ང་དཔེ་ཆ་ཀློག་རྒྱུར་དགའ་དོན།

34/545

 

དྲི་གཞི་འདི་གལ་སྲིད་རྩོམ་འབྲིར་ལས་ཕྱོགས་ཡོད་པའི་མི་ཞིག་ལ་འདྲི་སྐབས། ང་ཚོའི་དྲན་ངོས་སུ་ཐོག་མར་འཆར་བ་ནི“ང་དཔེ་ཆ་ཀློག་རྒྱུར་དགའ་དོན་ནི་རྩོམ་འབྲི་ལ་མོས་ཕྱིར་ཡིན”ཞེས་ལན་འདེབས་སྲིད་པ་དེ་ཡིན།

འོན་ཀྱང་།དོན་དངོས་སུ་དཔེ་ཀློག་བྱེད་པ་དེ་རྩོམ་འབྲི་བའི་ཆེད་དུ་ཡིན་ཟེར་བའི་མི་དེ་དག་ནི“འཕྲིན་སྐྱེལ་བ”ཞིག་གམ། ཡང་ན་མཇུག་མའི་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན་པ་ལས། མིང་དོན་མཚུངས་པའི་ཚད་ལྡན་གྱི་རྩོམ་པ་པོ་ཞིག་མིན་པ་ཐག་ཆོད་ཡིན། གལ་ཏེ་ཁོའི་སྔོན་ལ་རྩོམ་པ་པོ་གཞན་ཞིག་མེད་ཚེ་རྩོམ་པ་པོ་འདི་ཉིད་ཡོད་མི་སྲིད་ཅིང་། གལ་ཏེ་ཁོའི་སྔོན་ལ་ག་གེ་མོ་ཞིག་བཤད་མྱོང་བའི་མི་ཞིག་མེད་ཚེ་ཁོས་ཀྱང་དངོས་པོ་ག་གེ་མོ་ཞིག་བཤད་དེ་ཀློག་མཁན་ལ་ཉན་དུ་འཇུག་མི་ཐུབ་པ་ཡིན།

མིན། ངས་ག་གེ་མོ་ཞིག་འབྲི་ཆེད་ད་གཟོད་དཔེ་ཀློག་བྱེད་པ་གཏན་ནས་མིན་ལ་ཚོད་དཔག་ཁྲོད་ཀྱི་ལོ་ཚོད་མང་དུ་འཕར་ཆེད་དེ་བས་ཀྱང་མིན།ང་དཔེ་ཆ་ཀློག་པར་དགའ་བའི་རྒྱུ་མཚན་འབའ་ཞིག་ནི་འཇིག་རྟེན་འདིར་ང་ལ་ཚེ་སྲོག་གཅིག་ཁོ་ན་ཡོད། ཚེ་སྲོག་གཅིག་གིས་ང་ལ་མཚོན་ནས་བཤད་ན་མི་འདང་། ཚེ་སྲོག་གཅིག་གིས་ངའི་སེམས་ཁོངས་ཀྱི་ཡོད་ཚད་སྐུལ་སྤེལ་བྱེད་མི་ཐུབ།

དཔེ་ཀློག གཞན་པ་ཅི་ཡང་མིན། ང་ལ་མི་ཡི་ཚེ་སྲོག་ལ་བལྟས་ན་ལྷག་ཏུ་མང་བའི་ཚེ་སྲོག་ཅིག་སྟེར་ཐུབ་པ་དེ་ཡིན། རྒྱུ་མཚན་དེས་ཚེ་སྲོག་གི་ཟབ་སར་ཚེ་སྲོག་འཕར་དུ་བཅུག་ཀྱང་ཚེ་ཚད་དེ་ཉིད་ཇེ་རིང་དུ་གཏོང་མི་ཐུབ་པ་ཡིན།

ཁྱོད་ཀྱི་བསམ་བློ་ནི་བསམ་བློ་ཞིག་ཡིན།

ཁྱོད་ཀྱི་ཚོར་བ་ནི་ཚོར་བ་ཞིག་ཡིན།

ཁྱོད་ཀྱི་འཆར་སྒོ་ནི་འཆར་སྒོ་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་རང་གི་བསམ་པའི་འཆར་སྒོ་ཚོད་འཛིན་བྱས་པའི་དབང་དུ་བཏང་ན་གང་འདྲར་བྱེད་སྲིད་དམ།

ཡིན་ནའང་། གལ་སྲིད་ཁྱོད་ཀྱིས་རང་གི་བསམ་བློ་དེ་བསམ་བློ་གཞན་པ་ཞིག་དང་ལྷན་སྦྱོར་བྱེད་པ་ལ་བརྟེན་པའམ།ཡང་ན་རང་གི་ཚོར་བ་དེ་ཚོར་བ་གཞན་པ་ཞིག་དང་ལྷན་སྦྱོར་བྱེད་པར་བརྟེན་ན་ཚད་འདིར་མི་ལྷུངས་ཏེ། ཁྱོད་ཀྱི་བསམ་བློ་ནི་བསམ་བློ་གཉིས་སུ་འགྱུར་བ་དང་ཁྱོད་ཀྱི་ཚོར་བ་ནི་ཚོར་བ་གཉིས་སུ་འགྱུར་བ། ཁྱོད་ཀྱི་འཆར་སྒོ་ནི་འཆར་སྒོ་གཉིས་སུ་འགྱུར་བ་ཡིན།

དེ་འདྲ་ཁོ་ན་ཙམ་མ་ཡིན། ལྷན་སྦྱོར་འདིའི་དབང་གིས་ཁྱོད་ཀྱི་བསམ་བློ་དེ་ལྡབ་འགྱུར་གྱིས་ཤེད་ཚོད་ལྡན་པ། ཟབ་ཚད་ལྡན་པ། ཞེང་ཚོད་ལྡན་པའི་བསམ་བློར་གྱུར་ཡོད།

བསམ་བློ་ཞིག་ནི་དབྱེ་བར་བྱས་པའི་ཆུ་ཕྲན་ཞིག་ཡིན།

འོན་ཀྱང་གཅིག་ཏུ་ལྷན་སྦྱོར་བྱས་པའི་བསམ་བློ་མང་པོ་ནི་ཕུ་ཆུ་ཡོད་ཚད་མཉམ་དུ་འདྲིལ་བའི་རྒྱ་མཚོ་ཡིན། འདི་གཉིས་ཀྱི་ཁྱད་པར་ནི་དངོས་གནས་ཕ་མཐའ་བྲལ་བའི་གནམ་གྱི་མུ་མཐའ་འམ་ལོང་ལོང་འཕྱུར་བའི་རྒྱ་མཚོའི་རྦ་རླབས་ཉིད་དང་། གུ་དོག་པའི་ཆུ་རགས་དང་ཚད་མེད་པའི་རྦ་རླབས་གཉིས་བར་གྱི་ཁྱད་པར་དང་འདྲ།

དྲི་གཞི་མང་པོ་ཞིག་རྩོམ་ལུས་དང་ཁ་བྱང་སྟེང་མི་མཐུན་པ་ཡིན་ཤས་ཆེ་ཡང་ཁྱོད་ཀྱིས་འདིའི་འབྱུང་གཞིའི་སྟེང་འདང་རྒྱབ་ཚེ་ཆེས་རྒྱང་རིང་བ་དེ་ཡང་ཆེས་ཉེ་བར་འདྲ་སྲིད།

དཔེར་ན། སྲིན་འབུ་ཡི་རང་གཤིས་དང་ནང་བསྟན་མཚན་ཉིད་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།

ནང་བསྟན་མཚན་ཉིད་དང་དུངས་བརྗོད་སྙན་ངག ཟུར་ཟའི་སྙན་ངག་བཅས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།

སྙན་ངག་འདི་དང་སྙན་ངག་གཞན་ཞིག བསྐྱར་གསོའི་ལོ་རྒྱུས་ཚན་པ་ཞིག གསར་བརྗེའི་ལས་འགུལ་བཅས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།

མི་ཞིག་གི་མི་ཚེ་ཧྲིལ་བོ་དང་མི་རིགས་ཤིག་གི་ལོ་རྒྱུས་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།

ཕྱི་ངོས་ནས་བལྟས་ན་དོན་དག་མང་པོ་ཞིག་རྩ་བ་ནས་མི་མཐུན་པ་འབྱུང་སྲིད།

ཡིན་ནའང་དོན་དངོས་སུ་ཁོ་ཚོ་ཚང་མ་ནི་ཚེ་སྲོག་གི་དངོས་ཁམས་རིགས་ཤིག་ཡིན། ཡོད་ཚད་ཆུ་མིག་གཅིག་གི་ནང་བཞུར་ཡོང་བའི་ཆུ་ཕྲན་ཡིན་ལ་སྔར་བཞིན་གནས་དེར་ལོག་སྲིད།

སྲིན་འབུ་ཡི་རང་གཤིས་ནི་ཚེ་སྲོག་ཐོག་མའི་ཞིབ་འཇུག་ཅིག་ཡིན།

ནང་བསྟན་མཚན་ཉིད་ནི་ཚེ་སྲོག་ཡུན་བརྟན་གྱི་ཞིབ་འཇུག་ཅིག་ཡིན།

དུངས་བརྗོད་སྙན་ངག་གམ་ཟུར་ཟའི་སྙན་ངག་ནི་མི་ཞིག་གི་ཚེ་སྲོག་གི་བརྩེ་དུངས་དང་འཁོན་ལན་བསློགས་དུས་ཀྱི་འབར་ཟིན་པའི་སོལ་བ་དུམ་བུ་གཉིས་ཡིན། མི་རིགས་ཀྱི་བསྐྱར་གསོའམ་གསར་བརྗེ་ནི་མི་ཁྲི་སྟོང་མང་བོའི་སེམས་ཁོངས་ཀྱི་ཚེ་སྲོག་རྦ་རླབས་ཀྱི་དྲག་འཕྱུར་རྔམ་བརྗིད་ཡིན། རླབས་ཆེ་བའི་མི་ཞིག་གི་མི་ཚེ་ཧྲིལ་བོ་ནི་ཚེ་སྲོག་ཅིག་གིས་ཚེ་སྲོག་གཞན་པ་ཞིག་ལ་འགྲེམ་སྟོན་བྱེད་པ་ཡིན།

འདི་དག་ཡོད་ཚད་རྒྱ་མཚོ་ཆེན་པོ་གཅིག་གི་ནང་དུ་ལྷན་སྦྱོར་བྱེད་ཅིང་ཁོ་ཚོས་ང་ཚོ་ཁྲིད་དེ་མཐའ་ཡས་པའི་རྒྱ་མཚོའི་ཀློང་དུ་འགྲོ་སྲིད།

ངས་དཔེ་ཀློག་བྱེད་སྐབས་རང་ཉིད་ཀྱིས་འདི་དག་ཡོད་ཚད་འཚོལ་སྙེག་བྱེད་པ་མ་ཤེས་པར་མ་ཟད། དགའ་ཕྱོགས་འདི་ནི་རེ་སྙེག་འདི་ལས་བྱུང་བ་ཡིན་པའང་མ་ཤེས།

འོན་ཀྱང་ང་དཔེ་ཀློག་བྱེད་པར་དགའ་བ་ཡིན། ངས་ང་ཚོས་ཀློག་ཟིན་པའི་དངོས་པོའི་ཁྲོད་ཡོངས་ཁྱབ་ཀྱི་འབྲེལ་བ་འདི་གསར་རྟོགས་བྱུང་བ་ཡིན། འབྲེལ་བ་འདིའི་དབང་གིས་ཕྱེ་མ་ལེབ་ལ་འབྲེལ་བའིི་དཔེ་ཆ་ཞིག་ཀློག་པ་དང་མྰེ་ཨ་ལིས་སམ་ཤིག་སེ་པེར་ལ་འབྲེལ་བ་ཡོད་པའི་དཔེ་ཆ་ཞིག་ཀློག་པ་གཉིས་ནི་ཕན་ཚུན་ཉེ་བོ་ཡོད་པ་ཡིན།

ང་དཔེ་ཆ་ལ་མི་དགའ། རྒྱུ་མཚན་ང་ནིི་འཚོ་བའི་ཁྲོད་ཀྱི་རི་ཁྲོད་པ་ཞིག་ཡིན།

ཡིན་ནའང་ང་ཡང་དཔེ་ཆ་ལ་དགའ། རྒྱུ་མཚན་ཚེ་སྲོག་གཅིག་གིས་ང་ལ་མཚོན་ནས་བཤད་ན་མི་འདང་། མི་ཞིག་གིས་ཟ་མ་ཟས་ན་ཆོག་ཀྱང་ཁོས་ཕོ་བའི་ནང་ཤོང་ཚོད་ཙམ་ལས་མང་ཙམ་ཟ་མི་ཐུབ། མི་ཞིག་གིས་གྱོན་ཆས་གྱོན་ན་ཆོག་ཀྱང་ཁོས་ལུས་པོར་ཐུམ་ཚོད་ཙམ་ལས་མང་ཙམ་གོན་མི་ཐུབ། མི་ཞིག་བགྲོད་ན་ཆོག་ཀྱང་ཁོས་རྐང་བ་གཉིས་ཀ་མཉམ་དུ་གནས་གཉིས་སུ་སྤོ་མི་ཐུབ་པ་ཡིན། ཡིན་ཀྱང་ཁོའི་བསམ་བློ་དང་ཞེན་ཆགས། འཆར་སྒོ་བཅས་མང་དུ་འཕེལ་དུས་ཁོས་ཚེ་སྲོག་མང་པོ་ལུས་སྟེང་དུ་བསྡུས་ཏེ་ལྡབ་འཕར་གྱིས་རང་ཉིད་ཀྱི་བསམ་བློ་དང་ཞེན་ཆགས། འཆར་སྒོ་བཅས་རྒྱ་ཆེ་རུ་གཏོང་ཐུབ་པ་ཡིན་ཞིང་། ཕན་ཚུན་བརྗེ་རེས་བྱས་པའི་བརྩེ་དུངས་ཀྱི་ལྡབ་འཕར་དེ་རིགས་དང་ཧ་ཅང་འདྲ་བོ་ཡོད་པར་མ་ཟད། མེ་ལོང་གཉིས་ཁ་གཏད་དུ་གནས་ནས་བྱུང་བའི་བརྙན་རིས་བརྩེགས་མ་དེ་ལྟར་འཛད་མེད་རིམ་བྱུང་ཡིན་ནོ།།

ཨྰ་པ་ཟི•མ་ཧྰ་མོ་ཏིག•ཨ་ཡིས་བརྩམས།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།