བོད་ཀྱི་རིག་གནས་བྱུང་འཕེལ་གྱི་དུས་རིམ་དབྱེ་བའི་ཚུལ་ལ་བསམ་ཞིབ་བྱ་བའི་གཏམ།

36/545

བོད་ཀྱི་རིག་གནས་བྱུང་འཕེལ་གྱི་དུས་རིམ་དབྱེ་བའི་ཚུལ་ལ་བསམ་ཞིབ་བྱ་བའི་གཏམ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཚེ་རིང་འགྱུར་མེད།


རང་རེའི་བོད་མིའི་བློ་ངོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འདི་ཐོག་མར་དར་བའི་ཚུལ་དང་། བར་དུ་འཕེལ་བའི་རིམ་པ། མཐའ་མར་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་གཙོ་བོར་གྱུར་ཏེ་འཛམ་གླིང་ས་ཡི་གོ་ལ་འདིའི་སྟེང་གི་བོད་རིག་པའི་བརྗོད་བྱ་རུ་གྲུབ་པའི་གནས་ལུགས་དང་འཕེལ་རིམ་ལ་བསམ་ཞིབ་རྒྱུ་མཚན་དང་ལྡན་པར་བྱས་པ་ཤིན་ཏུ་ཉུང་བས། དེང་གི་བར་དུ་བོད་ཀྱི་རིག་གནས་འདིའི་ཆུ་འགོ་གང་ལ་ཐུག་ཡོད། བོད་ཀྱི་རིག་གནས་འདིའི་བོད་མི་རིགས་ཀྱི་ཁྱད་ཆོས་གང་ཞིག་བསྟན་ཡོད། བོད་ཀྱི་རིག་གནས་འདིའི་ནང་དུ་བོད་མི་རང་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ཤེས་རབ་ཀྱི་ཉིང་བཅུད་གང་དང་གང་ཡོད་སོགས་བཤད་པའི་སྤོབས་པ་དང་ལྡན་པའི་རིག་པ་སྨྲ་བ་ཤིན་ཏུ་ཉུང་། མཐའ་ན་རང་རེའི་བོད་ཀྱི་མི་རིག་པ་སྨྲ་བ་ཁས་འཆེ་བའི་ཁྲི་ཐོག་གི་བླ་མ་དང་སྤྱི་ཚོགས་ཐོག་གི་མཁས་མིང་ཅན་མང་པོ་ཞིག་གིས་མིས་ལོ་རྒྱུས་བཟོས་པའམ་ལོ་རྒྱུས་ཀྱིས་མི་བཟོས་པ། རིག་གནས་ཀྱི་ཁུངས་ནས་ལོ་རྒྱུས་བྱུང་བའམ་ལོ་རྒྱུས་ཀྱི་ཁུངས་ནས་རིག་གནས་བྱུང་བ། ཆོས་ལུགས་ཀྱིས་རིག་གནས་བཟོས་པའམ་རིག་གནས་ལས་ཆོས་ལུགས་གྲུབ་པ་སོགས་ད་ལྟར་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་པ་མང་པོའི་སྣང་ངོ་ཡི་རྒྱུན་ཤེས་ཙམ་ལ་ཡང་མགོ་རྨོངས་ནས་སྨྱོན་པའི་ལབ་རྡོལ་ལྟ་བུར་གཏམ་མང་པོ་བཤད་དང་འཆད་བཞིན་ཡོད། འདི་ལྟ་བུའི་གནས་ཚུལ་དགོད་བྲོ་ལ་ཡིད་སྐྱོ་བ་ཞིག་བྱུང་དང་འབྱུང་པའི་གནད་གཙོ་

བོར་ང་ཚོའི་སྲོལ་རྒྱུན་གྱི་བྱུང་བ་རིག་པ་དང་རིག་གནས་ཕྱོགས་ཀྱི་ལྟ་བ་ཅུང་ཟད་ཞིབ་ཚགས་མེད་པའི་དབང་གིས་ཡིན་མཆིས་ཏེ། རང་ཅག་གི་འདས་པའི་དུས་ཀྱི་རིག་པ་སྨྲ་བ་བོན་བན་གྱི་གྲུབ་མཐའི་ཁ་འཛིན་པ་དག་ལས་བོན་པོ་རྣམས་ཀྱིས་རིག་གནས་ལོ་རྒྱུས་ཀུན་གྱི་རྩ་བ་བོན་ཆོས་ལ་གཏུགས་པ་དང་། བན་དེ་རྣམས་ཀྱིས་རིག་གནས་ལོ་རྒྱུས་ཀུན་གྱི་རྩ་བ་བན་དེའི་ཆོས་ལ་གཏུགས་པ་སོགས་ཕྱོགས་རེ་བའི་བཤད་པ་དང་རྣམ་བཞག་སྣ་ཚོགས་པའི་བོན་འབྱུང་ཆོས་འབྱུང་དང་། དེབ་ཐེར་ལོ་རྒྱུས་སོགས་ཡིག་ཆ་མང་ཆེ་བ་དེ་ལྟར་ཉིད་དུ་བཞུགས་པས་སོ། །

ཡ་ཐོག་གདོད་མའི་དུས་ཀྱི་རིག་གནས།

གནའ་ཤུལ་སྔོག་འདོན་ལས་བྱུང་བའི་མཁར་ཤུལ་དང་གནའ་རྫས་མང་པོ་ཞིག་ལ་བརྟག་ཞིབ་ཚན་རིག་དང་མཐུན་པར་བྱས་པའི་འབྲས་བུར། བོད་ཀྱི་ཡུལ་འདིར་འགྲོ་བ་མི་མང་པོ་འདུས་ཏེ་སྤྱི་ཚོགས་ངོ་བོ་ཅན་གྱི་འཚོ་བར་རོལ་བའི་དུས་ནི་འདི་ནས་མི་ལོ་ལྔ་སྟོང་ལྷག་གི་གོང་རོལ་ཡིན་པ་གཏན་ལ་ཕབ་ཡོད། ལྡེའུ་ཆོས་འབྱུང་སོགས་བོད་ཀྱི་བོན་བན་ལོ་རྒྱུས་ཡིག་རྙིང་དག་གི་ནང་དུའང་གངས་རིའི་ལྗོངས་འདིའི་སྤྱི་ཚོགས་ཀྱི་ཁ་འཛིན་ཐོག་མ་གཉན་དང་གནོད་སྦྱིན་སོགས་མངའ་མཛད་དུ་མཚན་གསོལ་བ་ཅི་རིགས་པ་ཞིག་བྱུང་བ་བསྟན་ཡོད་དེ། གནའ་རྫས་དང་ཡིག་ཚང་གི་ནང་དོན་གོ་བསྡུར། དེང་རབས་མིའི་རིག་པའི་ལྟ་བས་ཟུར་བརྒྱན་ནས་དཔྱད་ན་འདི་ནས་མི་ལོ་ལྔ་སྟོང་ཡས་མས་ཀྱི་དུས་སུ་བོད་མིས་ཡོངས་གྲགས་སུ་རིག་པའི་དཔལ་ཡོན་དུ་འབོད་པའི་མི་མང་གི་འཚོ་བར་རོལ་སྟངས་ལས་བྱུང་བའི་རིག་གནས་ཀྱི་སྒོ་ཆེན་ཕྱེས་ཐུབ་ཡོད་པ་གདོན་མི་ཟ། དེ་ཡང་གཡུང་དྲུང་བོན་གྱི་ལོ་རྒྱུས་ཡིག་རྙིང་དུ་མའི་ནང་དུ་གཤེན་རབ་འཇིག་རྟེན་འདིར་མ་བྱོན་པའི་གོང་རོལ་ན་བོད་ཀྱི་ཡུལ་དུ་ཉི་བོན་དང་། སྐར་བོན། འཇའ་བོན། ཀླུ་བོན། བཙན་བོན་སོགས་བོན་གྱི་མིང་ཐོགས་པའི་ཆོས་དང་དེ་འབྲེལ་གྱི་ཆོ་ག་རིག་གནས་སྣ་ཚོགས་པ་ཞིག་ཡོད་པ་བསྟན་པ་འདིས་ཀྱང་བོད་ཀྱི་ཡ་ཐོག་གདོད་མའི་དུས་ཀྱི་རིག་གནས་དེ་ཅི་ལྟ་བུ་ཞིག་ཡིན་པ་ངོ་སྤྲོད་ཁ་གསལ་མདོར་བསྡུས་ཤིག་གནང་ཡོད། རང་རེ་བོད་ཀྱི་ཡ་ཐོག་རིག་གནས་འདི་འཛམ་གླིང་ཡུལ་གྲུ་གཞན་ན་དར་མྱོང་བའི་ཡ་ཐོག་གདོད་མའི་རིག་གནས་དང་ཆ་འདྲ་བ་ལྷ་མཆོད་འདྲེ་བཏུལ་གྱི་ཆོ་ག་མང་ལ། ལྷ་ཀླུ་གཉན་གསུམ། འདྲེ་བདུད་བཙན་གསུམ། མི་དང་མི་མ་ཡིན་སོགས་ཀྱི་སྲིད་པ་ཆགས་པའི་སྒྲུང་ཤིན་ཏུ་མང་པོ་ཡོད་པ། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་དུས་བཞིའི་འགྱུར་བ་སོགས་ལ་བརྟག་ནས་ལོ་ཟླ་ཞག་དུས་ཀྱི་རྣམ་བཞག་རགས་པ་རེ་བྱས་ཐུབ་ཡོད་ཅིང་། ཕྱི་འབྱུང་བའི་འཕྲད་སྦྱོར་དང་ནང་ལུས་པོའི་ཚ་གྲང་འཐབ་པ་ལས་བྱུང་བའི་ནད་སོགས་ལ་དཔྱད་པ་རགས་རིམ་ཞིག་བཏང་ནས་ལུས་པོའི་ནད་འཇོམས་བྱེད་ཀྱི་སྤྱོད་ལམ་དང་སྨན་སྣ་འགའ་རེ་ཡང་བཟོ་ཐུབ་པ་བྱུང་ཡོད་ངེས་ཏེ། ཕྱིས་འབྱུང་གཡུང་དྲུང་བོན་གྱི་གཙུག་ལག་རིག་གཞུང་ཐེག་པ་རིམ་པ་དགུའི་རྣམ་བཞག་མཛད་དེ་གཏན་ལ་ཕབ་པའི་ནང་དུ་རྒྱུའི་བོན་ཐེག་པ་བཞི་ཞེས་མཚན་གསོལ་བའི་རིག་གནས་རྣམས། སྐབས་འགར་སྲིད་པའི་རྒྱུ་བོན་དང་། སྐབས་འགར་ལྷ་བོན་སྒོ་བཞི་སོགས་མིང་འབོད་ལུགས་སྣ་ཚོགས་པ་ཞིག་ཡོད་པ་འདི་དག་གཡུང་དྲུང་བོན་གྱི་ཆོས་ལུགས་དར་ནས་གཟོད་བྱུང་བ་ཞིག་མིན་པའི་བཤད་ཚུལ་སྣ་ཚོགས་པ་ཞིག་གནའ་དེང་གི་ཡིག་ཆ་ཚད་ལྡན་དུ་མའི་ནང་དུ་མཐོང་རྒྱུ་འདུག་ལ། གཡུང་དྲུང་བོན་གྱི་ཡིག་ཆ་མང་ཆེ་བའི་ནང་དུ་རྒྱུའི་བོན་རིག་གནས་ནང་གི་མཆོད་པའི་ལས་ལ་ཤ་ཁྲག་དང་མ་འདྲེས་པ་སྟོན་པས་མཛད་ཅེས་གསུངས་ཏེ་ཤ་ཁྲག་དང་འདྲེས་པ་ཞིག་དེའི་གོང་ན་ཡོད་པ་ཤུགས་ཀྱིས་བསྟན་ཡོད་ཅིང་། འདི་དག་གཞན་ཕན་གྱི་བསམ་པ་བཟང་པོས་བེད་སྤྱོད་གཏོང་ན་འཕྲན་ཕུགས་ཀྱི་རྐྱེན་ངན་སེལ་བ་དང་བསོད་ནམས་ཀྱི་ཚོགས་རྫོགས་ནུས་པ་བསྟན་པའི་ཞོར་དུ། དེའི་གོང་རོལ་གཡུང་དྲུང་བོན་ལུགས་ཀྱི་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་རྩིས་མ་ཟིན་པའི་རྒྱུ་བོན་ཀྱི་རིགས་སུ་གྱུར་པའི་ལས་རྣམས་དགེ་སྡིག་གང་ཞིག་འགྱུར་ཚད་བཟུང་དཀའ་བར་ཡོད་པ་ཡང་བསྟན་ཡོད། དེ་བཞིན་སྲིད་པའི་རྒྱུ་བོན་ཞེས་འབོད་པ་ཡིས་འདི་དག་སྲིད་པ་ཆགས་ནས་རིམ་གྱིས་བྱུང་བ་མིའི་སྲིད་པ་དང་ཆ་འདྲ་བ་ཙམ་ཡིན་པའི་གཏན་ཚིགས་ཤིག་རྗེས་གྲུབ་ཀྱི་མིང་རང་གི་ལམ་ནས་གསལ་པོ་བརྗོད་ཡོད།

རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས།

རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི་ཏུན་ཧོང་གི་ཤོག་དྲིལ་ཡིག་ཚང་དང་། བན་བོན་གྱི་ལོ་རྒྱུས་དེབ་ཐེར་མང་ཆེ་བ། བོད་ཀྱི་ལོ་རྒྱུས་སྨྲ་བ་པོའི་ངག་རྒྱུན་སོགས་ཀུན་ལ་རླུང་ལྟར་གྲགས་པའི་བོད་མིའི་ལོ་རྒྱུས་ཀྱི་རྒྱུན་ཤེས་ལྟ་བུ་ཞིག་ཆགས་ཡོད་པས་ཀུན་གྱིས་མཁྱེན་བཞིན་ཡོད། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་ཀྱི་དུས་ནི་འདི་ནས་མི་ལོ་བཞི་སྟོང་ཡས་མས་ནས་མི་ལོ་ཆིག་སྟོང་བཞི་བརྒྱ་ཡས་མས་ཀྱི་དུས་སྐབས་ཏེ་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ནས་སྤྱི་ལོ་རྗེས་ཀྱི་ལོ་དྲུག་བརྒྱ་ལྷག་གི་བར་ཡིན། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ནང་དུ་ཞང་ཞུང་ཞེས་མིང་བཏགས་པའི་རྒྱལ་ཕྲན་སྟོབས་ཆེ་བ་ཞིག་ཡོད་པ་ནི་ལན་གཅིག་དང་ལན་འགའ་མིན་པར་གོང་གི་ལོ་རྒྱུས་དཔྱད་གཞི་ཀུན་གྱི་ནང་དུ་ཡང་དང་ཡང་དུ་འབྱུང་བཞིན་ཡོད་ལ། ཉེ་འཁོར་རྒྱ་ནག་དང་ལི་ཡུལ། འཇང་དང་པར་སིག་སོགས་ཀྱི་ཡིག་ཆ་དང་ངག་རྒྱུན་ལ་ཡང་ཞང་ཞུང་དང་ཞང་ཞུང་འོལ་མོ་ལུང་རིང་སོགས་ཀྱི་མིང་དང་གནས་ཚུལ་ཅི་རིགས་པ་འབྱུང་བཞིན་ཡོད། གཞན་དུ་དེང་གི་གནའ་ཤུལ་སྔོག་འདོན་གྱི་འབྲས་བུ་དུ་མ་ཐོན་དང་འཐོན་བཞིན་པའི་མཁར་གོག་ཁང་ཤུལ་དང་། རྫ་ཆས་ལི་ཆས། འབྲུ་སྣ་གོས་རས། རིན་པོ་ཆེའི་རྒྱན་ཆ། དུར་ས་དུར་རྫོངས་སོགས་ཀྱིས་ཀྱང་ཞང་ཞུང་དང་ཞང་ཞུང་གི་ཆོས་དང་རིག་གནས་རྣམས་ཕྱོགས་མང་པོ་ནས་ཡོད་པ་གཞིར་བཞག་དང་ནང་དོན་རྒྱ་ཆེ་བའི་བདེན་པ་ར་སྤྲོད་བྱེད་བཞིན་ཡོད། དེ་བཞིན་དུ་གཡུང་དྲུང་བོན་གྱི་ཡིག་ཆ་རྙིང་པ་ཕལ་ཆེ་བ་དང་། བན་དེའི་ཡིག་ཆ་རྙིང་པ་དུ་མ། ཏུན་ཧོང་གི་ཡིག་རྙིང་། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་། འཇང་གི་ཆོས་ལུགས་ཆོ་ག་འདྲ་རིས་ཅན་སོགས་དཔྱད་གཞི་མང་པོ་ཞིག་ནང་དུ་སྟོན་པ་གཤེན་རབ་མི་བོ་ཆེ་ཞེས་བོད་ཀྱི་མཛངས་མི་ཆོས་དང་རིག་གནས་མང་པོ་གཏན་ལ་ཕབ་ཐུབ་པ། མཐུ་ནུས་དམིགས་བསལ་བའི་རྫུ་འཕྲུལ་དང་ལྡན་པ། མཚན་ཉིད་ཀྱི་ལྟ་གྲུབ་གསར་པ་གཏིང་ཟབ་མོ་ཅི་རིགས་འཆད་མཁན། སྒོམ་ཉམས་ལེན་ཀྱི་གདམས་ངག་བསྟན་ཞིང་ཆོ་ག་ཕྱག་ལེན་གྱི་རིགས་མང་པོ་གཏན་ལ་ཕབ་ཐུབ་པ་ཞིག་ཡོད་པ་ཡང་ནས་ཡང་དུ་བསྟན་ཡོད། འདི་དག་གིས་རྒྱལ་ཕྲན་སིལ་མའི་སྐབས་སུ་བོད་ཀྱི་རིག་གནས་དེ་ཡ་ཐོག་གདོད་མའི་རིག་གནས་ཀྱི་རྨང་གཞི་ཐོག་འཕེལ་རྒྱས་བའི་རིམ་པ་གསར་པ་ཞིག་གི་ཐོག་ཏུ་སླེབས་བཞིན་ཡོད་པ་གསལ་བཤད་ཁུངས་ལུང་དང་ལྡན་པ་ཞིག་གནང་ཡོད་དེ། བོད་མིས་རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས་ཀྱི་སྒོ་འཕར་གསར་པ་ཕྱེས་ཤིང་རིག་པའི་དཔལ་ཡོན་གྱི་ཐད་ནས་སྔོན་གྱི་རྨང་གཞི་ཐོག་གོམ་སྟེགས་གསར་པ་ཞིག་བསྐྲུན་ཐུབ་ཡོད་པ་ངོ་སྤྲོད་མཛད་ཡོད། རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས་ནི་ཞང་ཞུང་རྒྱལ་ཕྲན་གྱི་དེད་དཔོན་ལྟ་བུར་མཛད་དེ་དར་སྤེལ་བཏང་བ་དང་། སྟོན་པ་གཤེན་རབ་མི་བོས་གསར་གཏོད་གནང་བའི་གཡུང་དྲུང་བོན་གྱི་ཆོས་དང་རིག་གནས་ཀྱིས་གྲུབ་ཆ་གལ་ཆེ་བ་བཟུང་ཡོད་པས། འདི་ལ་ཕྱོགས་གཞན་ནས་ཞང་ཞུང་གི་རིག་གནས་དང་གཡུང་དྲུང་བོན་གྱི་རིག་གནས་སོགས་འབོད་པའང་ཐོས། རྒྱ་ནག་གི་རིག་གནས་ཀྱི་འགོ་ཁུངས་དེ་རྨ་ཆུའི་རྒྱུན་ཕྱོགས་ལ་གཏུགས་དེ་བྱེ་བྲག་ཏུ་རྨ་ཆུའི་རིག་གནས་དང་། ཨེ་ཅིའི་རིག་གནས་ཀྱི་འགོ་ཁུངས་དེ་ནེའི་ལེའེ་ཆུ་བོའི་རྒྱུན་ཕྱོགས་ལ་གཏུགས་ཏེ་བྱེ་བྲག་ཏུ་ནེའི་ལེའེ་ཆུ་བོའི་རིག་གནས་སོགས་འབོད་པ་ཡོད་མོད། སྤྱིའི་ཆ་ནས་རྒྱ་ནག་གི་ཡ་ཐོག་གི་རིག་གནས་དང་ཨེ་ཅིའི་ཡ་ཐོག་གི་རིག་གནས་ཞེས་འབོད་བཞིན་ཡོད་པ་ཇི་བཞིན། འདི་ཡང་ཞང་ཞུང་གི་རིག་གནས་དང་གཡུང་དྲུང་བོན་གྱི་རིག་གནས་སོགས་འབྱུང་གནས་གཙོ་བོའི་འགོ་ཁུངས་དང་གྲུབ་ཆ་གཙོ་བོ་ཙམ་དམིགས་སུ་བཀར་ནས་བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་དེ་དོར་ནས་སྤྱིའི་མིང་རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས་ཞེས་མཚན་གསོལ་ན་ལེགས་སྙམ་ནས་དེ་ལྟར་བརྗོད་པ་ཡིན།

བོད་བཙན་པོའི་རྒྱལ་ཁབ་དུས་ཀྱི་རིག་གནས།

བོད་བཙན་པོའི་རྒྱལ་ཁབ་སྟེ་ད་ལྟར་མཚོ་བོད་མཐོ་སྒང་དུ་འབོད་པའི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་བཙན་པོའམ་རྗེ་བོ་གཅིག་གི་ཆབ་སྲིད་མངའ་འོག་ཏུ་བསྡུས་ནས་བོད་ཆེན་པོར་ཆགས་པ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་འགོ་བརྩམས་པ་དང་སྤྱི་ལོའི་དུས་རབས་དགུ་པར་མཇུག་རྫོགས་པ་ཡིན། བོད་རྗེ་སྲོང་བཙན་སྒམ་པོ་ནས་ཁྲི་དར་མ་འུ་དུམ་བཙན་གྱི་བར་མི་ལོ་ཉིས་བརྒྱ་ལྷག་གི་དུས་ཚོད་འདིའི་ནང་དུ་བློ་ཁོག་ཡངས་ལ་མིག་རྒྱང་རིང་བ་དང་། དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པའི་བོད་རིགས་མི་རྣམས་ཀྱིས་སྔར་ཡོད་བོད་རང་གི་རིག་གནས་ལ་རྒྱ་གར་ཤཱཀྱ་ཐུབ་པའི་ཆོས་དང་རིག་གཞུང་ནང་འདྲེན་གྱིས་ཁ་སྣོན་མཛད་པ་དང་སྟག་གཟིག་གི་གསོ་དཔྱད་དང་རྒྱན་གོས། རྒྱ་ནག་གི་རྩིས་དང་བཟོ་རྩལ། ལི་ཡུལ་གྱི་ཁྲིམས་དང་ཚོང་ལས། བལ་ཡུལ་གྱི་ཁང་བཟོ་ལག་རྩལ། གྷེ་རིགས་ཀྱི་མཛེས་རྩལ་སོགས་ནང་འདྲེན་གྱིས་བོད་ཀྱི་རིག་གནས་འདི་རབ་ཏུ་ཕུན་སུམ་ཚོགས་པར་གྱུར་ཏེ། བོད་མི་རིགས་འདི་མཚན་ཉིད་རིག་གཞུང་དང་། རྩོམ་རིག་སྒྱུ་རྩལ། སྐད་ཡིག་ལོ་རྒྱུས། བཟོ་གསོ་ལག་རྩལ། གནམ་རིག་སྐར་རྩིས། ཆབ་སྲིད་དམག་ཐབས་སོགས་ཅི་གང་གི་ཐད་ནས་དར་རྒྱས་ཀྱི་རྩེ་མོར་ཕྱིན་པའི་དུས་སྐབས་བཟང་པོ་ཞིག་བསུ་ཐུབ་པ་བྱུང་བས། སྐབས་དེར་ཨེ་ཤ་ཡའི་གླིང་འདིར་ནུབ་ན་ཨ་རབ་བཙན་པོའི་རྒྱལ་ཁབ་དང་། ཤར་ན་ཐང་བཙན་པོའི་རྒྱལ་ཁབ། བར་དུ་བོད་བཙན་པོའི་རྒྱལ་ཁབ་ཅེས་བཙན་པོའི་རྒྱལ་ཁབ་གསུམ་གྱི་གཟི་བྱིན་དང་མཚན་སྙན་རླུང་ལྟར་གྲགས་པའི་འཇིག་རྟེན་ཞིག་བསྐྲུན་ཐུབ་ཡོད། བོད་བཙན་པོའི་རྒྱལ་ཁབ་དུས་ཀྱི་རིག་གནས་ནི་སྔོན་སྲོལ་རྒྱུད་འཛིན་དང་ཕྱི་ནས་ནང་འདྲེན་གཉིས་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་ཡིན་པ་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་ཐོག་མ་སྲོང་བཙན་སྒམ་པོས་བོན་བན་རིས་མེད་ཀྱི་ཆོས་ལུགས་སྤེལ་བ་དང་། ཕྱི་ནང་ཟུང་འབྲེལ་གྱི་རིག་གནས་སྐྱོང་བའི་ལོ་རྒྱུས་ཚད་ལྡན་ལ་བལྟས་པས་ཤེས་ཐུབ་ཅིང་བཙན་པོ་མེས་དབོན་རྣམ་གསུམ་དུ་འབོད་པའི་གཉིས་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་གྱི་མཆོད་གནས་ལྷ་མོ་ཚེ་རིང་མཆེད་ལྔ་དང་། བརྟན་མ་བཅུ་གཉིས། རྗེའི་མགུར་ལྷ་བཅུ་གསུམ་སོགས་སློབ་དཔོན་ཆེན་པོས་བན་དེའི་ཆོས་སྐྱོང་སྲུང་མ་རུ་མངའ་གསོལ་ནས་བསྙེན་སྒྲུབ་ཀྱི་ཆོ་ག་ཕྱག་ལེན་བོན་ལུགས་ལྟར་མཛད་པ་དང་བོད་ཀྱི་ཕོ་མོ་མཛེས་སྡུག་དང་ལྡན་པ་འགའི་བྱད་བཞིན་ལ་དཔེ་མཛད་ནས་སངས་རྒྱས་བྱང་སེམས་ཀྱི་སྐུ་བཞེངས་པ་སོགས་འདས་པའི་ལོ་རྒྱུས་ཀྱི་དོན་ཆེན་མང་པོས་སྐབས་དེར་བོན་བན་གཉིས་སམ་བོད་དང་རྒྱ་གར་གཉིས་ཀྱི་རིག་གནས་ཕན་ཚུན་གདོང་ཐུག་བྱུང་ཡོད་ལ་གཉིས་པོ་ཟུང་འབྲེལ་ཆུ་དང་འོ་མ་འདྲེས་པ་ལྟར་ཆགས་པ་ཡང་ཤེས་པ་རྣལ་དུ་གནས་པའི་དཔྱོད་ལྡན་རྣམས་ཀྱིས་བརྟག་ན་ཤེས་པ་ཡིན། ཐུན་མོང་གཙུག་ལག་རིག་གནས་ཀྱི་ཆ་ནས་བོད་ལ་ཐུན་མོང་གཅིག་གྱུར་གྱི་བརྡ་སྤྲོད་རིག་གཞུང་གསར་པ་གཏན་ལ་ཕབ་པ་དང་། རྒྱ་དཀར་ནག་སྟག་གཟིག་ལི་ཡུལ་སོགས་ཀྱི་མན་ངག་མང་པོས་ཟུར་བརྒྱན་པའི་གསོ་རིག་རིག་གཞུང་སྤུས་ཚད་ཇེ་མཐོར་ཕྱིན་པ། དཀར་ཡོལ་བཟོ་བ། དར་གོས་འཐག་པ། རྒྱ་དཀར་ནག་ལུགས་ཀྱི་བྲིས་འབུར་སྒྱུ་རྩལ་རྩོམ་ཆོས་བརྩམས་པ་སོགས་ལག་རྩལ་དང་མན་ངག་གསར་པ་མང་པོ་ཁ་སྣོན་བྱས་པའི་བཟོ་རིག་པ་གྲ་རྒྱས་པོར་ཕྱིན་པ། ཟློས་གར་དང་སྙན་མགུར། ལོ་རྒྱུས་ཡིག་ཚང་། རྩིས་དང་རོལ་མོ་སོགས་ལ་ཡང་ནང་དོན་གསར་པ་ཅི་རིགས་པས་ཁ་སྣོན་བྱས་ཏེ་ཕུན་སུམ་ཚོགས་པོར་གྱུར་པ། རྒྱ་གར་གྱི་སྒྲ་ཚད་དང་རྩོམ་རིག །རྒྱ་ནག་གི་སྤོ་ཐང་རྩིས་དང་ལུགས་ཀྱི་བསྟན་བཅོས་སོགས་ཀྱང་ལེགས་པར་བསྒྱུར་ནས་ནང་འདྲེན་བྱས་པ་བཅས་ཀྱིས་རིག་གཞུང་སྣ་མང་ལ་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། རིགས་ལམ་ཞིབ་ཚགས་དང་ལྡན་པ་སོགས་ཡར་རྒྱས་བསམ་ཡུལ་ལས་འདས་པ་བྱུང་ཡོད། བོད་བཙན་པོའི་རྒྱལ་ཁབ་དུས་ཀྱི་རིག་གནས་དེ་སྐབས་དེར་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་དང་རྒྱལ་ཁབ་གང་དང་གང་ལ་གོ་བསྡུར་བྱས་ཀྱང་སྔོན་ཐོན་གྱི་ཚད་ལ་སླེབས་པ་ཞིག་ཡིན་ཏེ། བོད་བཙན་པོའི་རྒྱལ་ཁབ་ལ་སུམ་གཉིས་ས་ཡི་བདག་པོ་རུ་བསྟོད་པ་ཡང་དམག་ལ་མཁས་པ་གཅིག་པུ་ལས་བྱུང་བ་མ་ཡིན་པར་རང་ལ་ཆབ་སྲིད་དང་དམག་ཐབས་ཀྱི་སྒྲིག་གཞི་ཁྱད་ཆོས་ཅན་ཡོད་པ་དང་། ཞིང་འབྲོག་ལས་དང་ཚོང་ལས་ཀྱི་དཔལ་འབྱོར་ལས་གཞི་འཐུས་ཚང་བ་ཡོད་ཅིང་། ལྷ་ཆོས་ལུང་རྟོགས་གཉིས་ཀྱི་མཚན་ཉིད་རིག་གཞུང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡོད་ལ། མི་ཆོས་ཡ་རབས་གཞུང་དྲང་གི་ལམ་ལུགས་དང་། སྲིད་པ་ཆགས་པའི་འབེལ་གཏམ། ལུགས་ཀྱི་བསྟན་བཅོས་སྣ་ཚོགས་པ་སོགས་ཕྱོགས་ཡོངས་ནས་སུ་ལའང་གཞན་དྲིང་འཇོག་མི་དགོས་པ་ཞིག་ཡོད་པས་ཀྱང་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།

བོད་སིལ་བུ་འཐོར་བའི་དུས་ཀྱི་རིག་གནས།

བོད་སིལ་བུ་འཐོར་བའི་དུས་ཀྱི་རིག་གནས་ནི་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཡས་མས་ནས་འགོ་བརྩམས་ཏེ་དུས་རབས་ཉི་ཤུ་པའི་སྟོད་ཙམ་ལ་ཐུག་གི་བར་གྱི་དུས་ཡུན་ནང་གི་བོད་ཀྱི་རིག་གནས་སྔར་སྲོལ་རྒྱུད་འཛིན་དང་གསར་པ་ཁ་སྣོན་གྱི་མཛད་པ་ལས་གྲུབ་པའི་རིག་གནས་དག་ཡིན། སྤྱི་ལོའི་དུས་རབས་དགུ་པའི་ནང་བཙན་པོའི་རྒྱལ་ཁབ་ཀྱི་གཅིག་གྱུར་ཆབ་སྲིད་འཇིག་པའི་རྗེས་སུ། མི་ལོ་དྲུག་ཅུ་ཡས་མས་ཤིག་གི་ནང་དུ་བཙན་པོའི་བུ་གཉིས་རྒྱལ་སྲིད་ལ་མ་འཆམ་པ་དང་འབངས་གྱེན་ལོག་སོགས་བོད་ཁུལ་ནང་འཁྲུགས་ཀྱི་ཟིང་ཆ་ཆེན་པོ་ལངས་པའི་ཁྲོད་ནས་བོད་ཀྱི་རིག་གནས་ལ་གཏོར་བཤིག་ཚབ་ཆེན་པོ་ཐེབས་ཡོད་དེ། དེའི་སྐོར་གྱི་གནས་ཚུལ་མང་པོ་བོད་ཀྱི་ཆོས་འབྱུང་དང་དེབ་ཐེར་མང་པོའི་ནང་དུ་སྐབས་དེར་བསྟན་པ་ཉམས་པའི་གནས་ཚུལ་འཁོད་པ་ལས་ཀྱང་རྟོགས་ཐུབ་པ་ཡིན། སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཡས་མས་སུ་བོད་ཁུལ་གྱི་ཟིང་འཁྲུག་ཐམས་ཅད་ཞི་ནས་མི་རྣམས་སོས་དལ་གུ་ཡངས་ཀྱི་སྤྱི་ཚོགས་ཁོར་ཡུག་ནང་དུ་སོ་ནམ་དཔལ་འབྱོར་སྒྲུབ་པ་དང་ཅི་འདོད་ཀྱི་འཚོ་བར་རོལ་བའི་དུས་ཤིག་ཤར་བ་ལས། བསམ་པའི་བདེ་སྐྱིད་དོན་གཉེར་ལ་མེད་དུ་མི་རུང་བའི་ཆོས་དང་རིག་གནས་ཀྱི་དགོས་མཁོ་ལྷགས་ཏེ་བསྟན་པ་ཕྱི་དར་འགོ་ཚུགས་པ་ཡིན། བསྟན་པ་ཕྱི་དར་ཞེས་བྱ་བ་སངས་རྒྱས་ཆོས་ལུགས་ཡང་སྐྱར་དར་རྒྱས་བཏང་བའི་ལས་ཀ་ཙམ་མ་ཡིན་པར་ལྷ་ཆོས་མི་ཆོས་གཉིས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་སྒོ་ཀུན་ནས་དར་རྒྱས་གཏོང་བའི་དབུ་ཚུགས་པ་ཡིན་པ་ཤེས་དགོས།

བོད་སིལ་བུར་འཐོར་བའི་སྐབས་ཀྱི་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་རིག་གནས་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་ཀྱི་རྣམ་བཞག་མཛད། བཟོ་གསོ་སྒྲ་ཚད་ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་ལ་བྱང་ཆུབ་པ་བསླབས་ནས་མཁས་པར་གྱུར་པ་ལ་པཎྜི་ཏ་ཡི་མཚན་ཐོབ་སྩལ་བའི་ལམ་ལུགས་གཏན་ལ་ཕབ། དེས་བོད་ཀྱི་རིག་གནས་འདི་ཉིད་རིན་ཚན་དབྱེ་བའི་རྣམ་བཞག་དང་སློབ་སྦྱོང་གི་གོ་རིམ་དང་ཐོབ་ཐང་སོགས་ལམ་ལུགས་ཆ་ཚང་བ་ཡོད་པའི་ལམ་བཟང་པོ་ཞིག་བསྐྲུན་ནས། བོད་མི་རིགས་ཀྱི་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རིག་གཞུང་གི་ཚན་ཁག་དང་སློབ་སྦྱོང་གི་ལམ་ལུགས་ངེས་ཅན་ཞིག་ཡོད་པར་བྱས་ཡོད་ལ། བོད་ཀྱི་བཅུ་ཕྲག་རིག་གནས་ཞེས་བྱ་བའི་མཚན་སྙན་གྱི་འབྲུག་སྒྲ་འཛམ་གླིང་ཐ་གྲུ་ཡངས་པའི་ཁྱོན་ལ་ལྡིར་བའི་སྒོ་ཕྱེས་པ་ཡིན།

མཇུག་གི་དོན་བསྡུ་བ།

འདས་པའི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་པའི་ཚེ། བོད་རིགས་འདི་ལོ་རྒྱུས་རྒྱུན་རིང་ལ་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཏུ་གྱུར་བ་ཡང་ཆུ་འགོ་ལ་གངས་མེད་པ་ལྟ་བུ་མ་ཡིན་པར་གངས་ཏི་སེའི་རྩ་ནས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཆད་མེད་དུ་འབབ་པ་དང་བཞུར་རྒྱུན་ཇེ་ཆེར་ཕྱིན་པ་ཇི་བཞིན། བོད་ཀྱི་རིག་གནས་འདི་ཡང་ཡ་ཐོག་གདོད་མའི་རིག་གནས་ཀྱི་ཉི་ཟེར་འཕྲོས་ནས་རིག་པའི་དཔལ་ཡོན་ཀྱི་སྲིད་པའི་གངས་རྒན་ཞུ། རྒྱལ་ཕྲན་སིམ་མའི་དུས་ཀྱི་རིག་གནས་ཡར་རྒྱས་གསར་པའི་ཁ་འབབ་ཀྱི་བཞུར་རྒྱུན་འཇོ། བོད་བཙན་པོའི་རྒྱལ་ཁབ་དུས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོའི་ཆུ་ཆེན་གྱི་རྦ་རླབས་གཡོས། བོད་སིལ་བུ་འཐོར་བའི་དུས་ཀྱི་རིག་གནས་དར་རྒྱས་གསར་པའི་གངས་ཆབ་སྔོན་མོའི་ཟེགས་མ་ཕྱོགས་ཀུན་ཏུ་འཐོར་བ་ནི་དངོས་སྟོབས་རིགས་པས་དཔྱད་བཟོད་དུ་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དངོས་པོ་དང་འཇིག་རྟེན་འདིའི་ཐོག་བྱུང་ཟིན་པའི་གནས་ཚུལ་རྣལ་མ་ཞིག་ཡིན་པ་ཡིག་ཆ་རྙིང་པ་དང་། གནའ་ཤུལ་གནའ་རྫས། སྐད་ཡིག་ཡུལ་སྲོལ། ཉེ་འཁོར་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ཟིན་ཐོ་དང་ངག་རྒྱུན་བར་མ་ཆད་པ་སོགས་ཁུངས་ལུང་མང་པོས་སྒྲུབ་ཐུབ་པ་ཞིག་ཡིན་གྱི། རང་གི་རིགས་ལ་དགའ་ཞེན་ཆེན་པོ་ཡོད་པའི་དབང་གིས་ཨུ་ཚུགས་རྐྱང་པས་དེ་ལྟར་སྒྲུབ་པ་མིན། དེ་བཞིན་དུ་ཡ་ཐོག་གདོད་མའི་དུས་ཀྱི་རིག་གནས་དང་། རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས། བོད་བཙན་པོའི་རྒྱལ་ཁབ་དུས་ཀྱི་རིག་གནས། བོད་སིལ་བུ་འཐོར་བའི་དུས་ཀྱི་རིག་གནས་བཅས་བོད་ཀྱི་རིག་གནས་བྱུང་འཕེལ་གྱི་རིམ་པ་ལ་ལོ་རྒྱུས་དུས་རིམ་ཆེན་པོ་བཞི་རུ་དབྱེ་བ་ཡང་འདས་པའི་དུས་སུ་བོད་ཀྱི་ཡུལ་དུས་ཁོར་ཡུག་མི་ཡི་འདུ་ཤེས་དང་བཅས་པ་ལ་འགྱུར་བ་བྱུང་བའི་དབང་གིས་དུས་ཀྱི་རིམ་པ་མི་འདྲ་བཞི་དང་རིག་གནས་ཀྱི་ནང་དོན་དང་ཁྱད་ཆོས་མི་འདྲ་བ་བཞིར་ཆགས་པའི་གནས་ཚུལ་དངོས་ལ་བསམ་ནས་དབྱེ་འབྱེད་རགས་ཙམ་གྱི་རྣམ་བཞག་བྱས་པ་ཡིན།