད་ཚིམ་པ་དང་རྒྱལ་ཁའི་ངང་ནས་ཡོངས་སུ་མཇུག་རྫོགས་པའི་སྡོམ་ཚིག་བཀོད། ཁོང་གིས་བརྩེ་དུང་དང་བྲེལ་འཚུབ་འདྲེས་མའི་མིག་མདངས་རྣོན་པོ་ཞིག་གིས་བལྡབས་ཀྱིས་མདུན་ཅོག་སྟེང་གི་མར་མེར་གཟིགས་ཞིབ་རེ་མཛད་རྗེས། ཕུ་ཡང་མོ་ཞིག་གུས་པས་བཏབ་སྟེ་མར་མེ་གཞི་ནས་བཅིལ་བར་བྱས། ཁོང་གི་རེ་སྨོན་སྦྲུམ་པའི་མིག་མདངས་དང་མཉེས་གཤིན་ཟབ་མོའི་རྣམ་འགྱུར་ལས་མངོན་པ་ནི། བཀའ་དྲིན་ཆེ། ངའི་ནོར་བུ། ཁྱོད་རང་ངལ་གསོ་ཏོག་ཙམ་བྱོས་དང་། ང་ཚོ་རྗེས་ནས་སླར་ཡང་མཇལ་ཡོང་ཞེས་སྨྲ་བཞིན་པ་དང་ཀུན་ནས་མཚུངས། སྐབས་དེར་མཛེས་སྡུག་གི་ཉི་གཞོན་གསར་བ་ནི་མི་ཡུལ་གྱི་ལེགས་སྐྱེས་ཐོག་མ་བཞིན་ཤར་ཕྱོགས་ཀྱི་ས་འཛིན་ནས་སེར་གྱི་ལེར་མངོན་བྱུང་བས་རང་བྱུང་གི་འཁྱགས་གྲང་དང་མུན་པ་མ་ལུས་ཡོངས་སུ་བཅོམ་སྟེ། ཡོད་ཚད་ལ་མཁའ་དབུགས་གསར་བ་དང་། གསོན་ཤུགས་གསར་བ། སྤྲོ་སྣང་གསར་བ། རེ་བ་གསར་བ་ཞིག་གིས་ཁེངས་པའི་རྣམ་པ་མངོན། སློབ་ཁང་གི་དྲ་མིག་ལས་སློབ་བུ་རྣམས་ཀྱི་ལུས་སེམས་ལ་སྔར་མེད་ཀྱི་སྤྲོ་སེམས་འཁོལ་བའི་དྲོད་ཁོལ་དང་འོད་སྣང་ལྷན་དུ་གཏོར་ཅིང་། ཀློག་འདོན་གྱི་སྙན་དབྱངས་ཀྱང་དྲ་མིག་ལས་སློབ་རའི་ཁོར་ཡུག་ཀུན་ལ་བར་མེད་དུ་ཁྱབ། དུས་མཚུངས་སུ་དགེ་རྒན་གྱིས་ཀྱང་སྦྱོང་བརྡར་ཐོབ་པའི་ཕྱག་ཟུང་དྲོན་མོ་ཡིས་སློབ་ཁྲིད་གྲ་སྒྲིག་གི་ཁ་ཕྱེ་སྟེ། བློ་རིག་གསལ་ཞིང་སྦྱངས་བརྩོན་ཆེ་བ། དམིགས་ཡུལ་གསལ་ཞིང་སྤོབས་པ་མཐོ་བ། མིག་ལ་མཛེས་ཤིང་ཡིད་དུ་འོང་བ། འབྱུང་འགྱུར་གངས་ཅན་ལྗོངས་འདིའི་ཆོས་སྲིད་ཉི་ཟླའི་དཀྱིལ་འཁོར་གཉིས་ཀྱི་བདག་པོར་འགྱུར་བའི་སློབ་བུ་རྣམས་ལ། བརྩེ་བ་ཆེན་པོའི་ངག་གིས་འཇམ་དུང་དུང་གིས་ཞོགས་པ་བཟང་ཞེས་འཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས། གཟི་བརྗིད་ལྡན་ཞིང་འོད་སྟོང་འབར་བའི་ངང་ནས་ལྷག་བསམ་དང་དམིགས་འདུན། ལ་རྒྱ་དང་འགྲན་རྩོད་ཐམས་ཅད་ཡ་ཆུང་སེམས་ཀྱི་དཀྱིལ་དབུས་སུ་བཅངས་ཏེ་སློབ་ཁྲིད་གསར་བའི་བཤུལ་ལམ་རིང་མོར་བགྲོད་མགོ་བརྩམས།

ཁོང་ཉིད་མཚན་གང་བོར་ངལ་གསོས་མེད་ནའང་།ཡང་ཟོར་ལྡན་པའི་ལུས་ཀྱི་སྟངས་སྟབས་དང་། སློབ་དེབ་ལ་ནང་བྱན་ཆུད་པའི་སྤོབས་པ། བྱམས་བརྩེའི་གདོང་གི་འཛུམ་མདངས། ལག་པའི་ཕྱག་རྒྱ་སྣ་ཚོགས། སྙན་དག་གསལ་གསུམ་ཚང་བའི་སྨྲ་བརྗོད། ད་དུང་བྲིས་གཟུགས་ལེགས་པའི་ཡི་གེ སྒོས་སུ་ཚན་ཆུང་དང་།

ཚན་ཆུང་དགར་ཏེ་ཐོག་མའི་ཕན་ཚུན་ལ་དྲི་བ་འདོན་སྟངས་ནས་བར་དུ་དཔྱད་བསྡུར་གྱི་མཐོ་རླབས་འཕྱུར་དུ་བཅུག་པ། ཐ་མར་གཏམ་རྒྱུད་དང་གླུ་ལེན་སོགས་རྣམ་པའི་ཁྱད་པར་ཅན་གྱི་འཁྲིད་ཐབས་སྤྱད་དེ་སྤྱི་སྡོམ་གྱིས་མཇུག་བསྡུས་པ་དག་ནི་ངོ་མ་མར་མེ་ཇི་བཞིན་སྦར་གྱིན་སྦར་གྱིན་འོད་སྣང་ཇེ་གསལ་ནས་ཇེ་གསལ་ཡིན་ཞིང། སློབ་མའི་སྦྱང་འདོད་ཀྱི་ཀུན་སློང་ཡག་པོ་དེ་ཡང་རྦ་རླབས་ནང་བཞིན་ཇི་ལྟར་བཀག་ཀྱང་དེ་ལྟར་འགོག་ཐབས་དཀའ་བའི་གནས་སུ་གྱུར་པས། ཁོང་ནི་ཕལ་བའི་དགེ་རྒན་རྣམས་དང་མི་འདྲ་བར་མར་མེ་ཇི་བཞིན་རང་གི་སློབ་མར་ཚེ་གང་བོར་འཁྲིད་ཀྱང་ཁྲིད་ལ་སློབ་ཀྱང་བསླབས་ཏེ་སློབ་མའི་མི་གཞི་ཁ་ཇེ་ཚང་དང་། ཤེས་བྱ་སྣ་ཇེ་འཛོམས། ནུས་པ་སྟོབས་ཇེ་ཆེར་བཏང་སྟེ། ཕྱི་རབས་པའི་གཞོན་སྐྱེས་གྲངས་མེད་པ་ཞིག་ཞོགས་པའི་ཉི་གཞོན་དང་འདྲ་བར་ལེགས་པར་བསྐྱངས་ནས། རང་ཁྱིམ་དུ་བྱིས་པ་ཡ་རབས་ཤིག་དང་། སློབ་གྲྭ་རུ་སློབ་མ་ལེགས་པོ་ཞིག སྤྱི་ཚོགས་སུ་སྤྱི་དམངས་ཚད་ལྡན་ཞིག་ཏུ་སྐྱེད་སྲིང་བྱས་ཡོད་པས། དགེ་རྒན་རང་ཉིད་ཀྱང་སློབ་མས་དགའ་བསུ་ཐོབ་པ་དང་། ཁྱིམ་བདག་གིས་ཡིད་ཆེས་པ། སྤྱི་ཚོགས་ཀྱིས་ཁས་ལེན་པའི་ངེས་པ་དོན་གྱི་དགེ་རྒན་ཞིག་གམ་མར་མེ་ཚེ་འབར་ཞིག་ཏུ་གྱུར་ཀྱང་། ད་དུང་མུ་མཐུད་དུ་ཡུལ་དུས་དང་མཐུན་པའི་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་ཕྱིར་དུས་རྣམ་ཀུན་ཏུ་འབད་འབུངས་ལྷོད་མེད་བྱེད་ཀྱིན་འདུག་པས། དགེ་རྒན་གྱི་ལས་གནས་ནི་མར་མེ་ཚེ་འབར་ལྟར་དུ་གཞན་དོན་རྐྱང་རྐྱང་གིས་འཚོས་ཡོད་ལ། གནམ་འོག་གི་ལས་གནས་ཐམས་ཅད་ཀྱི་རབ་དང་། ཕུལ་དང་། རྩེ་གྲས་ཤིག་ལ་རྒྱུན་པར་བསམས་ཤིང་རྟག་ཏུ་མཐོང་གིན་ཡོད།

མར་མེ་ཡོད་པས། ཁོར་ཡུག་ཀུན་ཏུ་མུན་ནག་ཅེས་པ་མིང་གི་ལྷག་མ་ཙམ་དུ་བསྒྱུར་ཅིང་། ག་ས་གང་དུ་འོད་ཟེར་དང་དྲོད་ཁོལ་འཁྱིལ་ལ། བདེ་མོའི་ལམ་དུ་བགས་ཀྱིས་ཕེབས་ཆོག དེ་བཞིན་དུ། སེམས་ཁོང་གི་མར་མེ་ཚེ་འབར་ཁོང་ཉིད་བཞུགས་པས། ས་ཆེན་འདིའི་སྟེང་དུ་བླུན་རྨོངས་ཞེས་པར་རྫོགས་ཚིག་བཀོད་ཅིང་། ག་ས་གང་དུ་དཔལ་ཡོན་གྱིས་ཁེངས་ཤིང་མཛེས་སྡུག་གིས་ཁྱབ་ཅིང་། གཅེས་སུ་འོས་པའི་སློབ་ར་འདི་ཡང་སྔར་ལས་ཡིད་དུ་འོང་ཞིང་། ཀུན་གྱི་བསྔགས་ཡུལ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་རྒྱས་པ་ཡིན་ལ། གནས་འདིར་རིག་པའི་དཔའ་བོ་གྲངས་མེད་རིམ་པར་འཁྲུངས་ཐུབ་པ་བྱུང་བས། ང་ཚོ་ཚང་མ་ས་བླའི་ལྷ་བཞིན་སྐུ་བརྗིད་ཅིང་ས་འོག་ཀླུ་ལྟར་ནོར་གྱིས་ཕྱུག་ལ། ས་སྟེང་གི་མི་ཆེན་ཚོགས་ཀྱི་གྲལ་འགྲིག་པའི་རུ་དཔུང་དང་བསྡེབས་ཏེ་ལྷོད་ཡངས་བག་ཕེབས་ཀྱིས་འཚོས་ཆོག་ཨང་།།