ལྷག་བསམ་གྱི་རང་མདངས། དངུལ་མཁར་སྤྲུལ་སྐུ། མགོ་ལོག་དཔོན་སྐོར།

32/545

དེ་ཡང་ཤ་རུས་གདུང་རྒྱུད་གཅིག་པའི་བོད་ཆོས་ལྡན་གྱི་མཛའ་བཤེས་སྤུན་གྲོགས་རྣམ་པ། འུ་ཅག་རྣམས་ལ་ཚེ་འདི་ཕྱི་དང་ཆོས་འཇིག་རྟེན་གང་ཐད་ནས་གླེང་ཡང་ཤིན་ཏུ་གལ་འགངས་ཆེ་བའི་བྱ་བ་གཅིག་ཡོད་པ་ནི་མཐུན་འབྲེལ་གྱི་ལམ་བཟང་སྐྱོང་རྒྱུ་འདི་ཉིད་ཡིན་པར་སེམས་ཏེ། མཐུན་འབྲེལ་ནི་ལྷ་ཆོས་ཀྱི་རྩ་བ་དང་མི་ཆོས་ཀྱི་སྙིང་པོ་ཡིན་ཞིང་། མཐུན་འབྲེལ་ནི་ཡར་རྒྱས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན་ལ། མཐུན་འབྲེལ་ནི་མི་རིགས་ཀྱི་ལ་རྒྱ་དང་ནང་ཆོས་པའི་འོས་འགན་ཞིག་ཀྱང་ཡིན་སོང་། དེར་མ་ཟད་བདེ་སྐྱིད་བདེ་བའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དང་ཕམ་ཉེས་གྱོང་རྒུད་ཐམས་ཅད་ཀྱི་དངོས་གཉེན་ཐུན་མོང་མ་ཡིན་པ་དེ་ཡང་མཐུན་ལམ་གཙང་མ་སྐྱོང་བ་དེ་ཡིན་ངེས་སུ་འདུག་ལ། ཆེ་སའི་རྒྱལ་ཁབ་དང་མི་རིགས་མན་ཆད་ནས་ཆུང་སའི་ཁྱིམ་མཚེས་དང་གཟའ་ཚང་གི་བར་ཡན་ཆོད་གཞུང་སྒེར་གང་ཞིག་ཡིན་ཀྱང་། མཐུན་འབྲེལ་ལེགས་པོ་ཞིག་ཡོད་ན་དེ་ཚང་གི་ཆོས་དང་རིག་གཞུང་སྲིད་དང་འབྱོར་བ་ཐམས་ཅད་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་ངེས་ཡིན་པའང་དེང་རབས་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་དང་ཁྱིམ་ཚང་སོགས་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ། གལ་ཏེ་མཐུན་འབྲེལ་མེད་ན་ཆོས་རིག་སྲིད་འབྱོར་ཐམས་ཅད་ཉམས་རྒུད་དུ་སོང་ནས་རྗེས་ལུས་སུ་འགྱུར་ངེས་པའང་ཡར་སྔོན་འཛམ་གླིང་འཁྲུགས་ཆེན་གཉིས་དང་ད་ལྟ་མི་གསོད་རྟ་སྒྱེལ་མཁན་རྣམས་ཀྱི་གྲུབ་འབྲས་ལ་དཔག་པས་ཤེས་ནུས་སོ། །མདོར་ན་འདས་མ་ད་གསུམ་གྱི་བྱ་བ་གང་ཐད་ནས་གཞལ་ཡང་། མཐུན་འབྲེལ་ནི་ཁེ་དང་རྒྱལ་ཁ། སྟོབས་དང་གཟི་བརྗིད། ཞི་བདེ་དང་འདྲ་མཉམ། དགེ་མཚན་དང་སྙན་གྲགས་སོགས་ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་། མཐུན་འབྲེལ་མེད་པ་ནི། གྱོང་དང་ཕམ་ཁ། སྡིག་དང་སྡུག་བསྔལ། གྱོད་དང་ཁ་མཆུ། འཁོན་འཛིང་དང་གཡུལ་འཁྲུགས། བཀྲེས་སྐོམ་དང་དབུལ་ཕོངས་སོགས་མི་འདོད་པ་ཐམས་ཅད་ཀྱི་འབྱུང་གནས་ཉིད་དུ་ངོས་ཟིན་དགོས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། བོད་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན། ངས་སྔ་ཕྱི་བར་གསུམ་དུ་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། གནད་དོན་ཡོད་པའི་བྱ་བ་ཚང་མར་ངོ་རྒོལ་དང་དགག་པ་རྒྱག་གི་ཡོད། ཅེས་དང་། ཡང་ཁོང་གིས། མཐུན་སྒྲིལ་དང་རིག་གནས་ཀྱི་ཕྱོགས་ནས་བོད་རྗེས་ལུས་སུ་གྱུར་ཡོད་པས། བོད་རྗེས་ལུས་ཀྱི་རྣམ་པ་འདི་བསྒྱུར་མ་ཐུབ་ན་ང་ཤི་ཡང་མིག་མི་བཙུམ། དེས་ན་དམངས་སེམས་མཐུན་འབྲེལ་དགོས། ཞེས་གསུངས་པས་སྐྱབས་མགོན་ཉི་ཟླ་རྣམ་གཉིས་ཀྱིས་མཚོན་ནས། རང་རེའི་འདི་ཕྱིའི་རེ་ལྟོས་སུ་གྱུར་པའི་ཤེས་ཡོན་པ་རྣམས་ཐུགས་དགོངས་གཅིག་འདྲེས་དང་གསུང་དབྱངས་གཅིག་མཐུན་གྱིས་ཕྱག་མཐེ་བོང་བསྒྲེངས་ནས་མཐུན་འབྲེལ་གྱི་ཕྱོགས་ལ་འབད་དགོས་པའི་སྐུལ་སློང་རྒྱ་ཆེར་བྱས་དང་བྱེད་བཞིན་ཡོད། དེས་ན་ང་རང་ཚོས་རབ་ན། སྟོན་པའི་བཀའ་ལྟར་རིགས་དྲུག་གི་སེམས་ཅན་ཡོངས་རྫོགས་ཕ་མར་ཤེས་པའི་ངང་ནས་མཐུན་འབྲེལ་བྱ་བ་དང་། ཡང་ན་དེང་སང་གི་བསམ་བློ་བ་ཕུལ་བྱུང་འགས་བཤད་པ་ལྟར་མི་དང་དུད་འགྲོའི་བར་ལ་མཐུན་འབྲེལ་གཟུང་བ་སོགས་ལ་འབད་དགོས།འབྲིང་ཙམ་གྱི་དབང་དུ་བྱས་ན། ཁ་ཆེའི་ཆོས་ལུགས་པས་བཤད་པ་ལྟར་མི་དང་མིའི་བར་རམ་མི་ཡོངས་རྫོགས་ལ་མཐུན་འབྲེལ་འཆང་རྒྱུ་དང་།ཡང་ན་མི་རིགས་འགའ་ཞིག་གི་སྲོལ་ལྟར་མི་རིགས་གཅིག་གི་ནང་ན་མཐུན་འབྲེལ་གཟུང་དགོས། ཐ་ནའང་ཚོ་བ་གཅིག་གམ་གྲོང་བ་གཅིག་གི་ནང་ཁུལ་དུའམ། ཡང་ན་གཉེན་ཉེ་དུ་གྲོགས་དགའ་མཛའ་སོགས་ཀྱི་བར་ལ་མཐུན་འབྲེལ་བྱེད་རྒྱུར་འཕྱུག་མི་རུང་། མ་མཐའ་ཁྱིམ་གཟའ་ཚང་གི་བར་ལ་མཐུན་འབྲེལ་ཡོད་པའང་མཐུན་འབྲེལ་གྱི་ཕྱོགས་གཏོགས་ཙམ་ཡིན་ནོ། །གོང་སྨོས་ཀྱི་མཐུན་འབྲེལ་རབ་འབྲིང་ཐ་གསུམ་ལ་འབད་པས་དགེ་མཚན་ཡང་ཆེ་འབྲིང་ཆུང་གསུམ་སོགས་འབྱུང་བར་ངེས་པས་ན། བོད་རིགས་སྤུན་ཟླ་རྣམས་འདི་ཕྱོགས་སུ་ཅི་ནུས་ཅི་ལྕོགས་ཀྱིས་འབད་རིགས་སོ། །ཁྱད་པར་རང་རེའི་ཡུལ་སྡེ་འདིའི་མཆོག་དམན་བར་གསུམ་ཀུན་ཀྱིས་མཐུན་འབྲེལ་གྱི་ཕྱོགས་འདིར་མི་འབད་དུ་མི་རུང་བ་ཞིག་ཡིན་ཏེ། སྡེ་བ་འདིའི་ཡ་ང་ཞིང་ཡི་མུག་པའི་ནང་དམེ་ནང་བསད་དེ་དག་མཚམས་འཇོག་ཡོངས་ཐབས་ཀྱི་དངོས་གཉེན་ཐུན་མོང་མ་ཡིན་པ་ནི་མཐུན་ལམ་གཙང་མ་སྐྱོང་ཞིང་མཐུན་པའི་ལག་གདང་སྦྲེལ་བ་དེ་ཡིན་པས་སོ། །གནད་དོན་ཧྲིལ་གྱིས་དྲིལ་ན། མཐུན་འབྲེལ་གྱི་ལམ་ལ་ཞུགས་པ་དེ་ལུགས་གཉིས་ཀྱི་སྲོལ་དང་མཐུན་པར་མ་ཟད་རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་མཐུན་ཞིང་། ད་དུང་འཛམ་གླིང་གི་ཁ་ཕྱོགས་དང་ཡང་ཆེས་མཐུན་པས་ན། རྡོག་རྩ་ཆིག་སྒྲིལ་དང་དཔུང་བ་མཉམ་གཤིབས། བསམ་བློ་གཅིག་མཐུན་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་མཐུན་ལམ་གཙང་མ་སྐྱོང་བའི་རེ་སྐུལ་ཡང་ཡང་དུ་ཞུའོ། །གཞན་དུ་རྐུ་འཕྲོག་བཅོམ་གསུམ་དང་དམེ་འཁྲུགས་གྱོད་གསུམ་སོགས་ལ་ཁ་འགྲིག་ཁོག་མཐུན་ཙམ་བྱུང་བ་ནི་མཐུན་འབྲེལ་ཉིད་དུ་མི་སེམས་སོ། །ལྷག་བསམ་གྱི་རང་མདངས་ཞེས་པའི་མཐུན་འབྲེལ་གྱི་གཏམ་གླེང་ཉུང་བསྡུས་འདིའང་རྨོངས་བན་བསྟན་པའི་ཉི་མས་མགོ་ལོག་དཔོན་སྐོར་དགོན་ནས་བྲིས་སོ།།