བོད་སྐད་ངག་བསྒྱུར་ལོ་ཙཱའི་སྒྱུར་ཐབས་སྐོར་ལ་ཅུང་ཙམ་དཔྱད་པ། སངས་རྒྱས་དོན་འགྲུབ།

42/545
སྤྱིར་བཏང་དུ་ལོ་ཙཱ་ལ་རྣམ་པའི་ཆ་ནས་དབྱེ་ན། ངག་སྒྱུར་དང་ཡིག་སྒྱུར། དེ་གང་ཡང་མ་ཡིན་པའི་ལུས་པོའི་བརྡ་ཡི་ལོ་ཙཱ་གསུམ་དུ་བཀར་རུང་། ཐུན་མོང་གི་དབྱེ་བ་ལ་ངག་ཐོག་དང་ཡིག་ཐོག་གི་ལོ་ཙཱ་ལས་མེད་མོད། འགའ་ཞིག་ཏུ་འཕྲུལ་སྒྱུར་དང་བཅས་པའི་རིགས་གསུམ་དུ་དབྱེ་བའང་ཡོད་ལ། འཕྲུལ་སྒྱུར་དེ་ངག་སྒྱུར་དང་ཡིག་སྒྱུར་གང་རུང་ལ་གཏོགས་པས་རིགས་སུ་བགྲང་མི་འདོད། དེང་སྐབས་ཀུན་ལ་ལོ་ཙཱ་ཞེས་པ་ཡིག་སྒྱུར་ཁོ་ནའི་འཛིན་སྟངས་ཤིག་ཆགས་ཡོད་པར་མ་ཟད། ལོ་ཙཱ་ཆེད་གཉེར་བ་རྣམས་ལའང་སྤྱི་ཚོགས་སྤེལ་བར་མཆོག་ཏུ་སྨན་པའི་ངག་ཐོག་གི་ལོ་ཙཱ་ལ་ཐུགས་སྣང་ཆེར་མེད་པས་ན། འདིར་ཁོ་བོས་གླེང་བར་འདོད་པ་ནི་ངག་ཐོག་གི་ལོ་ཙཱ་དེ་ཡིན་་ཞིང་། གངས་རིའི་ལྗོངས་འདིར་ལོ་ཙཱའི་ལས་དོན་དར་བའི་ལོ་རྒྱུས་ཤིན་ཏུ་རིང་བ་དང་། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཕལ་ཆེ་བར་བལྟས་ན། གནའ་མི་རྣམས་ཀྱིས་ཚོང་ཟོང་ཐོན་རྫས་བརྗེ་རེས་བྱེད་པའི་དགོས་མཁོ་དང་བསྟུན་ནས་ལོ་ཙཱའི་བྱ་འགུལ་ཐོག་མར་བྱུང་ཞིང་། དེ་ཡང་སྐབས་དེར་ལུས་པོའི་བརྡ་དང་ངག་ཐོག་གི་ལོ་ཙཱ་ཙམ་ལ་བརྟེན་ནས་ཕན་ཚུན་གྱི་དགོས་མཁོ་སྐོང་བར་ངེས། ཕྱིས་སུ་རིམ་བཞིན་ཡི་གེ་གསར་བཟོ་མཛད་པ་དང་མི་རྣམས་ཀྱི་བསམ་བློ་གསར་བ་ངོ་སྤྲོད་དང་ནང་འདྲེན་བྱེད་པའི་དགོས་མཁོ་མི་འདྲ་བ་ལ་རྒྱུ་བྱས་ནས་ཡིག་ཐོག་གི་ལོ་ཙཱ་བྱུང་བར་མངོན། སྤྱིར་ངག་ཐོག་དང་ཡིག་ཐོག་གི་ལོ་ཙཱ་གཉིས་ལ་ངོ་བོའི་སྟེང་ནས་ཁྱད་པར་ཆེན་པོ་མེད་ཀྱང་། དེ་སོ་སོའི་འཕྲལ་ཕུགས་ཀྱི་ནུས་པ་དང་། བཀོལ་སྤྱོད་ཀྱི་དུས་བབ། ལག་ལེན་གྱི་གོ་རིམ་སོགས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ། དེ་སྔ་བོད་ཀྱི་ལོ་ཙཱ་སྨྲ་བ་ཚོས་བསྟན་པའི་གཞུང་ལུགས་རྣམས་སུ་ཡིག་ཐོག་གཙོ་བོར་བཟུང་ཞིང་། ངག་ཐོག་གི་ལོ་ཙཱའི་ཁྱད་ཆོས་དང་། བྱེད་ཐབས། ཚད་གཞི་ལ་སོགས་དེ་འབྲེལ་གྱི་དཔྱད་གཞི་ནི་རྡོ་བཙིར་བའི་སྣུམ་ལྟར་དུ་ཟད། དེ་མིན་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་ལ་བལྟས་པས་ཀྱང་དུས་རབས་རིམ་བྱུང་ལ་མཐའ་འབྲེལ་གྱི་མི་རིགས་དང་འབྲེལ་འདྲིས་ཀྱི་གནས་ཚུལ་ཞིབ་པར་འཁོད་པ་མང་པོ་མཐོང་དཀའ་ལ། ཡོད་ཀྱང་ཕན་ཚུན་འཕྲད་པའི་སྐབས་ལ་ཕ་རོལ་པའི་སྐད་ཆ་ཚེགས་མེད་དུ་མཁྱེན་པ་དང་། འབྲེལ་འདྲིས་ལ་ཐོགས་རྡུགས་མེད་པ་བཞིན། བར་དུ་གང་ཟག་གང་གིས་ལོ་ཙཱ་ཅི་ལྟར་བགྱིས་པའི་ཚུལ་ནི་སྐད་ཟུར་ཙམ་ཡང་བཀོད་མེད་པ་དང་། ལྷག་ཏུ་དེང་གི་ལོ་ཙཱ་དང་འབྲེལ་བའི་ཆེད་རྩོམ་ལའང་ངག་སྒྱུར་སྐོར་གླེང་བ་ཤིན་ཏུ་དཀོན་པ་བཅས་ཀྱིས་རྨང་ཞན་པའི་གཙུག་ལག་འདི་བསྐྲུན་པར་ཅོལ་ཆུང་བདག་ལྟ་བུ་ལ་འགྲུབ་པའི་གདེང་ཚོད་ཅི་ནས་ཀྱང་ཡོད་དཀའ་བ་ཞིག་ཡིན་མོད། ད་ལྟའི་སྤྱི་ཚོགས་འཕེལ་ཕྱོགས་ལ་གཞིགས་ན་དགོས་ཕྱོགས་རྒྱ་ཆེན་པོར་འདུག་སྙམ་པའི་བློ་ཡིས་ཅུང་སྤྲོས་པ་ལ།

 

དང་པོ། བོད་དུ་ངག་སྒྱུར་བྱུང་འཕེལ་གྱི་ལོ་རྒྱུས་རགས་ཙམ་གླེང་བ།

ངག་སྒྱུར་བྱུང་འཕེལ་གྱི་ལོ་རྒྱུས་དེ་ཡིག་སྒྱུར་དང་མི་འདྲ་བར། དུས་རབས་གང་ནས་མགོ་བརྩམས་པའི་དུས་ཚིགས་གཏན་ལ་ཕབ་རྒྱུ་ནི་ཧ་ཅང་དཀའ། ཡིག་སྒྱུར་ལ་མཚོན་ན་ཡི་གེ་གསར་བཟོ་ནམ་མཛད་དང་ཤུལ་བཞག་གི་གླེགས་བམ་སོགས་ལ་གཞི་བྱས་ཏེ་གླེང་ཆོག་ཀྱང་། ངག་སྒྱུར་ལ་མིའི་རིགས་ཀྱི་སྐད་ཆ་ནམ་བྱུང་གི་དུས་ཚོད་ངེས་ཅན་ཞིག་གཏན་ལ་འཁེལ་རྒྱུ་དཀའ་བ་དང་། འཁེལ་ཡང་སྐད་ཆ་བྱུང་བའི་དུས་རིམ་ནི་ཧ་ཅང་སྔ་རྐྱེན། སྐབས་དེ་དག་ཏུ་ཕྱི་ལ་འབྲེལ་འདྲིས་ཀྱི་བསྐལ་བ་ཡང་ཤིན་ཏུ་ཕྲ་ན། སྐད་ཆ་བྱུང་བ་ནས་ངག་སྒྱུར་གྱི་བྱ་འགུལ་ཡང་སྤེལ་བ་ཡིན་ཞེས་འཆད་མི་སྤོབས། ད་ཡོད་བོད་ཀྱི་ལོ་ཙཱའི་དཔྱད་རྩོམ་འགའ་ལས་ངག་ཐོག་གི་ལོ་ཙཱའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ལྷ་རི་གྱང་ཐོ་ནས་ཡོང་སྐབས། ཁྱོད་གང་ནས་ཡོང་ཞེས་སོགས་དྲིས་ཏེ་བརྡ་སྤྲོད་ཐབས་བགྱིས་པའི་ཚུལ་དེ་ལ་འཇོག་བཞིན་ཡོད་མོད། དེ་ནི་ངག་ཐོག་གི་ལོ་ཙཱའི་རྣམ་པ་ཡིག་ཐོག་ཏུ་བཀོད་པ་ཆེས་སྔ་ཤོས་སུ་འཇོག་རྒྱུ་ལས། ངག་སྒྱུར་ལོ་ཙཱའི་ཐོག་མ་ཡིན་ཅེས་ན་དོན་དང་མི་མཐུན་པ་ལྟར་སྣང་། གང་ཡིན་ཅེས་ན། བོད་ཀྱི་ལོ་རྒྱུས་ཕལ་ཆེ་བར་དེ་ནས་མ་སངས་སྤུན་དགུ་དང་རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་དབང་སྒྱུར་སྐད་ཅེས་པའི་རྒྱལ་རབས་དག་གིས་ལོ་བརྒྱ་སྟོང་མང་པོར་དབང་བསྒྱུར་བའི་རིང་དུ་ཡང་མཐའ་བཞིའི་མི་རིགས་ཕན་ཚུན་བར་དངོས་ཟོང་བརྗེ་རེས་དང་འཐབ་རྩོད་སོགས་ཕྱི་འབྲེལ་ཏོག་ཙམ་ཡང་བྱུང་མེད་པ་མི་སྲིད་དེ། མཁས་པའི་དགའ་སྟོན་ལས་གོང་གི་རྒྱལ་ཕྲན་དག་བསྟན་པའི་སྐབས་སུ། རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་བརྩི་བཀྱོན་འབེབས་བཙོན་རར་འཛུད། །

མཐའ་བཞིའི་རྒྱལ་པོས་རྟག་ཏུ་མནར་ཞིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་པོ་བྱ་ལ་ཁྲ་ལྟར་རྒྱུག །གེ་སར་རྒྱལ་པོ་ཤིང་ལ་རྟ་ལྟར་འཚབ། །ཅེས་འཁོད་པར་བལྟས་ན། སྐབས་དེ་དག་ནས་རྒྱ་ནག་དང་། རྒྱ་གར། སྟག་གཟིག། གེ་སར་ལ་སོགས་པའི་མཐའ་འབྲེལ་གྱི་མི་རིགས་སོགས་དང་འཐབ་བཟུང་བའི་འབྲེལ་བ་བྱུང་ཡོད་པ་ཤེས་ཐུབ། ངག་གི་ལོ་ཙཱའི་གནས་ཚུལ་གསལ་བོར་འཁོད་པ་ནི་ལོ་རྒྱུས་ཀྱི་དེབ་ཐེར་གང་ལའང་མི་གསལ་བས་རེ་ཞིག་མི་འཇོག་ཐབས་མེད་བྱུང་། རྒྱལ་པོ་གཉའ་ཁྲི་བཙན་པོ་སྤོ་བོའི་ཡུལ་ནས་བོད་དུ་ཐོན་པ་ལ། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས་མཇལ། ལྟ་བའི་མི་ངོམས་གཟུགས་ལ་ངོ་མཚར་སྐྱེས། །དྲིས་པས་ཕན་ཚུན་མ་གོ་བརྡ་མ་འཇལ། །མཛུབ་མོ་ནམ་མཁར་ཀེར་བ་མཐོང་བ་ཡིས། །ལྷ་ཡུལ་གནམ་ནས་འོངས་པའི་བཙན་པོར་འདུག་ཅེས་པ་ལྟ་བུའོ། །

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སྔར་མེད་ཀྱི་ཆོས་ལུགས་དང་རིག་གནས་མང་པོ་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་རིག་གནས་དར་སྤེལ་བཏང་བ་སྟེ། ཁོང་གིས་སྲིད་ཕྱོགས་ནས་བོད་ཡོངས་གཅིག་གྱུར་བྱས་ཏེ་ཐབས་དུ་མའི་སྒོ་ནས་ཕྱི་འབྲེལ་རྒྱ་བསྐྱེད་གནང་བའི་སྐབས་དེར་རྒྱ་གར་ཡུལ་གྱི་ཆོས་དང་རིག་གནས་རྣམས་བོད་དུ་དར་བར་གཏོང་ཆེད། སྤྱི་ལོ་633ལོར་ཐོན་མི་སོགས་བློ་རིག་རྣོ་བའི་བོད་ཕྲུག་སྐོར་ཞིག་རྒྱ་གར་ཏུ་མངགས་ཏེ་རིག་གནས་སློབ་ཏུ་བཅུག་པ་དང་། དེ་དག་ལས་རྒྱ་གར་དང་བོད་ཀྱི་སྐད་ཡིག་གཉིས་ལ་བྱང་ཆུབ་པའི་ལོ་ཙཱ་བ་མང་དུ་བྱུང་ཞིང་། དེ་རྣམས་ཀྱིས་བོད་སྤྱི་ཚོགས་ཁྲོད་ལོ་ཙཱའི་ལས་རྒྱ་ཆེར་སྤེལ་ཏེ་རིག་གནས་ནང་འདྲེན་གྱིས་བོད་མིའི་འཚོ་བ་དང་བསམ་བློ་རྒྱ་ཆེར་སྤེལ་བ་ལ་བྱས་རྗེས་བླ་ན་མཐོ་བ་ཞིག་བཞག་ཟིན་དུ་ཡོད་པ་ཀུན་གསལ་ལྟར། སྤྱི་ལོ་634ལོ་ནས་རྒྱའི་ཐང་རྒྱལ་རབས་དང་འབྲེལ་བ་དངོས་སུ་བཙུགས་པ་དང་། བློན་པོ་མགར་སོགས་རྒྱ་བོད་སྐད་གཉིས་མཁྱེན་པའི་བློན་དུ་མ་སྔ་རྗེས་སུ་ཐང་ལ་ཕོ་ཉར་མངགས་པ་དེ་ཚོ་སྐབས་དེའི་ཆབ་སྲིད་དང་དམག་དོན་ཐད་ཀྱི་ལོ་ཙཱ་བ་དག་དུ་བཤད་ཀྱང་འགལ་བ་མེད། བློན་པོ་མགར་ནས་ཡི་གེ་མི་མཁྱེན་ཡང་རྒྱ་བོད་སྐད་གཉིས་ལ་ཐོགས་རྡུགས་མེད་པས། སྔ་རྗེས་སུ་ཐེངས་གཉིས་ལ་ཐང་གི་རྒྱལ་ས་ཁྲང་ཨན་དུ་བསྐྱོད་དེ་ཐང་གི་ལམ་ལུགས་ལ་མ་དཔེར་བལྟས་ནས་བཅོས་བསྒྱུར་གྱི་ལས་ཀ་མང་ཙམ་སྤེལ་བ་མ་ཟད། སྤྱི་ལོ་641ལོར་ཝུན་ཁྲིན་ཀོང་ཇོ་བོད་དུ་བག་མར་གདན་དྲངས་པ་དང་། ཕྱིས་སུ་བོད་ཕྲུག་མང་བོ་རྒྱ་ཡུལ་དུ་བཏང་སྟེ་རྒྱ་ཡིག་བསླབ་ཏུ་བཅུག་པ་ཐང་ཡིག་གསར་མ་ལས། མི་ཆེན་རྣམས་ཀྱི་བུ་མངགས་ནས་ཐང་གི་སློབ་གྲྭར་ཧྲི་ཅིན་དང་ཧྲང་ཧྲུའུ་སྦྱངས། མཁས་པ་སྤྱན་དྲངས་ཏེ་ཡིག་མཁན་མཛད་ཅེས་པར་གཟིགས་ན་རྒྱ་བོད་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་པོ་བསྐྱེད་བསྲིངས་བྱས་པ་ཤེས་ཐུབ། །

ངག་སྒྱུར་ཕལ་ཆེར་མིའི་རིགས་ཀྱིས་ཕྱི་ཡུལ་དུ་འབྲེལ་བ་བཟུང་བ་ནས་དར་ཡོད་ཀྱང་། དེ་ཡིག་སྒྱུར་ལྟར་ཡིག་ཐོག་ཏུ་འགོད་མི་དགོས་པས་ཕྱི་རབས་པས་དཔྱད་མི་བདེ་བར་གྱུར་ན་གཙོ་བོ་རིགས་པ་ལ་བརྟེན་དགོས་ཏེ། ངག་གི་ལོ་ཙཱ་བྱ་བའི་ཚེ་བརྗོད་དོན་འགྲུབ་བྱེད་ཀྱི་མིང་ཡོད་ཚད་ལ་དེ་མ་ཐག་ཏུ་འགྱུར་སྐད་ཀྱི་ལམ་ནས་དོན་མཚུངས་ཀྱི་མིང་རེ་འཇོག་དཀའ་བས། ལོ་ཙཱའི་གནས་སྐབས་སུ་མ་སྐད་ཀྱི་མིང་འགའ་རེ་ཐད་ཀར་རང་སོར་བཞག་སྟེ་འགྲེལ་བཤད་ཙམ་གྱིས་བརྡ་འཕྲོད་དགོས་པ་བཞིན། སྐད་རིགས་གང་དང་གང་གི་བར་ལ་ངག་སྒྱུར་སྤེལ་མྱོང་བ་དེའང་སྐད་རིགས་དེ་ལ་སྔར་མེད་པའི་མིང་སྤྱོད་བཞིན་ཡོད་མེད་ལ་བརྟག་ན་ཅུང་ཤེས་ཐུབ་པར་སེམས།

མདོར་ན་བོད་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་མཐའ་བཞིའི་མི་རིགས་དག་ལ་རིག་གནས་འབྲེལ་འདྲིས་ཀྱི་རྒྱུན་མ་ཆད་པར་གནས་པ་དང་ད་ལྟ་མུ་མཐུད་དུ་རིག་གནས་འབྲེལ་འདྲིས་ཀྱི་ལམ་ནས་སྤྱི་ཚོགས་གོང་དུ་སྤེལ་བཞིན་པ་ལ་ངག་སྒྱུར་གྱིས་ནུས་པ་གཞན་ལས་མ་ཡིན་པ་ཞིག་ཐོན་དང་འདོན་བཞིན་པ་ལ་སུས་ཀྱང་ཟློག་ཏུ་མེད་དོ། །

 

གཉིས་པ། ངག་སྒྱུར་ནི་ལོ་ཙཱའི་གྲུབ་ཆ་གཙོ་བོ་ལ་དཔྱད་པ།

ལོ་ཙཱ་ལ་རྣམ་པའི་ཆ་ནས་རིགས་གསུམ་དུ་དབྱེ་བ་ལས། ངག་ཐོག་གི་ལོ་ཙཱའི་བྱ་བཞག་དེའང་གནའ་ནས་ད་བར་དུ་ལག་ལེན་གྱི་རྒྱུན་བསྲིངས་པ་དང་། དེ་ཡི་འཕེལ་རིམ་རེ་རེའི་ནང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་སོ་སོ་ལ་གཞན་གྱིས་མ་ཡིན་པའི་ནུས་པ་གཞལ་དཀའ་བ་ཞིག་བཞག་ཡོད་ནའང་། སྔོན་བྱུང་ལོ་ཙཱ་སྨྲ་བ་རྣམས་ཀྱིས་ངག་ཐོག་གི་ལོ་ཙཱའི་ཐུན་མིན་གྱི་ཁྱད་ཆོས་དང་བཀོལ་སྤྱོད་ཀྱི་ནུས་པ། ལག་ལེན་གྱི་དཀའ་གནད་སོགས་ཀྱི་ཐད་ལ་དོ་སྣང་ཆེན་པོ་བྱས་མྱོང་མེད། ད་ནི་ས་སྒང་འདི་ཆ་འཕྲིན་གྱི་ཀློང་བརྡོལ་བའི་དུས་རིམ་འདི་ལ། མི་རིགས་དང་མི་རིགས། རྒྱལ་ཁབ་དང་རྒྱལ་ཁབ། གླིང་དང་གླིང་བཅས་པའི་ཕན་ཚུན་བར་དཔལ་འབྱོར་དང་། ཚན་རིག ཆབ་སྲིད། ཆོས་ལུགས་སོགས་རིག་གནས་ཀྱི་འབྲེལ་བ་དམ་དུ་སྦྲེལ་བ་ན། ངག་ཐོག་གི་ལོ་ཙཱའི་བྱ་འགུལ་སྤེལ་ཡུལ་གྱི་ཁྱབ་རྒྱ་ཡང་སྔར་བས་བརྒྱ་འགྱུར་གྱིས་འཕེལ་བཞིན་ཡོད། ངག་གི་ལོ་ཙཱའི་ནང་དོན་དང་སྤྱོད་ཡུལ་སོགས་ལ་འགྱུར་ལྡོག་གི་རྣམ་པ་གསར་བ་ཞིག་བྱུང་བར་བསྟུན། ཉེ་བའི་ཆར་ཕྱི་ནང་གི་ལོ་ཙཱ་སྨྲ་བ་ཁ་ཅིག་གིས་དེ་ཐད་དུ་བརྩོན་པ་ལྷོད་མེད་ཀྱིས་ཞིབ་འཇུག་བྱས་ཏེ་འབྲས་བུ་མི་དམན་པ་ཞིག་བླངས་ཡོད་པ་མཐོང་ཆོས་སུ་སྣང་། ངག་སྒྱུར་ལ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དང་ཞིབ་འཇུག་གི་རིན་ཐང་དེ་ལྟ་བུ་ཞིག་ལྡན་ན། དེ་ལ་ཐུན་མོང་མ་ཡིན་པའི་རང་སྟེང་གི་ཁྱད་ཆོས་མངོན་པར་མཐོ་བ་ཞིག་ཡོད་དགོས་ཏེ། དེ་བས་ང་ཚོ་དོན་ལ་མ་བབས་པའི་སྔ་རོལ་དུ་ངག་སྒྱུར་བྱ་བའི་ཐུན་མིན་གྱི་ཁྱད་ཆོས་དང་འབྲེལ་ཏེ་གང་གི་ལོ་ཙཱའི་རིག་ཚན་ཁྲོད་ཀྱི་གོ་གནས་ལ་ངོས་ཟིན་ཟབ་མོ་ཞིག་ཡོད་དགོས་པར་སྙམ།

 

གསུམ། འབྲེལ་འདྲིས་ཀྱི་ལག་ལེན་ནས་ངག་སྒྱུར་གྱི་གནད་འགའ་དཔྱད་པ།

ངག་སྒྱུར་ནི་ལག་ལེན་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་པ་དང་། དེ་ཡི་ལག་ལེན་གྱི་ཚུལ་ལ་སྤྱིར་བཏང་དུ་རྣམ་པའི་ཆ་ནས་སྲོལ་རྒྱུན་གྱི་བསྒྱུར་ཐབས་རེས་མོས་ངག་སྒྱུར་དང་། གསར་བྱུང་གི་ཐབས་ཚུལ་མཉམ་སྒྲོག་ངག་སྒྱུར་རིགས་གཉིས་སུ་འདུ་ལ། རེས་མོས་ངག་སྒྱུར་ནི་གཏམ་བརྗོད་མཁན་གྱི་སྐད་ཆ་ཚིག་གཅིག་གམ་ཡང་ན་སྐབས་དོན་གྱི་བརྗོད་པ་མཇུག་སྒྲིལ་རྗེས། ངག་སྒྱུར་བས་སྐབས་ཐོག་དེར་འགྱུར་སྐད་ཀྱི་ལམ་ནས་ཉན་མཁན་ལ་བརྗོད་དོན་ངག་ཐོག་ནས་ལོ་ཙཱ་བྱེད་པའི་སྣང་ཚུལ་དེ་ལ་བྱ་ཞིང་། གཏམ་བརྗོད་མཁན་གྱི་སྐད་ཆ་བཤད་ཡུན་དང་ངག་སྒྱུར་བའི་ལོ་ཙཱ་བྱེད་ཡུན་ལ་དུས་ཚོད་ཀྱི་ཚད་བཀག་ཆེན་པོ་མེད། རེས་མོས་ངག་སྒྱུར་གྱི་སྤྱོད་ལམ་ལ་ཆོས་སྤེལ་གྱི་ལས་དང་། ཚོགས་འདུའི་གཏམ་བཤད། ཕྱི་འབྲེལ་དང་ཚོང་ལས་ཐད་ཀྱི་གྲོས་མོལ། ཡུལ་སྐོར། ལྗོངས་རྒྱུ།

ཐ་ན་མི་སྒེར་ཕན་ཚུན་བར་གྱི་གླེང་མོལ་སོགས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བྱ་འགུལ་སྣ་ཚོགས་པར་བཀོལ་སྤྱོད་བྱེད་བཞིན་པས་སྤྱོད་ལམ་ཤིན་ཏུ་ཡངས། སྲོལ་རྒྱུན་གྱི་ཐབས་དེར་དུས་ཚོད་ཀྱི་ཚད་བཀག་ཆེར་མེད་པ་དང་། ལོ་ཙཱ་བར་མ་སྐད་ལ་གོ་བ་ལེན་པ་དང་འགྱུར་སྐད་བཟོ་བཅོས་བྱེད་པ་སོགས་ལ་གྲ་སྒྲིག་གི་དུས་ཚོད་འོས་འཚམ་ཞིག་གདའ་བས། འཆད་མཁན་དང་ངག་སྒྱུར་བ། ཉན་མཁན་སོ་སོའི་རང་འཁྲིའི་རྩོལ་བ་ལྟོས་བཅོས་ཀྱིས་ཅུང་ཞན་པ་དང་། ལྷག་པར་དུ་ལོ་ཙཱ་བ་ལ་གྲ་སྒྲིག་གི་དུས་ཡུན་ངེས་ཅན་ཞིག་འདུག་པས། ངག་སྒྱུར་བའི་ལས་ཀའི་ཚགས་ཇེ་ཡང་དུ་སོང་ཡོད་པར་སྣང་། ཡིན་ནའང་། དེང་གི་སྤྱི་ཚོགས་འཕེལ་བའི་འགྲོས་དང་ལས་ཀའི་འབྲས་བུ་སོགས་ལ་གཞིགས་ན། དུས་ཚོད་ཆུད་ཟོས་དང་ལས་ཆོད་དམའ་བའི་ཕྱོགས་ཤིག་ཀྱང་མཐོང་ངོ་། །མཉམ་སྒྲོག་ངག་སྒྱུར་ནི་གཏམ་བརྗོད་མཁན་གྱིས་ངག་སྦྱོར་སྤེལ་བ་དང་མཉམ་དུ་ལོ་ཙཱ་བས་འགྱུར་སྐད་ཀྱི་ལམ་ནས་ངག་བསྒྱུར་བྱེད་པ་ཞིག་དང་། གཏམ་བརྗོད་མཁན་གྱིས་གཏམ་བཤད་ཚར་བའི་སྐད་ཅིག་གཉིས་པར་ངག་སྒྱུར་བས་ལོ་ཙཱའི་ལས་འགན་ཡང་ཡོངས་སུ་འགྲུབ་དགོས།

ཨ་རི་བ་ཧྥེ་ལིན་Fileneགྱིས་སྤྱི་ལོ་1927ལོར་མཉམ་སྒྲོག་ངག་སྒྱུར་གྱི་ཐབས་ལམ་འདི་གསར་གཏོད་བྱས་པ་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་དངོས་སུ་ཐབས་འདི་སྤྱད། ཕྱིས་སུ་རིམ་གྱིས་མཉམ་སྒྲོག་འཕྲུལ་ཆས་ཀྱི་ནུས་པ་ཇེ་ལེགས་དང་ངག་སྒྱུར་བའི་སྒྱུར་རྩལ་ཇེ་མཐོར་སོང་བ་དང་བསྟུན། དེ་ཡི་སྤྱོད་ལམ་གྱི་ཁྱབ་རྒྱ་དང་བསྒྱུར་ཚུལ་གྱི་རྣམ་པ་སོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མཐོང་། སྤྱིར་བཏང་གི་ཚོགས་འདུའི་སྐབས་ཀྱི་མཉམ་སྒྲོག་ངག་སྒྱུར་བྱ་བའི་བརྒྱུད་རིམ་གཤམ་ལྟར། དེ་ལས་མ་སྐད་ཀྱི་གཏམ་བརྗོད་མཁན་གྱིས་ཚོགས་ཁང་གི་སྟེགས་བུ་སྟེང་མེ་ཁུ་ཧྥོན་ལ་ཁ་གཏད་དེ་གཏམ་བཤད་གནང་བ་དང་། མཉམ་སྒྲོག་ངག་སྒྱུར་བས་མདུན་ཕྱོགས་ཀྱི་ལོ་ཙཱའི་ཤག་ཏུ་སྙན་ཆས་ལ་བརྟེན་ནས་མ་སྐད་ཀྱི་བརྡ་འཕྲིན་ལ་ཉན་པ། དུས་མཚུངས་སུ་འགྱུར་སྐད་ཀྱི་ལམ་ནས་མ་སྐད་ལས་བྱུང་བའི་བརྡ་འཕྲིན་གྱི་ནང་དོན་ཡང་དག་པར་མེ་ཁུ་ཧྥོན་ལས་སྒྲོག་པ། དེར་ཉན་མཁན་གྱིས་སྙན་ཆས་ལ་བརྟེན་ནས་འགྱུར་གྱི་དོན་ལ་ཉན། བསྒྱུར་ཐབས་དེ་ཡི་སྤྱོད་ལམ་ཇེ་ཡངས་སུ་སོང་བ་ན། ལག་ལེན་གྱི་ཁྲོད་དུ་རྣམ་པ་མི་འདྲ་བའི་རིགས་དུ་མར་གྱེས་ཏེ་འཕེལ་བཞིན་ཡོད། ངག་སྒྱུར་བ་ཞིག་གི་ལས་ཀ་དེ་རྩོམ་རིག་ལོ་ཙཱ་དང་ཡང་ན་རིག་ཚན་གཞན་གྱི་ལོ་ཙཱ་ལྟ་བུའི་སྣེ་གཅིག་ཁོ་ནས་མ་ཁྱབ་པར། འཇིག་རྟེན་ན་འབྱུང་སྲིད་པའི་བྱ་དངོས་ཐམས་ཅད་གཏམ་བརྗོད་མཁན་གྱི་ངག་ལས་མི་ཐོན་པའི་ངེས་པ་མ་མཆིས་ཕྱིར། ངག་སྒྱུར་བས་སྤྱི་དང་བྱེ་བྲག་གི་རིག་གནས་ཀུན་ལ་མཐོང་ཐོས་ཀྱི་རྒྱ་བསྐྱེད་དགོས་པ་དང་། ངག་སྒྱུར་ནི་སྐད་རིགས་ཤིག་ལ་གནས་པའི་བརྡ་འཕྲིན་དེ་བརྒྱུད་སྒྲོགས་ཀྱི་དུས་མཚུངས་སུ་སྐད་རིགས་གཞན་ཞིག་གི་ལམ་ནས་བསྐྱར་མཚོན་བྱེད་པའི་སྒྱུ་རྩལ་ཞིག་ཏུ་བཤད་ན། ངག་སྒྱུར་བས་རང་རྒྱུད་དུ་གནས་པའི་ཤེས་བྱ་དང་རང་ཉིད་ཀྱི་ཀུན་རྟོག་སོགས་ལ་བརྟེན་ནས། ཉན་མཁན་ལ་ཆ་རྒྱུས་མེད་པའི་མ་སྐད་ཀྱི་དོན་རྣམས་ཐབས་བརྒྱ་ཇུས་སྟོང་གིས་འགྲེལ་བསྒྱུར་སོགས་ལ་བརྟེན་ནས་གསོན་ཉམས་ལྡན་པར་ཉན་མཁན་ལ་གོ་བརྡ་སྤྲོད་རྒྱུ་ནི་དེ་ཡི་འོས་འགན་ཡིན། དགོས་ངེས་སུ་མ་སྐད་ཀྱི་དོན་ལས་འདས་ཀྱང་འབྲེལ་འདྲིས་ཀྱི་དམིགས་པ་མཚོན་ཐུབ་ན་དེ་ལྟར་དུ་འཚལ་ལོ། །

 

མཇུག་བསྡུ་བའི་གཏམ།

གངས་རིའི་ལྗོངས་འདིར་ངག་སྒྱུར་གྱི་ལས་དོན་དར་སྔ་ཞིང་ད་དུང་མུ་མཐུད་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་སོ་སོ་ལ་གཞན་གྱིས་མ་ཡིན་པའི་ནུས་པ་ཐོན་དང་འདོན་བཞིན་པ་ལ། ངག་གི་བསྒྱུར་ཚུལ་ཡང་འདྲ་མིན་སྣ་ཚོགས་སུ་འཕེལ་བཞིན་མོད། ལོ་ཙཱའི་དམིགས་ཡུལ་ལྟར་དུ་སོང་ན་རིགས་གཉིས་ལ་འདུ་སྟེ། མ་སྐད་ལ་ཚིག་ཉམས་གཙོ་བོར་འཛིན་པ་དང་། འཆད་མཁན་གྱི་བསམ་པའི་བརྩེ་དུང་སོགས་བླ་ལྷག་ཏུ་མངོན་པའི་གཏམ་བཤད་དང་སྙན་ངག་གྱེར་འདོན་གྱི་རིགས་རྣམས། ཉན་མཁན་ལ་དེ་ལྟར་གྱི་ནུས་པ་ཐོན་པར་དགོས་པ་ཆེ་བས། ཉིའུ་མ་ཁིས(P.Newmark)

བསྟན་པའི་ཚིག་དོན་ལོ་ཙཱའི་ལམ་ལ་བརྟེན་པ་དང་། གཞན་དུ་ན། བརྗོད་བྱ་ཕལ་ཆེ་བ་གཏམ་བརྗོད་མཁན་གྱི་དགོངས་དོན་དང་དམིགས་ཡུལ་ཕ་རོལ་བ་ལ་བརྡ་སྤྲོད་རྒྱུ་དེ་ཡིན་པས། འབྲེལ་འདྲིས་ལོ་ཙཱའི་ཐབས་ལམ་ལ་བརྟེན་རྒྱུ་དང་། བྱ་འགུལ་གྱི་འགོ་མཇུག་བར་གསུམ་དུ་ཉན་མཁན་གཙོ་བོར་བཟུང་ནས། འབྲེལ་འདྲིས་ཀྱི་དམིགས་ཡུལ་འགྲུབ་ཆེད་བརྗོད་པའི་དོན་ལ་བསྙེགས་རྒྱུ་གལ་ཆེ་བར་མཐོང་། ངག་སྒྱུར་ལག་ལེན་ཁྲོད་རིགས་དེ་གཉིས་ལས་བརྗོད་བྱ་ཕལ་ཆེ་བ་འབྲེལ་འདྲིས་ལོ་ཙཱ་ལ་གཞོལ་ཆེ་བ་དང་། ལོ་ཙཱའི་དཀའ་གནད་ཀྱང་མིང་དང་ཚིག་ཕན་ཚུན་བརྗེ་རེས་ཙམ་མ་ཡིན་པར། སྐད་དང་ཡི་གེ་ལ་རྟེན་འཆའ་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཉིད་དུ་མཐོང་ནས་དེ་ཕྱོགས་ཙམ་བཟུང་ཡང་། གཙོ་བོ་རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ཞིང་རྩོམ་པའི་བློ་རིགས་རྟུལ་བས། ཕྱོགས་ལ་མ་ངེས་པ་སྲིད་ཀྱང་། དགོས་དབང་གིས་སློབ་གཉེར་གྱི་ལས་གཅིག་པ་རྣམས་ལ་བསམ་བློ་བརྗེ་རེས་ཤིག་གི་ཚུལ་དང་། ཕྱི་རབས་ལག་ལེན་པ་རྣམས་ལ་བློ་བསྐྱེད་ཏིལ་འབྲུ་ཙམ་ཞིག་ཨེ་འབྱུང་སྙམ་པའི་ཀུན་སློང་གཙང་མ་ཤིག་གིས་དྲངས་ཏེ་བདག་བློས་ལྕོགས་ཚད་ཙམ་འབྲི་ཁུལ་བགྱིས་པའོ། །