རང་རྟོན་མེད་པའི་མི་དེ་རྭ་ཅོ་མེད་པའི་གཡག་དང་མཚུངས། ཁེར་འགྲོ།

29/545

རང་རྟོན་ཅན་གྱི་སྟག་ཤར་ཚོ་ཕོ་ཉམས་དོད་ཅིང་། རང་རྟོན་ཅན་གྱི་སྨན་ཆུང་ཚོ་མཛེས་སྡུག་རྣམ་པར་བཀྲ་བས། གཤམ་ལ་ངེད་ཚོ་མཉམ་དུ་ཨ་རིའི་ལེགས་གྲུབ་རིག་པའི་སློབ་དཔོན་ཆེན་མོ་ན་ཕོ་ལོ·ཧིལ་གྱིས་གསུངས་པ་ལྟར་བྱས་ནས་རང་རྟོན་གྱི་སེམས་པ་འཛུགས་པའི་ཐབས་ལམ་ལ་ལྟད་མོ་རུ་འགྲོ།

༡ མདུན་གྲལ་དུ་སྡོད་དགོས།

སློབ་ཁང་ངམ་ཚོགས་ཁང་ནང་གི་འདུ་འཛོམས་སྐབས་སུ། རྒྱབ་ཕྱོགས་ཀྱི་སྡོད་གནས་སྔོན་ལ་ཁེངས་ཀྱི་ཡོད་པ་ཁྱེད་ཀྱིས་སྣང་བ་ཡོང་གི་འདུག་གམ། མི་མང་ཆེ་བས་རྒྱབ་ཕྱོགས་ཀྱི་སྡོད་གནས་ཟིན་གྱི་ཡོད་ལ། ཚང་མས་མངོན་གསལ་དོད་པོ་མི་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཁོ་ཚོ་མི་གཞན་གྱིས་དོ་སྣང་མི་འབྱུང་ངམ་སྙམ་ནས་སྐྲག་པའི་རྒྱུ་མཚན་གཅིག་པུ་ནི་རང་རྟོན་གྱི་སེམས་པ་མི་འདང་བའི་རྐྱེན་གྱིས་ཡིན།

མདུན་གྲལ་དུ་བསྡད་ན་རང་རྟོན་གྱི་སེམས་པ་འཛུགས་ཐུབ་པས། དེ་ནི་ཁྱེད་ཀྱི་སྒྲིག་ལམ་ཞིག་ཏུ་ངོས་འཛིན་གནང་ནས་ཚོད་ལྟ་ཞིག་གྱིས་དང་། ད་ལྟ་ནས་འགོ་བཙུགས་ཏེ་མདུན་ཕྱོགས་སུ་སྡོད་དང་། མ་གཞི་མདུན་གྲལ་དུ་བསྡད་ན་མངོན་གསལ་དོད་པོ་ཡོད་པ་སྨྲོས་མི་དགོས་ཀྱང་། ལེགས་གྲུབ་དང་འབྲེལ་བ་ཡོད་པ་ཐམས་ཅད་ནི་མངོན་གསལ་དོད་པོ་ཤ་སྟག་ཡིན་ནོ། །

༢ ཁྱེད་ཀྱི་གོམ་པའི་མྱུར་ཚད་25%མགྱོགས་སུ་གཏོང་དགོས།

སེམས་ཁམས་རིག་པ་མཁས་ཅན་མང་པོས་སྒྱིད་ལུག་གི་སྡོད་སྟངས་དང་། སོས་དལ་གྱི་གོམ་བགྲོད་ནི་རང་ཉིད་དང་། ལས་ཀ མི་གཞན་བཅས་ལ་ཡི་ཆད་དང་ཉོབ་སྣང་སྐྱེས་པའི་སེམས་ཁམས་ཀྱི་འབྲས་བུ་ཡིན་པའི་ར་སྤྲོད་གནང་། དེ་དང་དུས་གཅིག་ཏུ་རང་ཉིད་ཀྱི་སྡོད་སྟངས་དང་། གོམ་བགྲོད་ཀྱི་མྱུར་ཚད་ལ་འགྱུར་བ་གཏང་ན་སེམས་ཁམས་ལ་ཕར་འགྱུར་བ་གཏོང་ཐུབ་ཅེས་ནན་གསུང་གནང་ཡོད། གལ་ཏེ་ཁྱེད་ཀྱིས་རྟོག་ཞིབ་ནན་པོ་ཞིག་བྱས་ན། ལུས་ཀྱི་བྱ་སྤྱོད་ནི་སེམས་ཁམས་འགུལ་སྐྱོད་ཀྱི་འབྲས་བུ་ཡིན་པ་ལྷང་ངེར་རྟོགས་ཐུབ། རྡུང་རྡེག་དང་། ཕམ་ཉེས་ཐེབས་པའི་མི་ཚོའི་གོམ་པ་ནི་སབ་བེ་སོབ་བེ་དང་། ཉབ་བེ་ཉོབ་བེ། རང་རྟོན་གྱི་སེམས་ཁམས་གཏན་ནས་མེད་པ་ཞིག་ཡིན།

ཕལ་པའི་མི་ལ་ཕལ་པའི་མིའི་གོམ་པའི་རྒྱག་ཕྱོགས་ཤིག་ཡོད་པ་མ་ཟད། ཁོ་ཚོས་“རང་ཉིད་ཀྱི་དོན་དུ་སྤོབས་པ་སྐྱེ་ཡི་མི་འདུག་”ཅེས་ཁ་གསང་གི་ཡོད།

དེ་ཚོ་ལས་བགར་བའི་མི་བུ་ཁག་ཅིག་གི་གོམ་བགྲོད་ལས་ཞུམ་མེད་ཀྱི་རང་རྟོན་ཞིག་་མངོན་ཡོང་ལ། གོམ་པའི་འདེགས་འཇོག་ཕལ་པའི་མི་ལས་མྱུར་ལ་རྒྱུག་གཤར་གློད་པ་དང་འདྲ་པོ་ཡོད། ཁོ་ཚོའི་གོམ་བགྲོད་ཀྱིས་ང་རང་གལ་ཆེ་བའི་ས་ཆ་ཞིག་ཏུ་ཕྱིན་ནས་ཧ་ཅང་གལ་འགངས་ཆེ་བའི་དོན་ཞིག་བསྒྲུབ་དགོས་ལ། དེ་ལས་གལ་ཆེ་བ་ཞིག་ལ་ངས་སྐར་མ་15ནང་ལེགས་གྲུབ་ཐུབ་པ་བྱ་ཡི་ཡིན་ཞེས་འཛམ་གླིང་ཁྱོན་ལ་གསལ་བསྒྲགས་བྱེད་ཀྱི་ཡོད།

གོམ་པའི་མྱུར་ཚད་25%མགྱོགས་སུ་གཏོང་བའི་ཐབས་ཤེས་འདི་བེད་སྤྱོད་གྱིས་དང་། ཕ་མས་སྤྲད་པའི་མགོ་བོ་གཟེངས་སུ་བཏེགས་ནས་མགྱོགས་ཙམ་སྐྱོད་དང་། ཁྱེད་ལ་རང་རྟོན་གྱི་སྤོབས་པ་རྒྱས་པའི་ཚོར་སྣང་ཡོང་ངེས།

༣ མི་ཚོགས་ཀྱི་དབུས་སུ་གཏམ་གླེང་བའི་སྦྱོང་བརྡར་བྱ་དགོས།

ན་པོ་ལོན·ཧིལ་གྱིས་གསུངས་པ་ལྟར་ན། རྣམ་དཔྱོད་ཀྱི་དྲན་པ་སྐྱེན་ཞིང་ལྷན་སྐྱེས་ཀྱི་རིག་པ་རྣོ་བའི་མི་མང་པོ་ཡོད་ཀྱང་། ཁོ་ཚོའི་དགེ་མཚན་གྲོས་བསྡུར་ནང་བཞུགས་ནས་འདོན་སྤེལ་ཐུབ་ཀྱི་མེད། དེ་ནི་ཁོ་ཚོ་གྲོས་བསྡུར་ནང་བཞུགས་འདོད་མེད་པ་མ་ཡིན་ཏེ། ཁོ་ཚོ་ལ་རང་རྟོན་གྱི་སེམས་ཤུགས་མེད་པའི་རྐྱེན་གྱིས་ཡིན།

ཚོགས་འདུའི་སྐབས་སུ་སྨྲ་བ་བསྙུངས་ནས་ཁུ་སིམ་མེར་སྡོད་པའི་སྐྱེས་བུ་ཚང་མས་་་འདི་ལྟར་སེམས་བཞིན་ཡོད་དེ། ངའི་བསམ་ཚུལ་ལ་རིན་ཐང་ཅི་ཡང་མེད། གལ་སྲིད་ངས་བཤད་ཀྱང་གཞན་གྱིས་བླུན་རྟགས་ཤིག་ཏུ་བསམ་སྲིད་པས། དེ་ལས་མི་བཤད་ནའང་དགའ། དེར་མ་ཟད་མི་གཞན་ཚང་མ་ང་རང་ལས་བློ་གྲོས་ཆེ་བས། ངའི་ཤེས་རྨོངས་བླུན་རྟགས་དེ་ཁོ་ཚོར་ཤེས་སུ་འཇུག་འདོད་མི་འདུག

མི་འདི་ཚོས་རྟག་ཏུ་རང་ཉིད་ལ་རྗེས་སུ་ཡང་བསྐྱར་བཤད་ཆོག་ཅེས་དམ་བཅའ་རྫུན་མ་འཇོག་གི་ཡོད་ལ། དོན་དུ་ཁོ་ཚོ་རང་ཉིད་ཀྱིས་ཀྱང་དམ་བཅའ་འདི་མངོན་འགྱུར་ཡོང་མི་སྲིད་པ་གསལ་པོར་རྟོགས་ཀྱི་ཡོད།

རྟག་ཏུ་སྨྲ་བ་མེད་པར་ཁུ་སིམ་མེར་བསྡད་རྒྱུར་དགའ་བའི་མིས་གཏམ་བཤད་མི་བྱེད་་པའི་སྐབས་སུ། ཁོ་ཡང་བསྐྱར་རང་རྟོན་གྱི་འཚོ་བཅུད་མི་འདང་བའི་ནད་གདོན་གྱིས་ཟིན་ཡོད་པས། བློ་ཕམ་ཡིད་ཆད་ཀྱི་ནད་གཞི་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་སྲིད།

དེས་ན་གཏམ་བཤད་མང་ཙམ་བྱ་དགོས། འདི་ནི་རང་རྟོན་གྱི་ཆུ་མིག་ཡིན། ངོ་བོ་ཅི་འདྲ་ཞིག་གི་ཚོགས་འདུར་ཞུགས་ཀྱང་། བསམ་འཆར་དང་། དཔྱད་བརྗོད། དྲི་གཞི་ཅི་འདྲ་ཞིག་ཡིན་རུང་རྟག་ཏུ་རང་འགུལ་གྱིས་བག་ཚ་ཅི་ཡང་མེད་པར་གཞན་གྱི་སྔོན་དུ་གཏམ་བཤད་གནང་ནས་ཨང་དང་པོར་ཁུ་སིམ་ཁད་ཀྱིས་དཀྲོགས་དགོས་པ་མ་ཟད། ཁྱེད་རང་བླུན་རྟགས་ཤིག་ཏུ་མཐོང་མི་ཡོང་ངམ་སྙམ་ནས་ཐུགས་ཁྲལ་གནང་མི་དགོས། མཐོང་མི་སྲིད། རྒྱུ་མཚན་ནི་གང་ལྟར་ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་བྱེད་མཁན་ཡོང་སྲིད་པས། ད་དུང་ཡང་རང་གིས་རང་ལ་“ངས་བཤད་ཐུབ་ཨེ་ཡོང་ངམ་སྙམ་ནས་དོགས་པ་སྐྱེ་ཡི་འདུག་”ཅེས་གསུང་པ་མ་གནང་།

༤ སྐད་གསང་ཐོན་པོས་གད་མོ་དགོད་དགོས།

མི་མང་ཆེ་བས་གད་མོས་རང་ཉིད་ལ་སྐུལ་ལྕག་མངོན་སུམ་དུ་གཏོང་ཐུབ་པ་དང་། གད་མོ་ནི་རང་རྟོན་མི་འདང་བའི་གཉེན་པོ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་སྔར་བཞིན་མི་མང་པོས་ཡིད་ཆེས་བྱེད་ཀྱི་མེད། རྒྱུ་མཚན་ནི་ཁོ་ཚོས་ཡི་ཐང་ཆད་སྐབས་གད་མོ་དགོད་པའི་ཚོད་ལྟ་ཐེངས་གཅིག་ཀྱང་གནང་མི་མྱོང་།

གད་མོས་རང་ཉིད་ཀྱི་སེམས་སྟངས་མི་བདེ་བ་བཅོས་ཐུབ་པ་ཙམ་མ་ཟད། གཞན་གྱི་ཁོང་ཁྲོ་འཕྲལ་དུ་ཞི་ཐུབ། གལ་ཏེ་ཁྱེད་ཀྱིས་མི་ཞིག་ལ་གཡོ་ཟོལ་བྲལ་བའི་འཛུམ་དཀར་ཞིག་བསྟན་ན། ཁོས་མི་གཞན་ལ་སྐུ་རླུང་བཞེངས་པའི་ཐབས་ཟད་ངེས།

སྐད་གསང་ཐོན་པོས་གད་མོ་དགོད་དང་། ཁྱེད་ཀྱིས་ཡིད་འོང་གི་ཉིན་མོ་ཞིག་ཤར་བའི་ཚོར་སྣང་ཡོང་སྲིད། འོན་ཀྱང་ངེས་དགོས་པར་གད་མོ་ཤུགས་ཆེན་པོས་དགོད་དགོས་ལ། ཕྱེད་དགོད་ཕྱེད་མི་དགོད་ན་ཕན་མེད་ཡིན་པས། སོ་ཕྲེང་གི་མཛེས་པ་ངོམས་ནས་སྐད་ཤུགས་ཆེན་པོས་དགོད་དང་། གཏན་འཁེལ་ཕན་ནུས་ཐོན་ངེས་ཡིན།

ང་ཚོ་སྐྲག་པ་དང་། ཁོང་ཁྲོ་ལང་བའི་སྐབས་སུ་གད་མོ་རྩ་བ་ནས་དགོད་འདོད་མེད། ཡིན་ནའང་ཁྱེད་ཀྱིས་རང་ཉིད་ལ་ཨུ་ཚུགས་ཆེན་པོས་“ང་རང་གད་མོ་དགོད་ཀྱི་ཡིན་”ཞེས་བརྗོད་རྗེས་དགོད་ནས་གད་མོའི་བསམ་གྱི་མི་ཁྱབ་པའི་ནུས་པ་བེད་སྤྱོད་དང་། ཚོད་འཛིན་བགྱི་དགོས།

༥ རང་གི་ཕྱི་ཡི་རྣམ་པར་དོ་སྣང་གནང་དགོས།

མིའི་རིགས་ཀྱི་སྤྱི་ཚོགས་སུ་མི་དང་མིའི་དབར་ལ་འབྲེལ་བ་གནང་སྐབས། ཁྱེད་ཀྱི་ཕྱིའི་རྣམ་པས་གཞན་གྱི་ཡིད་ཀྱི་མཐིལ་དུ་དང་ཐོག་མའི་བག་ཆགས་ཤིག་འཇོག་གི་རེད་ལ། དེང་གི་སྤྱི་ཚོགས་ནང་ཁྱེད་ཀྱིས་ཕྱི་ཡི་རྣམ་པར་དོ་སྣང་གནང་བ་ནི་གཞན་ལ་བརྩི་བཀུར་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད།

ཁྱེད་རང་ལེགས་གྲུབ་ཀྱི་མཁའ་དབྱིངས་ན་ལྡིང་དགོས་ན། དང་ཐོག་ཁྱེད་ལ་ལེགས་གྲུབ་མཁན་གྱི་རྣམ་པ་ཞིག་བསྐྲུན་དགོས། ཁ་དཔེར་རྟ་ལ་སྒ་དང་། མི་ལ་གོས་ཞེས་བརྗོད་ཀྱི་ཡོད་ལ། ངོ་མ་དོན་ལ་གནས་པའི་བཀའ་མོལ་ཞིག་ལགས།

ཁྱེད་ཀྱི་གཟུགས་ཀྱི་རིང་ཐུང་སྦོམ་ཕྲ་ཅི་འདྲ་ཞིག་ཡོད་ཀྱང་། ཁྱེད་ཀྱི་ངོ་དབྱིབས་སྒོར་སྒོར་ནར་ནར་གང་འདྲ་ཞིག་ཡིན་ཡང་། ཁྱེད་ཀྱི་ཤ་མདོག་དཀར་ནག་སྨུག་སེར་ཇི་ལྟར་གྱུར་རུང་། སྐྱེ་འགྲོ་ཚང་མར་རང་རང་གི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལྡན་ཡོད་པས། རང་གི་བག་ལ་ཞ་བའི་མཛེས་པ་སྔོག་འདོན་ཤེས་ན། ཁྱེད་ལ་གཉའ་ཆག་མི་དགོས་པའི་རང་བཞིན་ལྷུན་སྡུག་གི་སྒེག་ཆོས་དང་ཕོ་ཉམས་ཡོད། ཕྱི་ཡི་རྣམ་པར་དོ་སྣང་བྱ་དགོས་ཟེར་དུས། གྲགས་ཅན་ཚོང་རྟགས་ཀྱིས་ཁྱེད་ཀྱི་ལུས་ལ་ཐུམ་སྒྲིལ་བྱ་དགོས་ཟེར་གྱི་མེད་དེ། རང་གི་གཟུགས་བྱད་དང་བསྟུན་ནས་གྱོན་གོས་ཀྱི་བཟོ་དབྱིབས་དང་། ཤ་མདོག་དང་འཚམ་པའི་ཚོས་གཞི་འདེམས་ཤེས་པ་དགོས། ཕྱི་ཡི་རྣམ་པར་དོ་སྣང་བྱ་དགོས་ཟེར་དུས། ཁྱེད་ཀྱི་ངོ་གདོང་དང་སྐྲ་ལོར་མཚོན་མདོག་སྣ་ལྔས་རྒྱན་དགོས་ཞེས་བརྗོད་ཀྱི་མེད་དེ། ལུས་དང་གོས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་དགོས། གང་ལྟར་ཁྱེད་ཀྱི་ཐུན་མིན་ཁྱད་ཆོས་ལྟར་རང་དང་འཚམ་པའི་དྭངས་གཙང་གསོན་ཤུགས་འབར་བ་ཞིག་དང་། དབུ་སྐྲ་འོད་འཁྱུག་ཅིང་གྲུང་ཉམས་དོད་པ། དཔལ་ཡོན་ལྡན་པའི་མཛེས་བཟོ་ཞིག་གནང་དང་། དེ་ལྟར་གནང་ན་ཁྱེད་རང་མི་ཚོགས་ཀྱི་དབུས་སུ་འགྲོ་བར་སྤོབས་པ་རྒྱས་སྲིད་ལ། རང་གི་བསམ་ཚུལ་བརྗོད་པར་འཚེར་སྣང་མི་ཡོང་བས། སྐྱེ་འགྲོ་མང་པོའི་ཡིད་དབང་འཕྲོག་ཐུབ། དེས་ཁྱེད་ཀྱི་བྱ་གཞག་ལེགས་གྲུབ་ལ་མཐུན་འགྱུར་གྱི་ནུས་པ་ཐོན་ངེས་ལ། ཁྱེད་ལ་རྫོགས་མེད་ཀྱི་རང་རྟོན་སྟེར་ངེས།

«ལེགས་གྲུབ་ཀྱི་ལམ་»ལས་བཏུས།