ང་དང་ཕ་ཡུལ་གྱི་སློབ་གསོ། དགེ་མཆོག

33/545

ང་དང་ཕ་ཡུལ་གྱི་སློབ་གསོ།
དགེ་མཆོག


༡ རང་གི་བརྒྱུད་རིམ་གྱི་ངོས་ནས་བཤད་ན།

ཞོགས་པ་དེར་ཕ་དམ་པས་ང་ཡུལ་ཕྱོགས་དེར་བཞུགས་པའི་བླ་མའི་མདུན་ལ་འགྲོ་དགོས་རེད་ཟེར་ཏེ་ཁ་བཏགས་སོགས་སྟ་གོན་བྱས་ནས་ང་འཁྲིད་རྩིས་བྱས། དེ་ནི་ངའི་ཕ་ཡུལ་གྱི་བུ་ཕྲུག་གཞན་ལྟར་ང་ལ་ཡི་གེ་ཀློག་ཚུལ་ཞིག་སྦྱང་དུ་བཅུག་འདོད་པས་རེད། ཕ་དམ་པས་ནམ་རྒྱུན་ང་བླ་མ་དེའི་མདུན་ལ་ཁྲིད་དེ་ཡི་གེ་སློབ་རོགས་ཞུ་དགོས་ཞེས་པ་དེ་རྒྱུན་དུ་ཐོས་རྐྱེན་ངའི་སེམས་ལ་དེ་རིང་ང་ཡི་གེ་སློབ་རོགས་ཞུ་ལ་འཁྲིད་པ་ཡིན་ནམ་སྙམ་པའི་སེམས་ལ་དོགས་གཞི་ཞིག་སྐྱེ་ཞོར་ང་འགྲོ་གི་མིན་ཞེས་བཤད། རྒྱུ་མཚན་ནི་ནམ་རྒྱུན་ཡི་གེ་སྦྱོང་མཁན་གྱི་ཕྲུ་གུ་དག་དགེ་རྒན་གྱིས་རྡུང་གི་ཡོད་ཚུལ་ཐོས་མྱོང་རྐྱེན་ང་ཡི་གེ་སྦྱང་དུ་སོང་ན་དགེ་རྒན་གྱིས་རྡུང་གི་རེད་བསམས་ནས་ཞེད་ཀྱིན་ཡོད་པས་རེད། ཕ་དམ་པས་བླ་མ་མཇལ་བ་ལས་གཞན་གང་ཡང་ཞུ་རྩིས་མེད་ཅེས་གསུངས་སོང་བས་ངའི་སེམས་ཀྱི་དོགས་པ་དེ་མུར་ཞི་ནས་ངས་ཀྱང་བླ་མ་མཇལ་དུ་འགྲོ་རྒྱུ་ཁས་བླངས།
དེ་ནས་ང་དང་ངའི་གཅེན་པོ་གྲྭ་པ་གཞན་ཞིག་དང་བཅས་ངེད་གསུམ་བླ་མའི་མདུན་ལ་སོང་། བླ་མའི་མདུན་དུ་བསླེབས་པ་དང་ཕ་དམ་པས་དེ་རིང་ཚེས་བཟང་སྐར་བཟང་ལ་ཁྱེད་ཀྱིས་ངའི་བུ་འདི་ལ་དབྱངས་གསལ་གྱི་ཀློག་ཚུལ་ཞིག་བསླབ་རོགས་དགོས་འདུག་ཅེས་ཞུས་སོང་བས་ང་ནི་སྐྲག་པ་ལ་ཚོད་ཅིག་མ་བྱུང་ཡང་བླ་མའི་མདུན་ནས་ཕྱིར་ནུད་བྱ་མ་ནུས་པར་ལུས། བླ་མས་འཛུམ་མདངས་དང་བཅས་ངས་ཡར་ཕུལ་བའི་ཁ་བཏགས་དེ་ངའི་མགོ་ལ་མར་གཡོག་ཞོར་དུ་ངའི་ཁ་ནང་ལ་ཞལ་ཕུ་ཞིག་བཏབ་བྱུང་། ཞལ་ཕུ་འདེབས་རྐྱེན་ནི་ང་ཚོའི་ཕ་ཡུལ་དུ་ཡིག་རྩལ་(ཡི་གེ་མགྱོག་པོར་ཀློག་ཐུབ་མིན)སུ་བཟང་ཞེས་པའི་བཤད་སྲོལ་ཞིག་ཡོད་པས་ང་ཡིག་རྩལ་བཟང་པོ་ཡོང་བའི་ཆེད་དུ་རེད་ཟེར་ན་ཆོག
དེ་ནས་བླ་མས་ཤོག་ཁ་ལིའི་ནང་ནས་བླ་མ་རང་ཉིད་ཀྱིས་བྲིས་གནང་བའི་དབྱངས་གསལ་སོ་བཞི་ཡོད་པའི་ལྡེབ་མ་སེར་པོ་ཞིག་དང་ལྷན་བྲིས་ཐུར་ཞིག་བཏོན་ཏེ་ཡི་གེ་འབྲུ་རེ་རེ་བཞིན་བྲིས་ཐུར་གྱི་མཆུ་ཡིས་བསྟན་དེ་ང་ལ་ཡི་གེ་བསླབ་འགོ་བརྩམས། བླ་མས་ཚིག་རེ་ཀློག་དུས་ང་ལ་ཚིག་རེ་ཀློག་བཅུག་སྟེ་དེ་ལྟར་དབྱངས་གསལ་སོ་བཞི་བསྟུད་མར་ཚར་གསུམ་གྱི་བར་དུ་བསླབ་གནང་བྱུང་། ཡི་གེ་བསླབས་ཚར་བ་དང་ངའི་སེམས་ལ་དགའ་སྣང་ཆེན་པོ་ཞིག་རང་བཞིན་གྱིས་སྐྱེས། དེ་ནི་ངས་ཡི་གེ་སྦྱང་ན་ཤེས་ས་རེད་སྙམ་པའི་སེམས་ལ་སྤོབས་པ་ཞིག་བརྟས་པས་ཡིན་ངེས་ཤིང་། ཡང་ན་ཡི་གེ་སློབ་མཁན་གྱིས་རྡུང་གི་རེད་ཟེར་བའི་ཞེད་སྣང་གི་དོགས་འཚེར་དེ་ཡང་ཡོངས་སུ་བསལ་བས་ཡིན་པ་འདྲ།
དུས་དེ་ནས་བཟུང་ང་ཡི་གེ་སྦྱང་དུ་འགྲོ་དགོས་རེད་ཟེར་ན་མི་འགྲོ་བསམ་པའི་བསམ་པ་སྐྱེ་མ་མྱོང་ཞིང་། སྒེར་གྱི་དགེ་རྒན་གྱི་ཟུར་དང་གཞུང་གི་སློབ་གྲྭ་གང་དུ་སོང་ཡང་དགེ་རྒན་གྱིས་གང་བསླབ་ཤེས་པ་དང་གང་གསུང་སྒྲུབ་པའི་ཕྲུ་གུ་ཞིག་བྱས་ཏེ་གཡས་གཡོན་གྱི་ཕྲུ་གུ་དག་གིས་ཇི་ལྟར་རྡུང་ཁ་རག་ནའང་དགེ་རྒན་སུ་འདྲ་ཞིག་ཡིན་རུང་ང་ལ་ནི་ཐུར་མ་ཆུང་ཆུང་ཙམ་ཡང་མགོ་ལ་ཞུས་ཡོང་བ་དྲན་མྱོང་མི་འདུག

༢ ཁྱིམ་ཚང་སློབ་གསོའི་ངོས་ནས་བཤད་ན།

རེད་དེ་ངའི་མི་ཚེའི་ནང་ཆེས་བློ་ཕམ་དགོས་པ་ཞིག་ཡོད་པ་ནི་ཆུང་དུས་སུ་རང་ཉིད་ཀྱིས་སྦྱང་བསམ་པ་གང་ཞིག་ཕ་མས་མོས་མཐུན་མ་གནང་བར་ལུས་སོང་བ་དེ་རེད། ང་ལོ་བཅུ་གཅིག་ཙམ་ཡིན་པའི་སྐབས་འོད་དུ་འཚེར་བའི་ཕུགས་འདུན་ཞིག་ངའི་བསམ་པའི་ཞིང་ས་རུ་འཁྲུངས་མྱོང་། དེ་ནི་ང་ནི་ལྷ་རྗེ་ཞིག་བྱ་དགོས་སྙམ་པ་དེ་ཡིན། ངས་ཕུགས་འདུན་དེ་འདྲ་ཡོད་ཚུལ་ཉེ་སྐོར་གྱི་གྲྭ་པ་ཞིག་ལ་ལབ་རྐྱེན་དེས་ང་ལ་གསོ་རིག་གི་རྩ་ཆུའི་མདོ་ཡི་དཔེ་ཆ་ཞིག་གནང་སྟེ་གསོ་རིག་སྦྱང་བསམ་ན་དེ་སྔོན་ལ་བློ་རུ་འཛིན་ཐུབ་པ་དགོས་རེད་གསུངས། དེ་ནས་བཟུང་ངས་ཡི་གེ་སྦྱོང་བའི་ཞོར་དུ་ནང་དགོང་གི་དུས་ལ་ཁ་ཁར་ཡི་གེ་དེ་བློ་ལ་བཟུང་པ་ཡིན། ཁྱིམ་དུ་ལོག་ཞོར་ཞིག་ལ་དེའི་སྐོར་ཕ་མ་ལ་ཞུས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ་ཕ་མས་ཁྱོད་ཀྱིས་གསོ་རིག་སྦྱང་ན་ཆ་རྐྱེན་སོགས་གང་ཅིའི་ཐད་ནས་འཇོན་གྱི་མ་རེད་གསུངས་ཏེ་མཐའ་གཅིག་ཏུ་ངོ་རྒོལ་བྱས་སོང་།
དེ་ནི་ང་ཙམ་མ་ཟད་ངའི་ཡུལ་ལུང་གི་བུ་ཕྲུག་སྤྱིའི་མགོ་ཐོག་ཏུ་འབབ་པའི་ཁ་བ་ཞིག་རེད་ཟེར་ན་ཆོག །ཁ་བ་དེ་ནི་བབས་ཚར་ན་ཞུ་རྒྱུ་མེད་པའི་ཁ་བ་ཞིག་རེད། དེའི་འོག་ཏུ་ཚུད་པ་དག་ནམ་ཡང་ཡར་ལང་མི་ཐུབ་ཅིང་། བརྒྱ་ལ་ལང་བར་གྱུར་ནའང་ཁ་བ་དེའི་འོག་ཏུ་ཚུད་མ་མྱོང་བ་དང་ལར་ནས་བསྡུར་ཐབས་མེད་པ་རུ་གྱུར་ཟིན་ཡོད། འདི་ནི་ཁྱིམ་ཚང་སློབ་གསོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་དང་སློབ་གསོ་དེའི་ཕམ་ཁ་ཞིག་ཀྱང་ཡིན། འབྲོག་པ་ཡིན་ན་ཟོག་ལུག་གི་རྗེས་སྙེག་པ་དང་ཞིང་པ་ཡིན་ན་ཞིང་ལ་ལྟ་གཡོག་བྱ་བ་ཙམ་ལས་དེའི་ཕར་ཟུར་ན་ཁ་ཁ་ཞིག་ལ་བརྩོན་པ་བྱ་རེ་མེད་པར་འདོད་པ་ནི་ད་བར་མི་རིགས་འདི་གཞན་དང་ལྷན་དུ་རྐང་པ་བཙུགས་ཐུབ་མེད་པའི་རྒྱུ་རྐྱེན་དངོས་དེ་ལ་འདོད་ཡོད། དུས་རབས་འདིར་མི་གྲལ་ནས་རྐང་མགོ་འཇོག་བསམ་མཁན་ཞིག་ཡིན་ན་རིག་གནས་སློབ་གསོ་ཡང་དག་པ་ཞིག་མ་མྱངས་ན་མི་འགྲིགས་པར་གྱུར་ཡོད་ལ། ཐ་ན་དཔལ་འབྱོར་འཚོལ་སྒྲུབ་བྱ་བ་ལའང་རིག་གནས་དགོས། དེ་ཡང་“དམངས་འཚོ་ལེགས་བཅོས་ནི་སློབ་གསོ་ལེགས་བཅོ་ནས་མགོ་འཛུགས་དགོས་”ཞེས་པ་ནི་ཆེས་དོན་གནད་དུ་ཁེལ་བའི་སྡོམ་ཚིག་ཅིག་ཅི་ལ་མིན།

༣ གཅར་རྡུང་བྱེད་སྟངས་ཀྱི་ངོས་ནས་བཤད་ན།

དེའང་ཁོ་བོ་ཅག་གི་སློབ་གསོའི་མན་ངག་སྟེ། “གོ་བ་མེད་པའི་གླང་རྒན་ལ།། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན།།” ཞེས་པའི་སློབ་གསོའི་རྒྱབ་རྟེན་གང་ཞིག་ལ་གཞི་བཅོལ། བྱིས་པ་ཞིག་ཡིན་ནས་བཟུང་ཉན་སྣོད་དང་གོ་སྣོད་མེད་པའི་བསམ་མེད་ཅིག་ལ་ངོས་བཟུང་སྟེ་དེ་ལ་དབྱུག་པ་ཁོ་ནས་འདུལ་སྦྱོང་བྱ་དགོས་པར་འདོད་ཀྱིན་ཡོད། དངོས་གནས་བཤད་ན་བྱིས་པ་ནི་སུ་ལས་ཀྱང་སྤྱང་ཞིང་གང་ལས་ཀྱང་གྲུང་བས་ན། ཐ་ན་གཏམ་ཡག་ཉེས་ཙམ་ཡང་མི་ཚེ་གང་ལ་ཉར་ནུས་པའི་དྲན་ཤེས་ཅན་ཞིག་ཡིན། དེའི་དུས་བྱིས་པ་ལ་གཅར་རྡུང་སྤྲད་པ་དང་མིག་དཔེ་ངན་པ་སྟོན་པ་དང་གཏམ་ངན་བརྗོད་པ་དག་གིས་ནི་བྱིས་པའི་ཚེ་གང་ལ་བག་ཆགས་ངན་པ་འཇོག་པ་ཡིན་ཞེས་འཛམ་གླིང་གི་སློབ་གསོ་སྨྲ་བ་ཡོངས་ཀྱིས་རྗོད་ཀྱིན་པ་དེ་རེད་ལ། ང་ཚོས་ཉམས་མྱོང་གིས་ཀྱང་ཅི་རིགས་ཤེས་པའི་ཚོད་དུ་ཐོན་ཡོད།
གོང་གི་པར་རིས་འདི་མཐོང་དུས་ཡི་གེ་འབྲུ་རེའི་དོན་དུ་ཡོ་གེ་(དབྱུག་པ)གྲངས་མེད་རག་པའི་ངའི་ཕ་ཡུལ་གྱི་བྱིས་པ་སྣབས་ལུག་དེ་དག་དྲན་འོང་བ་ལ་རང་དབང་མ་བྱུང་ཞིང་། པར་ནང་གི་ཕྲུ་གུ་འདིའི་གདོང་གི་རྣམ་འགྱུར་ནས་ཁོའི་མིག་མཐའ་ནས་མཆི་མ་སྔོ་རིལ་རིལ་དུ་འདྲིལ་གྱིན་ཡོད་པ་ཤེས་ཐུབ་ལ། ངག་འདར་འདར་དུ་ཡི་གེ་འབྲུ་རེའང་ཁ་ནས་དོན་ལ་མ་དོན་པར་ཀློག་གིན་ཡོད་པ་ཤེས་ནུས། ད་དུང་ཕྲུ་གུ་དེའི་རྒྱབ་ཕྱོགས་ཤིག་ན་དགེ་རྒན་གདོང་ནག་པོ་ཅན་དབུགས་ཀྱི་ངར་སྒྲ་བརྩེགས་ཤིང་ལག་ན་ཡོ་གེ་ཐོག་པ་ཞིག་ཀྱང་ཡོད་པ་དཔོག་ཐུབ།
དེ་དང་དེ་འདྲ་བའི་དགེ་རྒན་དག་གིས་ནི་རང་གི་དགེ་ཕྲུག་དག་རྐང་པ་བཅག་འདུག་ཟེར་བ་དང་ཁ་མིག་ལ་སྐྱོན་བྱས་འདུག་ཟེར་བ་ནི་འགའ་ཡང་ག་ལ་ཚད། རེད་དེ་ཕ་མ་དག་གིས་ནི་དགེ་རྒན་སུ་ཞིག་གིས་ཕྲུ་གུ་རྡུང་ཆེ་ན་དེ་ཡག་ཚུལ་གླེང་སྟེ་རང་ཉིད་ཀྱིས་ཚིག་ངན་ཙམ་ཡང་སྨྲ་མི་བྲ་བའི་བུ་རྒྱུད་དེ་ཉིད་དགེ་རྒན་སྟག་འདྲ་བའི་ཟུར་ལ་བསྐྱལ་བ་རེད།

༤ ཡི་གེ་སློབ་སྟངས་ཀྱི་ངོས་ནས་བཤད་ན།

དེ་རུ་བསྐྱལ་ཟིན་རྗེས་དགེ་རྒན་དེས་མི་ཡི་འགྲོ་ལུགས་སྡོད་སྟངས་དང་ཆོས་ཀྱི་རྒྱུན་ཤེས་རིག་གནས་སོགས་གང་ཡང་མི་སློབ་པ་མ་ཟད། ཐ་ན་ཐ་སྙད་གཅིག་གི་འགྲེལ་བཤད་དང་ཡིག་འབྲུ་གཅིག་གི་དོན་དང་དེ་ལ་ཚིག་གྲོགས་ཚིག་གྲུབ་སྦྱར་སྟངས་སོགས་གང་ཡང་མི་སློབ་པར་ཀློག་དག་ལ་མི་དག་བ་ཞིག་ཉིན་སྟར་ཆགས་སུ་རྒྱུ་སྟོང་འདེད་འདེད་དུ་ཀློག་བཅུག་པ་ཡིན། ཡི་གེ་སློབ་སྟངས་འདིས་ཡིག་རྨོངས་ཙམ་སེལ་ཐུབ་པ་རེད་ཅེས་བརྗོད་ན་ཧ་ལམ་འགྲིགས་ནའང་མི་ཤེས་མོད། འོན་ཀྱང་སུམ་རྟགས་དག་ཡིག་གི་རྨང་གཞི་ཤེས་བྱ་ཙམ་ཡང་གོ་བརྡ་སྤྲད་མེད་དུས་ནེ་ཙོས་མ་ཎི་འདོན་སྟངས་ཙམ་ལས་ད་དུང་ནང་དོན་དང་སྔར་བཞིན་རྒྱང་ཐག་འགྱངས་ནས་ཡོད་དུས་ཡིག་རྨོངས་སེལ་ཡོད་ཟེར་ནའང་དཀའ་བའི་ཚོད་མ་ཡིན་ནམ།
འདི་དག་ནི་གཙོ་ཆེ་བ་དགོན་པ་བྱེ་བྲག་པའི་སློབ་གསོ་དང་འབྲེལ་ནས་ཡོད་པ་མ་ཟད། ཀློག་ཁོ་ན་ལས་གཞན་ལ་ཇུས་གཏོགས་མི་བྱེད་པ་འདི་ནི་གྲོང་ཆོག་རིག་གནས་ཀྱིས་བསྒོོས་པའི་ནད་ངན་ཞིག་ཀྱང་རེད། གྲོང་ཆོག་ཏུ་འགྲོ་བ་ལ་ཚུགས་ཚུལ་ཁྲིམས་ལྡན་མིན་དང་རྟོགས་པ་ཉམས་ལེན་ཡོད་མེད་ཀྱི་ཆ་རྐྱེན་མི་དགོས་ཤིང་། ཡི་གེ་ཀློག་ཤེས་པ་ཙམ་གྱིས་འགྲིགས་ཡོད། དེ་ཡང་དང་པོ་ནས་དགེ་རྒན་གྱིས་ཀློག་སློབ་པ་དེའང་གྲོང་ཆོག་ཁོ་ནའི་ཆེད་དུ་སློབ་པ་ཡིན་པ་དཔེར་ན་སྔོན་ཆད་དགེ་རྒན་ཞིག་གིས་དགེ་ཕྲུག་ལ་དབྱུག་པ་ག་ཚད་ཞུས་ཡོད་ན་དེའི་གྲངས་དེ་ཤ་སྐལ་དང་མར་སྐལ་ཞུས་པ་དང་གཅིག་པ་རེད་ཅེས་བརྗོད་པ་དེས་ཤེས་ཐུབ་པ་ཡིན། ཧ་ལམ་སློབ་གསོ་འདི་སྤྱི་ཚོགས་སྤྲང་པོ་ཡིན་པའི་དུས་ལ་འུ་ཐུག་པའི་ལས་ཤིག་ཡིན་པ་ལས་ཆོས་ཀྱི་ནང་དོན་དང་འཇིག་རྟེན་གྱི་བྱེད་སྟངས་གང་ལའང་མི་མཚུངས་པ་ཞིག་ཡིན་པ་ཤེས་དགོས།
སློབ་གསོ་དེ་གཅིག་པུ་མྱངས་ནས་ཡོང་བ་ཚོས་ཀྱང་“ང་ཚོས་བསམ་ན་དང་པོ་ཡི་གེ་ཤེས་ཡོད་བསམ་པ་ཡིན་ཡང་ད་བྱེད་དུས་ཡི་གེ་མ་ཤེས་པ་རེད་འདུག་”ཅེས་རྗོད་ཅིང་ཡོད། ལོས་བདེན་ཏེ། ཁོ་ཚོས་ནི་ཐ་ན་དེང་སང་ཀུ་ཤུ་ཁ་པར་ནང་ནས་འཕྲིན་ཡིག་ཡག་པོ་ཞིག་ཀྱང་འབྲི་ཐུབ་ཀྱིན་མེད་པས་སྔར་གྱི་སློབ་གསོའི་ལམ་ལུགས་དང་དེ་ལག་བསྟར་མཁན་གྱི་དགེ་རྒན་དང་ཕ་མ་དག་ལ་རང་བཞིན་གྱིས་འཁང་ར་དགོས་པར་ཆགས་ཡོད།
༢༠༡༥/༨/༡