བོད་ཀྱི་ཨང་ཀི་དང་རྩིས་རིག བན་ཤུལ་དཔལ་མཁར་རྒྱལ།

30/545

དེ་ལ་རང་རེའི་བོད་འདིར་སྔ་མོའི་དུས་ནས་བཟུང་འགྲོ་བ་མིའི་རིགས་གཞན་དག་འདྲ་བར་འཇིག་རྟེན་གྱི་དངོས་པོ་གང་ལ་གྲངས་ལེན་པའི་རིག་པ་དང་བླངས་པ་དེ་ཉིད་མི་བརྗེད་པའི་ཕྱིར་ཏུ་མཚོན་བྱེད་ཀྱི་ཨང་ཀིས་གྲངས་ཀ་འགོད་པའི་ལུགས་སྲོལ་ཡང་བྱུང་ཡོད།

མང་པོ་ཞིག་གིས་ད་ལྟའི་ཨང་ཀི་འདི་རྣམས་ལ་ཨ་ལ་པོའི་ཨང་ཀིའམ་ཨ་རབ་ཀྱི་ཨང་ཀི་རེད་ཅེས་ངོས་འཛིན་བྱུང་ཡོད་ལ། ཨ་རབ་ཀྱི་ཨང་ཀི་དེའི་ཁུངས་ཀྱང་གནའ་བོའི་རྒྱ་གར་རེད་ཅེས་བརྗོད་སྲོལ་བྱུང་ཡོད། ཡིན་ནའང་གཏམ་དེ་ནི་དེ་འདྲའི་ཡི་གར་འོང་བ་ཞིག་མིན་ནམ་སྙམ་སྟེ། ཨ་རབ་ཀྱི་ཚོང་པ་རྣམས་དུས་རབས་བར་མ་ནས་བཟུང་ཏེ་རྒྱ་གར་དང་བོད་ལ་ཚོང་འགྲུལ་བྱས་མྱོང་བ་དང་ཁྱད་པར་དུ་བོད་ལ་གསེར་དང་གླ་རྩི་འཚོལ་བར་ཐེངས་མང་པོ་ཡོང་མྱོང་ཡོད། སྐབས་དེ་དུས་སུ་འཛམ་གླིང་སྤྱིའི་ངོས་ནས་བཤད་ན་ཨ་རབ་ཀྱི་ཚོང་པ་རྣམས་ནི་འཛམ་གླིང་གི་ཚོང་བ་ཆགས་ཡོད་པ་དང་། ཁོ་ཚོའི་བཀོལ་བཞིན་པའི་ཨང་ཀི་དང་གྲངས་ཀ་འགོད་ཐབས་དེའང་ཧ་ཅང་སྟབས་བདེ་ཞིང་བཀོལ་ལེགས་པ་ཞིག་ཡིན་པས་འཛམ་གླིང་ཡོངས་ལ་དར་བ་དང་དེ་ནས་ཨ་རབ་ཚོང་པས་བཀོལ་བཞིན་པའི་ཨང་ཀི་དེ་ལ་ཨ་རབ་ཨང་ཀི་ཞེས་ཐོགས་པ་རེད།
འོ་ན་བོད་ལ་དེའི་སྔོན་དུ་ཨང་ཀི་དང་གྲངས་ཀ་འགོད་པའི་ཐབས་ཡོད་དམ་ཅེ་ན། སྐབས་འདིར་བོད་ཀྱི་ཨང་ཀིའི་བྱུང་བ་ཅུང་ཟད་བཤད་ན་བློ་རྒྱ་བསྐྱེད་ཐུབ་པར་བསམ་ཏེ། བོད་ལ་ཤིན་ཏུ་སྔ་མོའི་དུས་ནས་འཇིག་རྟེན་གྱི་བྱ་དངོས་རྣམས་ལ་གྲངས་ཀ་འགོད་སྲོལ་དང་དེའི་མཚོན་ཐབས་ཀྱི་ཨང་ཀི་ཆེས་སྟབས་བདེ་བ་ཞིག་དར་ཡོད། དཔེར་ན་རི་དྭགས་རྒྱག་སྐབས་སེམས་ཅན་གཅིག་བསད་ན་བྲག་ངོས་སུ་འཕྲེད་ཐིག་གཅིག་འགོད་པ་དང་གཉིས་བསད་ན་གཉིས་འགོད་པའི་ཚུལ་ནི་མངའ་རིས་རུ་ཐོག་སོགས་བོད་ཀྱི་བྲག་བརྐོས་གང་སར་མཐོང་ཐུབ་པ་དེ་རེད། དེ་ནས་ཆུ་ནང་གི་ཉ་འཛིན་སྐབས་ཆུ་རྡེའུ་དཀར་ནག་སྤྱད་ནས་ཉ་ལ་གྲངས་ཀ་རྒྱག་སྲོལ་ཡང་བྱུང་ཡོད་པ་སོགས་འདིའི་སྐོར་གྱི་བརྗོད་བྱ་མཐའ་ཡས་པ་ཞིག་ཡོད་ནའང་སྐབས་འདིར་མི་འཆད་ཅིང་དེ་ཙམ་གྱིས་འཐུས་པར་བྱོས་ལ། འདི་ནི་བོད་ཀྱི་གནའ་བོའི་ཨང་ཀི་དང་གྲངས་འགོད་ཐབས་ཀྱི་བྱུང་བ་རགས་པ་ཙམ་ཡིན།
དེ་ནས་སྤུ་རྒྱལ་བཙན་པོ་སྤུ་དེ་གུང་རྒྱལ༼སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བ་ནས་དྲུག་པ༽གྱི་རིང་ལ་མིའི་དབང་པོ་ལ་བརྟེན་ནས་བདུན་ཚིགས་བརྩི་སྟངས་ཤིག་ཡོད་པ་ནི། དཔེར་ན་མགོའི་སྤྱི་གཙུག་གི་སྒོར་དབྱིབས༼༡༽འདྲ་བ་ལ་གཟའ་དང་པོ་སྟེ་ཉི་མ། དཔྲལ་བའི་སྒོར༼༢༽འདྲ་བ་ལ་ཟླ་བ། དཔྲལ་སྒོར་མིག་དབྱིབས༼༣༽འདྲ་བ་ལ་མིག་དམར། རྣ་བའི་དབྱིབས༼༤༽འདྲ་བ་ལ་ལྷག་པ། སྣ་དབྱིབས༼༥༽འདྲ་བ་ཕུར་བུ། ཁའི་དབྱིབས༼༦༽འདྲ་བ་ལ་པ་སངས། མ་ལེའི་དབྱིབས༼༧༽འདྲ་བ་སྤེན་པ་བཅས་བརྩི་ཚུལ་བྱུང་ཡོད་པ་དེས་བོད་ཀྱི་བཙན་པོ་སྔ་མ་རྣམས་ཀྱི་དུས་སུ་ཨང་ཀི་དང་དེ་འགོད་པའི་རིག་ལམ་ཧ་ཅང་དར་བ་གསལ་བོར་རྟོགས་ནུས་སོ།།
དེ་ནས་རིམ་བཞིན་བཙན་པོ་ན་རིམ་གྱི་དུས་སུ་བོད་ལུགས་ཀྱི་ཨང་ཀི་བཀོལ་ཏེ་གྲངས་ཀ་འགོད་པ་ཧ་ཅང་བྱང་ཞིང་ཆུབ་ནས་གྲངས་ཀ་ཕན་ཚུན་བསྒྱུར་བའི་དགུ་མཐའི་མན་ངག་ཁྱད་པར་བའང་བྱུང་བའི་ཚུལ་ནི། བྱེ་མའི་གསེབ་ནས་ལོ་ངོ་སྟོང་ཕྲག་དུ་མར་གཟིམ་པའི་ཡིག་རྒན་སྟེ། དིང་སང་མཇལ་ཐུབ་པའི་ཏུན་ཧོང་ཡིག་རྙིང་ཁྲོད་ནས་ཀྱང་མ་ཕྱི་གཉིས་ཙམ་བྱུང་ཏེ། གཅིག་དིང་སང་ནི་ཀན་སུའུ་ཏུང་ཧོང་གི་སངས་རྒྱས་སྟོང་གི་བྲག་ཕུག་དེའི་ཁ་གཏད་ཙམ་དུ་ཡོད་པའི་གནའ་རྫས་ཁང་ཞིག་ན་བཤམ་སྟོན་བྱས་ཡོད་པ་འདི་ལྟ་སྟེ།

གཉིས་ཧྥ་རན་སིར་ཉར་ཚགས་གནང་བའི་ཏུན་ཧོང་ཡིག་ཆ་ཨང་རྟགས༼༡༢༥༦༽ན་དགུ་མཐའ་བོད་ཡིག་ཏུ་སྒྲ་བསྒྱུར་བྱས་ཡོད་པ་འདི་རེད།

མདོར་ན་འདི་དག་ལས་རང་རེའི་བོད་ལ་སྔ་མོའི་དུས་ནས་བཟུང་ཨང་ཀི་དང་དེ་སྤྱད་ནས་གྲངས་ཀ་འགོད་པའི་རིག་པ་ཧ་ཅང་ཡ་མཚར་ཤིག་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་བོད་ཀྱི་ཨང་ཀི་དེས་འཛམ་གླིང་ཡོངས་ལ་ཞབས་འདེགས་ཀྱང་ཞུས་དགང་ཞུ་བཞིན་ཡོད་སྙམ། རང་གི་ལུགས་ལ་ཨ་རབ་ཀྱི་ཨང་ཀི་བྱ་བ་དེའང་བོད་རང་གི་ཨང་ཀི༼༡༢༣༤༥༦༧༨༩༽རྣམས་སྟབས་ཇེ་བདེར་བཏང་ནས༼123456789༽བྱུང་བར་འདོད་པ་སོགས་སྒྲུབ་བྱེད་བཙན་པོ་མཐའ་ཡས་པ་ཞིག་ཡོད་ནའང་། གནས་སྐབས་འཛམ་གླིང་ཤར་ནུབ་ཀྱི་བློ་ལྡན་སྐྱེ་བོ་རྣམས་ཀྱི་སྙན་དབང་རིན་པོ་ཆེར་སྟབས་བདེ་བའི་གྲོས་འགོ་འདི་ཙམ་ཕུལ་བ་ཡིན་ཏེ། བརྗོད་གཞི་འདིས་སྣེ་གྲངས་ཏེ་བོད་ཀྱི་ཨང་ཀི་དང་གྲངས་འགོད་ཐབས་ཀྱི་བྱུང་བ་དངོས་ལ་བགྲོ་གླེང་གནང་བར་རེ་ཞུ་ཡོད།

ཕྱི་ལོ༢༠༡༤/༧/༢༣/ལ་ཡུལ་དབུས་ལྷ་སར་བྲིས་སོ།།