བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

37/545

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས།


དགེ་ལྡན་པ་ཡི་གྲུབ་མཐའ་དར། །

མདོ་རྒྱུད་མཁས་པའི་རྩེར་སོན་ཚེ། །

དགའ་ལྡན་ཁྲི་པའི་སྲོལ་ལུགས་དང་། །

དགེ་ལྡན་པའི་གྲུབ་མཐའ་བྱུང་བ། དགེ་ལྡན་པའི་གྲུབ་མཐའི་སྲོལ་འབྱེད་པོ་ནི། རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ་1357ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས། དགུང་ལོ་གསུམ་པའི་ས་ཕག་ལོར་ཀརྨ་པ་རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་ཞུས། གཞོན་པའི་དུས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་སོ་སོ་ཐར་པ་དང་སྔགས་ཀྱི་ཆོས་སྐོར་ཞུས་ཏེ་མཁས་པར་གྱུར། དེས་དབུས་གཙང་གི་ཕྱོགས་སུ་འདི་དང་འདི་ལྟ་བུ་སློབས་ཤིག་ཅེས་པའི་བཀའ་ལྟར་དབུས་སུ་ཕེབས། ཐོག་མར་གྱི་ཤོད་དུ་དགེ་བའི་བཤེས་གཉེན་མང་པོ་དག་བསྟེན་ཞིང༌། ཕྱི་ནས་རྗེ་བཙུན་གཞོན་ནུ་བློ་གྲོས་ཞབས་ཀྱི་དྲུང་དུ་ཡང་དག་པར་བསྟེན་ཏེ་སྡེ་སྣོད་ཕལ་མོ་ཆེ་དང༌། དེ་ཡང་དབུ་མའི་གཞུང་ལ་བསླབ་གཉེར་མཐར་ཕྱིན་པ་གནང་། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་གཞིར་གྱུར་པ་ནི་དམ་པའི་ཆོས་འདུལ་བ་ཉིད་དུ་དགོངས་ནས་མཁན་ཆེན་སྐྱོར་ལུང་པ་ལས་འདུལ་བའི་སྐོར་ཞུས་ཤིང་འདུལ་པའི་བསྟན་པ་བསྐྱར་གསོ་དང་དར་སྤེལ་གནང་། ཡི་དམ་ལྷས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས། ཐོག་མར་དཔོན་སློབ་རྣམས་ཀྱི་བླ་གོས་དྲས་ཤིང་དྲུབས་པ་དང་། ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་བ་ན། རབ་ཏུ་བྱུང་བའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ་ཞེས་ཡིད་ཆེས་པར་འགྱུར་བ་མཛད། ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་བའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་པ་ལྟ་ཞོགརྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར། །

དེ་ནས་སོ་སོ་ཐར་པ་ཙམ་གྱིས་ཆོས་མི་ཤེས་པར་སློབ་མ་རྣམས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་བཀོད་དེ། དེའི་བསླབ་པའི་གནས་དག་ལ་ཇི་ལྟར་སློབ་པའི་ཚུལ་གྱི་བསྟན་བཅོས་ཀྱང་མཛད། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་བསྐལ་པ་བྱེ་བར་བརྩོན་པར་བྱས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་མི་ལྡན་ན་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་མི་ནུས་སོ་ཞེས་དགོངས་ནས། དེ་དག་གི་ཚུལ་ལེགས་པར་སྟོན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་ངག་ཀྱང་ཡི་གེར་མཛད། དེ་ལྟ་བུ་དེ་ལ་ལམ་གྱི་ཆ་རགས་པ་ཚང་ཡང་ཚེ་གཅིག་ཉིད་ལ་སངས་རྒྱས་པའི་སྔགས་ཀྱི་ཚུལ་ལ་འཇུག་དགོས་པར་དགོངས་ནས། དང་པོར་བླ་མ་བསྟེན་པའི་ཚུལ་དང༌། དེ་ནས་བླ་མས་གནང་བའི་དམ་ཚིག་དང་སྡོམ་པ་ཇི་ལྟར་བསྐྱངས་པ་དང༌། དབང་བསྐུར་པ་སྔོན་དུ་འགྲོ་བ་རིམ་པ་གཉིས་ལ་ཇི་ལྟར་སློབ་པའི་ཚུལ་གྱི་ལམ་གྱི་རིམ་པ་དང༌། བྱེ་བྲག་ཏུ་དཔལ་གསང་བ་འདུས་པའི་རྒྱུད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཙོ་བོར་མཛད་པའི་གདམས་པ་དང་རྗེས་སུ་བསྟན་པའི་བསྟན་བཅོས་མང་དུ་མཛད། ས་མོ་གླང་སྤྱི་ལོ་1409ལོར་སྨོན་ལམ་ཆེན་མོ་མཛད་ཅིང་། ལོ་དེ་ཉིད་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། ས་མོ་ཕག་སྤྱི་ལོ་1419ལོར་རྒྱལ་ཚབ་རིན་པོ་ཆེ་ལ་དབུ་ཞྭ་དང་ན་བཟའ་བེར་ཐུལ་ཞིག་གནང་སྟེ། གདན་སར་དོན་གྱིས་གོ་བར་མཛད་ནས་སྐུ་གཤེགས་སོ། །

དགའ་ལྡན་ཁྲི་པ། རྗེ་ཙོང་ཁ་པའི་སློབ་མའི་གཙོ་བོ་རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ་གཉིས་ཀྱིས་བླ་མའི་གདན་བསྐྱངས། དེའི་བརྒྱུད་པ་གདན་ས་སྐྱོང་མཁན་རིམ་བྱུང་རྣམས་ལ་དགའ་ལྡན་ཁྲི་པ་ཟེར། དགའ་ལྡན་ཁྲི་པ་ཞེས་པ་དེ་ནི་དཔོན་གྱི་གདུང་རྒྱུད་དང༌། བླ་མའི་ཡང་སྲིད་སོགས་མཐོ་རིམ་མི་སྣའི་སྲས་རྒྱུད་བྱིས་པའི་དུས་ནས་ཁྲི་ཐོག་ཏུ་བཀོད་པ་ལྟ་བུ་མིན་ཞིང༌། བོད་ཀྱི་གཏམ་དཔེ་ལ། སྤྲང་པོའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་ཡོངས་སུ་གྲགས་པ་ལྟར་རིགས་རུས་འབྱོར་པ་ས་ཕྱོགས་བཅས་དམིགས་བསལ་གྱི་དབྱེ་བ་གང་ཡང་མེད། མཁས་མང་འདུས་པའི་དབུས་སུ་ལུང་རིགས་ཀྱིས་རྩོད་པའི་གྲལ་ལས་རྒྱལ་ཁ་སུས་ཐོབ་པ་གང་དེ་དགའ་ལྡན་ཁྲི་པའི་ཐོབ་ཐང་རག་གི་ཡོད་པ་རེད། དེ་ནས་ད་ལྟའི་བར་དགའ་ལྡན་ཁྲི་པ་བརྒྱ་སྐོར་ཞིག་བྱུང་ཡོད། རྗེ་ཙོང་ཁ་པའི་སློབ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་པ་དང་། བྱམས་ཆེན་ཆོས་རྗེས་སེ་ར་དགོན་པ་བཏབ་ནས་གདན་ས་བསྐྱངས་བ་ལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་ཞེས་པ་བྱུང་། །

དེ་ནས་བསྟན་པ་གཙང་གི་ཕྱོགས་སུ་དར་ལ་རྗེ་དགེ་འདུན་གྲུབ་གྱིས་གཙང་བཀྲ་ཤིས་ལྷུན་པོ་བཏབ་སྟེ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དང་། མདོ་ཁམས་སྨད་དུ་དར་བ་ལ་འདུལ་བ་ཆོས་རྗེ་འོད་ཟེར་གྱིས་སྐུ་འབུམ་དགོན་པ་བཏབ་པ་ཨ་ཀྱ་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་པ་བསྐྱངས་བ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་ནས་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་འགྲོའི་དོན་མཛད་པ་རྣམས་ནི་རི་བོ་དགེ་ལྡན་པའི་གདམས་ངག་དང་ཆོས་བརྒྱུད་རྣམས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་འཇུག་པའི་སྒོ་ལྟ་བུ་ཆགས་ཡོད། །

དགེ་འདུན་གྲུབ་པ་བློ་བཟང་ཆོས་རྒྱན་དང་།

པཎ་ཆེན་བསོད་གྲགས་རྒྱལ་བ་ལྔ་པ་ཆེ།

ངག་དབང་བརྩོན་འགྲུས་ལྕང་སྐྱ་རོལ་རྡོར་ཞབས།

དགེ་ལྡན་བསྟན་པ་སྤེལ་བའི་སྒྲོན་མེའི་ཁྱུ།

\1. དགའ་ལྡན་དགོན་པ། རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་1409ལོར་རྗེ་ཙོང་ཁ་པས་བཏབ། །

\2. འབྲས་སྤུངས་དགོན་པ། རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ1416ལོར་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་བཏབ།།

\3. སེ་ར་དགོན་པ། རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་1419ལོར་བྱམས་ཆེན་ཆོས་རྗེས་བཏབ། །

རྒྱ་ནག་གོང་མའི་དབུ་བླ་རུ། །

ཆོས་རྗེ་རྣམ་གསུམ་མཚན་སྙན་བཀྲ། །

རྒྱ་ནག་གོང་མའི་དབུ་བླ་རྣམ་གསུམ། རྒྱ་ནག་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོས་ཆོས་རྗེའི་སྙན་པ་གསན་པས་ཐུགས་འཕྲོག་ཏེ་འཇའ་ས་ཞུ་ཡིག་དང༌། རིན་ཆེན་གོས་དར་གྱི་འབུལ་བ་དང་བཅས་པའི་གདན་འདྲེན་པ་བཏང་། དགུང་ལོ་ཉེར་གཉིས་བཞེས་པའི་ཤིང་བྱ་སྟེ་སྤྱི་ལོ་1405ལོར་དབུས་བཏེགས། སྤྱི་ལོ་1407ལོའི་མེ་ཕག་ལོར་པེ་ཅིང་དུ་འབྱོར། དབང་བསྐུར་ཞུས་ཞིང་བླ་མར་བསྟེན། དེའི་རྗེས་སུ་ས་སྐྱའི་བླ་མ་ཀུན་དགའ་བཀྲ་ཤིས་གདན་ཞུས། དེ་རྗེས་སྤྱི་ལོ་1428ལོ་ཙམ་ན་ཏཱ་མིང་ཞོན་ཙུང་རྒྱལ་པོས་དགེ་ལུགས་པའི་བླ་མ་ཤཱཀྱ་ཡེ་ཤེས་གདན་ཞུས་བྱས། དེ་དག་རྣམས་ལ་རིན་ཆེན་ཆོས་རྒྱལ། ཐེག་ཆེན་ཆོས་རྒྱལ། བྱམས་ཆེན་ཆོས་རྒྱལ་བཅས་ཀྱི་མཚན་གྱིས་བསྟོད་ནས་དབང་བསྐུར་ཞུས་ཤིང་འབུལ་བ་གྱ་ནོམ་པ་ཕུལ། །

རྒྱལ་ནག་གོང་མའི་དབུ་བླ་རྣམ་གསུམ།

བླ་མའི་མཚན། གྲུབ་མཐའ། དབུ་བླའི་མཚན་གནས། མཚན་གསོལ་མཁན།
ཀརྨ་པ་དེ་བཞིན་གཤེགས་པ། བཀའ་བརྒྱུད་པ། རིན་ཆེན་ཆོས་རྒྱལ།大宝法王 ཏཱ་མིང་ཡུང་ལོ།大明永乐
ཀུན་དགའ་བཀྲ་ཤིས། ས་སྐྱ་པ། ཐེག་ཆེན་ཆོས་རྗེ།大成法王 ཏཱ་མིང་ཡུང་ལོ།大明永乐
ཤཱཀྱ་ཡེ་ཤེས། དགེ་ལུགས་པ། བྱམས་ཆེན་ཆོས་རྗེ།大慈法王 མིང་ཞོན་ཙང་།明宣宗

བྱང་ཟུར་ལུགས་ཀྱི་གསོ་རིག་དང་། །

ཕུག་མཚུར་དབྱེ་བའི་རྩིས་ཀྱི་གཞུང་། །

སྒར་སྨན་གཉིས་ཀྱི་ལྷ་རིས་སྲོལ། །

རྒྱལ་རབས་དཔྱད་པའི་དེབ་ཐེར་སོགས། །

སྤང་ལ་མེ་ཏོག་བཀྲ་བཞིན་རྒྱས། །

བྱང་ལུགས་གསོ་རིགབྱང་པ་རྣམ་རྒྱལ་གྲགས་བཟང་གི་སློབ་རྒྱུད་རྣམས་ལ་ཟེར་ཞིང༌། དེའང་བྱང་པ་རྣམ་རྒྱལ་གྲགས་བཟང་ནི་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་1295ལོར་གཙང་ངམ་རིང་དུ་བྱང་པ་སྡེ་པའི་དཔོན་ཚང་གི་ནང་དུ་འཁྲུངས། ཆུང་ངུའི་དུས་ནས་སློབ་གཉེར་གནང་བས་མཁས་པ་ཆགས། གསོ་བ་རིག་པའི་གཞུང་ལུགས་ལ་མཁས་པས་གསོ་རིག་གི་བསྟན་བཅོས། ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་དང༌། རྩ་རྒྱུད་དང་བཤད་རྒྱུད་གཉིས་ཀྱི་འགྲེལ་པ། ཕྱི་མ་རྒྱུད་ཀྱི་བཀའ་འགྲེལ། འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་སོགས་མང་པོ་བརྩམས། རྒྱུད་འཛིན་གྱི་སློབ་མ་ལ་སྲས་མིའི་ཉི་མ། ལྷ་བཙུན་བཀྲ་ཤིས་དཔལ་བཟང༌། བསོད་ནམས་ཡེ་ཤེས་རྒྱལ་མཚན་ལ་སོགས་པ་བྱུང་བ་དེ་དག་གིས་རྒྱུད་འགྲེལ་དང༌། ཁོག་དབུབ། ལྷན་ཐབས་སོགས་གསོ་རིག་གི་དཔེ་ཆ་མང་པོ་བརྩམས་ནས་བྱང་ལུགས་ཞེས་པའི་སྲོལ་གཏོད། དགུང་གྲངས་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཤིང་ལུག་སྤྱི་ལོ་1475ལོར་སྐུ་གཤེགས། དེའི་རིང་ལུགས་འཛིན་པ་མང་པོ་བྱུང་བ་རྣམས་ལས་སྙན་གྲགས་དང་མཛད་འཕྲིན་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་ས་ལྕགས་པོ་རི་ལ་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་པའི་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་གསར་པ་མང་པོ་སྐྱོང་གནང༌། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་གི་མཐའ་དཔྱད་རྣམས་དོར་ཞིང༌། རང་ལུགས་ཟུར་དུ་བཏོན་ནས་ཕྱོགས་གཅིག་ཏུ་སྒྲིག་པ་རྩ་བཤད་ཕྱི་གསུམ་གྱི་འགྲེལ་པ་དང༌། མན་ངག་རྒྱུད་ལ་ཚིག་འགྲེལ་མཛད་པ་ཕྱོགས་གཅིག་ཏུ་སྒྲིག་པའི་རྒྱུད་བཞི་འགྲེལ་པ་བཻཌཱུ་སྔོན་པོ་རྩོམ་སྒྲིག་མཛད་དེ་འཆད་ཉན་གྱི་རྒྱུན་སྤེལ་བར་བྱང་ལུགས་ཀྱི་འཕྲིན་ལས་རྒྱས། །

ཟུར་ལུགས་གསོ་རིགདེའང་ཟུར་མཁར་མཉམ་ཉིད་རྗེའམ་ཨ་བོ་ཆོས་རྗེ་ནི། རབ་བྱུང་བདུན་པའི་ས་ལུག་སྤྱི་ལོ་1439ལོར་དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། ཆུང་དུས་ནས་རང་གི་ཡབ་དང༌། ཤ་ར་རབ་འབྱམས་པ། སྨན་སྟོན་དབང་ཕྱུག་བཟང་པོ་སོགས་ལ་བསྟེན་ནས་རིག་གནས་མཐའ་དག་དང༌། ཁྱད་པར་གསོ་བ་རིག་པ་ལ་རྩལ་དུ་སྟོན། དགུང་ལོ་བཅུ་དྲུག་པར་གསོ་རིག་གི་བསྟན་བཅོས་མན་ངག་བྱེ་བ་རིང་བསྲེལ་བརྩམས། དེ་རྗེས་རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ། རྒྱུད་ཀྱི་དཀའ་གནད་རྣམས་ལ་འདྲི་ཚིག་དངུལ་དཀར་མེ་ལོང༌། སྨན་ངོ་གསལ་བྱེད་རིན་ཆེན་འཁྲུངས་དཔེ། རོ་སྐོར་ལྕགས་ཀྱི་ཕྲེང་བ། བདུད་རྩི་གཏེར་མཛོད་སོགས་བརྩམས་པ་དང༌། གཞན་ཡང་འབྱུང་བ་གཉིས་གཉིས་སྡེབ་པའི་སྨན་རྫས་རྣམས་ཀྱི་རོ་ནུས་ཡོན་ཏན་གང་ཡོད་ཀྱི་རྒྱུ་འབྲས་རེའུ་མིག་ཞེས་པ་གསར་གཏོད་གནང༌། ཁོང་ལ་སློབ་མ་མང་པོ་བྱུང་བ་ལས་མཐར་ཕྱིན་གྱི་སློབ་མ་བཞི་ཞེས་པ། མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན་དང༌། འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས། ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ། བཤད་པ་མཐར་ཕྱིན་ལི་ཆུང་པ་སྐྱབས་བཅས་དང༌། གཞན་ཡང་བྱིན་རླབས་ཞུགས་པའི་སློབ་མ་བརྒྱད། ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུགགྲགས་པ་ཐོབ་པའི་སློབ་མ་ཉི་ཤུ་སོགས་བྱུང་བ་དེ་དག་སྙན་གྲགས་ཆེ་ཞིང་ཟུར་ལུགས་ཀྱི་འཕྲིན་ལས་སྤེལ་བ་པོ་གཙོ་བོར་ཆགས། དགུང་གྲངས་སོ་བདུན་པ་རབ་བྱུང་བརྒྱད་པའི་ཤིང་ལུག་སྤྱི་ལོ་1475ལོར་སྐུ་གཤེགས། མཐར་ཕྱིན་གྱི་སློབ་མ་བཞིའི་རྒྱུན་ལས། ཀོང་སྨད་རྐྱེན་པ་བླ་རྟ་ཚེ་དབང༌། མཚོ་སྨད་མཁན་ཆེན། བྱར་པོ་པཎ་ཆེན་སོགས་མཁས་པ་མང་པོས་ཡིག་ཆ་སྤེལ། ལྷག་པར་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཚ་བོ་ཟུར་མཁར་བློ་གྲོས་རྒྱལ་པོས་རབ་བྱུང་དགུ་པའི་ས་སྦྲུལ་སྤྱི་ལོ་1509ལོར་འཁྲུངས་ཤིང༌། དགུང་ལོ་བདུན་ཅུ་ལྷག་ཙམ་བཞུགསརྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་དང༌། རྒྱུད་བཞི་བཀའ་བསྟན་འགའ་སྤོང༌། སྨན་གྱི་ནུས་པ་དང་ཡོན་ཏན་རྒྱུ་འབྲས་རེའུ་མིག་གྲངས་ཡིག་བཅས་གསར་དུ་བྲིས། གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ཞུ་དག་མཛད་ཅིང་རྒྱུད་བཞི་ཤིང་པར་བརྐོས་པ་ལ་གྲ་ཐང་པར་མ་ཟེར་བ་དེ་རྒྱུད་བཞིའི་ཤང་པར་ཐོག་མ་ཡིན། །

ལུགས་འདིའི་འཕྲིན་ལས་ཀྱི་རྒྱུན་སྤེལ་བ་པོ་གཙོ་བོ་དེའུ་དམར་བསྟན་འཛིན་ཕུན་ཚོགས་དང༌། སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་གཉིས་ཡིན་ལ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་སྤྱི་ལོ་1672ལོར་ཁམས་གོ་འཇོ་རུ་འཁྲུངས། ཆུང་ངུའི་དུས་ནས་སློབ་གཉེར་ལ་གྲུབ་འབྲས་ཆེན་པོ་ཐོབ། སྐུ་ནར་སོན་པ་དང་ཕྱོགས་མེད་བྱ་བྲལ་གྱི་སྤྱོད་པས་རྒྱལ་ཁམས་འགྲིམས། བོད་ཁམས་ཡོངས་དང་རྒྱ་དཀར་ནག འཇང་ཡུལ་སོགས་སུ་སྐྱེས་པའི་རྩྭ་ཤིང་སྔོ་ལྡུམ་ཐམས་ཅད་ལ་ཞིབ་འཇུག་དང༌། ཚོད་ལྟ་མཛད་དེ་རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་1727ལོར་སྨན་རྫས་སྣ་གྲངས་ཉིས་སྟོང་ཉིས་བརྒྱ་གོ་བཞི་ཙམ་ངོས་འཛིན་གནང་བ་དང༌། དེ་དག་རེ་རེ་བཞིན་རོ་དང༌། ནུས་པ། ཞུ་རྗེས། ཡོན་ཏན། སྐྱེ་བའི་ཡུལ། འདྲ་བའི་དཔེ་སོགས་རྒྱས་པར་བཤད་པའི་གསོ་རིག་གི་བསྟན་བཅོས་ཤེལ་གོང་དང༌། ཤེལ་ཕྲེང་གཉིས་བརྩམས་པར། གངས་ཅན་གསོ་རིག་འཛིན་པ་ཐམས་ཅད་ཀྱི་ཚད་མར་འཛིན། གཞན་ཡང་གཏར་ཀ་དང་མེ་བཙའི་གསང་དམིགས། རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་སྨན་རྫས་ནུས་པ་མཚུངས་པའི་རིགས་རྣམས་གཏོང་ཚུལ་གྱི་ཚབ་ཡིག་སོགས་གསོ་རིག་སྐོར་གྱི་བསྟན་བཅོས་མང་པོ་བརྩམས་ཡོད་པ་དེ་དག་ཐམས་ཅད་སྔར་མེད་པའི་ལེགས་བཤད་གསར་དུ་བརྩམས་པ་ཤ་སྟག་ཡིན། །

སི་ཏུ་ཆོས་ཀྱི་འབྱུང་གནས་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ་1700ནལོར་འཁྲུངས་ཤིང༌། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ་1774ལོར་འདསཀྱིས་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྤྱི་ལོ་1754ལོར་སྡེ་དགེ་དཔལ་སྤུངས་དགོན་དུ་གནས་ལྔ་རིག་པའི་སློབ་གླིང་བཙུགས་ཏེ་དེའི་ནང་དུ་གསོ་རིག་སྡེ་ཚན་བཙུགས་པར་བོད་ཁམས་ཡོངས་ལ་ཤར་དཔལ་སྤུངས་པའི་སྨན་གྲྭ་ཞེས་སྙན་གྲགས་རྒྱས་པ་ཞིག་བྱུང༌། སློབ་གྲྭ་དེར་སྔ་ཕྱི་སློབ་གཉེར་བྱས་ནས་ཐོན་པའི་སྨན་པ་སྐད་གྲགས་ཅན་དབོན་པོ་ཀརྨ་ངེས་ལེགས། ཀརྨ་ངེས་དོན། གླིང་སྨན་བཀྲ་འབུམ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ། གནས་གསར་བཀྲ་འཕེལ་ལ་སོགས་པ་རྣམས་སོ། ། དེ་ཡང་དབོན་པོ་ཀརྨ་ངེས་ལེགས་ཀྱིས་བརྩམས་པའི་སྨན་བསྡུས་ཨེ་ཝཾ་དང༌། ཀརྨ་ངེས་དོན་གྱིས་སྨན་རྫས་བསྡུ་སྦྱོར་བྱེད་པའི་སྐབས་སུ་གཙོ་བོ་དཔེ་ཆ་འདི་དག་ལ་བརྟེན་ནས་བསྡུ་སྦྱོར་བྱེད་སྲོལ་བྱུང་འདུག ཁྱད་པར་དུས་ཕྱིས་སུ་བསྡུ་དཔེ་འགའ་ཞིག་གསར་སྒྲིག་བྱས་འདུག་ཀྱང་དོན་དུ་དཔེ་ཆ་འདི་གཉིས་ནས་ཉེར་མཁོ་རྣམས་བཏུས་པ་ཤ་སྟག་སྣང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཟིན་ཏིག་ནི་རྒྱུད་ཀྱི་སྙིང་དོན་ཐམས་ཅད་བསྡུས་ཤིང་གོ་བདེ་བའི་ངག་ནས་བརྗོད་པ་ཞིག་ཡིན་སྟབས་སྨན་པ་མཆོག་དམན་ཐམས་ཅད་ལ་དགོས་གལ་ཆེ་བའི་གདམས་ངག་གི་མཛོད་ལྟ་བུ་ཞིག་ཆགས་ཡོད་པ་རེད། །