རླུང་ཁའི་མར་མེ་བཞིན་ཉམས་ལ་ཉེ་བའི་ཕ་ཡུལ་གྱི་སློབ་གསོའི་གནས་བབ།

28/545

རླུང་ཁའི་མར་མེ་བཞིན་ཉམས་ལ་ཉེ་བའི་ཕ་ཡུལ་གྱི་སློབ་གསོའི་གནས་བབ།

< སྐྱིད་ལ་སྡུག་གི་གནས་བབ་ལས་ཕ་ཡུལ་གྱི་བདེ་སྡུག་གླེང་བ་ནི་ངས་རང་ཉིད་ཀྱི་མ་བསྐུལ་དང་བླངས་བའི་འགན་འཁྲི་ཞིག་ཏུ་སེམས་ཤིང་། སེམས་ཀྱི་གཟི་བརྗིད་ཅིག་ཏུ་རྩིས་ཡོད། >

སངས་རྒྱས་དོན་གྲུབ།


དེ་རིང་སྔ་དྲོར་ང་རང་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ལ་ཆས་པ་ཡིན། རླངས་འཁོར་དེའི་ཁ་ལོ་བ་ནི་རང་རྫོང་གི་རྒད་པོ་ལོ་ན་བཞི་བཅུ་ནས་ལྔ་བཅུར་བུད་མ་ཐག་པ་ཞིག་རེད། རླངས་འཁོར་ནང་དུ་རང་དང་ཕ་ཡུལ་གཅིག་པའི་སློབ་མ་གཉིས་ཡོད་དེ། གཅིག་ནི་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་ཀྱིན་པ་ཞིག་དང་། ཅིག་ཤས་ནི་རང་རྫོང་གི་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་པ་ཞིག་གོ གཞན་ད་དུང་རང་རྫོང་དུ་ལས་ཀ་ཙག་ཙིག་ཅིག་གཉེར་བཞིན་པའི་ཁ་ཆེའི་མི་རིགས་ཀྱི་མི་ཞིག་བཅས་བསྡོམས་པའི་ངེད་ལྔ་བོ་རླངས་འཁོར་དེར་བསྡད་དེ་གཞི་ནས་ཕ་ཡུལ་དུ་ལོག་པའི་ལམ་ལ་ཆས་པ་ཡིན། ཟླ་བ་ལྔ་དྲུག་ལྷག་གི་རིང་ལ་ཕྱིར་ཕ་ཡུལ་དུ་ལོག་མ་བྱུང་པས། ད་ནི་ཕ་ཡུལ་དྲན་པའི་སྣང་བ་ཞིག་ཀྱང་ནང་སེམས་སུ་དལ་བར་མངོན་ཡོང་པར་མ་ཟད། དུས་ཚོད་མགྱོགས་མྱུར་བགྱིས་ངང་ནས་ཕྱིར་ཕ་ཡུལ་གྱི་པང་དུ་ལོག་པར་རེ་བ་ནི་ངའི་དེ་རིང་གི་དམིགས་བྱ་མཐའ་ཉིད་ཏུ་གྲུབ་ཡོད་པ་འདྲ། དེ་བཞིན་རླངས་འཁོར་དེས་ཀྱང་ངའི་སེམས་ཀྱི་བྲེལ་འཚུབ་དེ་ཚོར་བ་ལྟར་དུ་རྒོད་པོ་འཐུར་མེད་ཞིག་གིས་ལ་ཐག་རིང་པོ་ཁད་ཀྱིས་བཅད་ཅིང་། གཞུང་ཁོག་ཡངས་པོ་འདོམ་དུ་བླངས་ཏེ་མདའ་ཕངས་བ་ལྟར་དུ་ཕ་ཡུལ་གྱི་ཕྱོགས་སུ་བྲེལ་བར་ཆས།

ལམ་བར་དུ་ངེད་ཚོས་ཕ་ཡུལ་དང་འབྲེལ་ནས་རང་རང་སོ་སོའི་ཚོར་སྣང་དང་མཐོང་ཐོས་མང་པོ་ཞིག་གླེང་ཞིང་། ལབ་གླེང་མང་པོ་ཞིག་གི་ཐ་མར། སྔར་གྱི་སྤྲོ་སྣང་དང་རེ་སྒུག་གི་ཀློང་ན་གདོལ་བཞིན་པའི་ངའི་སེམས་ཀྱི་ཕ་ཡུལ་དེ། རེ་ཞིག་རེ་ཆད་དང་སྐྱོ་སྣང་གི་ཀློང་ནས་ཁྱུད་མུར་བྱས་ཚར་བའི་སྐྱ་ཟད་སྔོ་སྡུག་གི་ཡུལ་ཁམས་ཤིག་ཏུ་བསྒྱུར་ཞིང་། ཐབ་ཆགས་དང་ཨུ་ཐུག་གི་ངོགས་ན། འཚོ་ཚིས་ཙམ་པོ་མཐའ་མའི་དམིགས་བྱ་རུ་སྒོམ་པའི་ཡུལ་གྱི་མི་དམངས་དང་། རླུང་ཁའི་མར་མེ་བཞིན་ཟད་ལ་ཉེ་བའི་ཡུལ་གྱི་གོམས་སྲོལ། ད་དུང་དེ་ལས་ཀྱང་སྲོད་ཁའི་གྲིབ་མ་བཞིན་ཉམས་སྣང་ཞིང་བག་འཁུམ་པའི་ཡུལ་གྱི་སློབ་གསོའི་ཆུ་ཚད་ལས་སོ་སོའི་སེམས་ངོར་སྐྱོ་གདུང་དང་ངུ་མ་དགོད་ཀྱི་མཚར་སྣང་ཞིག་ངང་གིས་བསྐྲུན་ཞིང་། ངེད་ཅག་བོད་ཀྱི་གཏམ་དཔེ་ཞིག་ལའང་༼རང་ཡུལ་གད་པ་ཡིན་ཡང་སྐྱིད་སྣང་ཞིག༽ཅེས་པ་ལྟར། སྤྱིར་ན་མི་བུ་སུ་ཞིག་ཡིན་རུང་། རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ནི་ནམ་ཡང་མཛེས་སྡུག་དང་རྨད་བྱུང་གི་ཀློང་ན་བརྗེད་མེད་དུ་གནས་ཤིང་གླེང་བར་གོམས་ཡོད་པར་མ་ཟད། མཛེས་སྡུག་དང་རྨད་བྱུང་གི་ངང་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རེ་བར་བཅོལ་ཡོད་ངེས་ཡིན། ངས་ཀྱང་ཕ་ཡུལ་གྱི་སྐྱིད་སྡུག་དང་འཕེལ་འགྲིབ་ལ་བསམ་གཞིག་དང་ཁག་འཁུར་གྱི་འགན་འཁྲི་ཞིག་དང་བླངས་བགྱིས། རང་ཚོད་ཀྱི་བསམ་བློ་དང་དཔྱོད་མིག་གིས་སྐྱིད་ལ་སྡུག་གི་སེམས་གཏམ་མམ་འབྱུང་འགྱུར་སྨིན་འབྲས་སུ་གྱུར་བའི་བསམ་གཞིག་གི་ཁག་བར་མིག་ཆུ་དང་འདྲེས་མའི་གཏམ་འདྲི་ཚ་བོ་ཞིག་བརྗོད་དགོས་པ་ནི་མི་བུ་གང་དེའི་རང་གི་ཕ་ཡུལ་ལ་བཅངས་པའི་དུངས་སེམས་དང་བགྱིས་པའི་འགན་འཁྲི་ཞིག་ཏུ་སེམས་ཤིང་རློམ་ཡོད་རྐྱེན། རེ་ཞིག་ཕ་ཡུལ་གྱི་སློབ་གསོའི་གནས་བབ་དང་འབྲེལ་ཏེ་སེམས་གཏམ་སྐྱ་བོ་ཞིག་བརྗོད་འདོད་བྱུང་སོང་།

སྤྱིར་ན་ས་གནས་སམ་ཡུལ་ཁོངས་གང་ཞིག་གི་སློབ་གསོའི་ཆུ་ཚད་དང་སྤུས་ཚད་ཀྱི་མཐོ་དམའ་ནི་གན་དང་འདི་འདྲ་ཞིག་རེད་ཅེས་གཅིག་ཆོད་ཀྱི་ཚིག་ཐག་ཅིག་བཅད་དེ་བརྗོད་ཐབས་བྲལ་པས། དེར་ངེས་པར་དུ་དཔྱད་ཞིབ་དང་རྒྱུས་ལོན་དཔྱིས་ཕྱིན་ཞིག་བྱས་ཏེ་གཟོད་བསྡོམས་ཚིག་ཅིག་བཀོད་ན་འོས་ཤིང་འཚམ་ངེས་མོད། ཕྱི་ལྟོས་ནང་གསལ་དུ་གྱུར་བའི་རང་རྫོང་གི་ལོ་ངོ་འདི་དག་རིང་གི་སློབ་མའི་བསླབ་འབྲས་དང་ཀུན་སྤྱོད། སློབ་གྲྭ་དང་སྤྱི་ཚོགས་གང་རུང་ཞིག་གི་གཞི་རྩར་སྣང་བའི་བྱ་འགུལ་ལམ་ཁག་འཁུར་དུ་འོས་པའི་སློབ་སྒྲུབ་ཀྱི་འགན་ནུས་ཆུ་ཚད་དང་རྩ་དོན་གྱི་རིམ་དགར་ལག་བསྟར་སོགས་ལ་ལྟོས་ཤིང་གཞིགས་ཏེ་འོང་ན། རང་རྫོང་གི་སློབ་གསོའི་ཆུ་ཚད་ཇི་འདྲ་ཞིག་ཡིན་པ་མིག་མཐོང་ལག་ཟིན་དུ་མངོན་ཡོང་བ་རེད། དེས་ན་འདི་ལྟའི་ཉམས་ཆུང་ཞིང་ཉེན་ཚབ་ཆེ་བའམ་བག་འཁུམ་པའི་སློབ་གསོའི་སྣང་ཚུལ་ཞིག་ཅིའི་ཕྱིར་ཆགས་པའི་རྒྱུ་རྐྱེན་ལ་བསམ་གཞིག་དང་དོགས་དཔྱོད་ཙམ་བྱས་ན། དེར་སློབ་གསོའི་ཁྱབ་ཁོངས་སུ་འདུ་བའི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་དང་འབྲེལ་བ་ཡོད་ངེས་ཤིང་། དེ་དག་ལས་ཀྱང་སློབ་གྲྭའི་སློབ་གསོ་ནི་གཞི་རྩར་གྱུར་ཡོད་པར་སྙམ། གཤམ་དུ་རང་རྫོང་གི་སློབ་གསོའི་གནས་བབ་དང་འབྲེལ་ཏེ། སློབ་གསོའི་ཁྱབ་ཁོགས་སུ་འདུ་བའི་རིགས་འདི་གསུམ་པའི་གནས་ཚུལ་དངོས་ལ་རགས་ཙམ་གླེང་བར་བྱ།

 

དང་པོ། འབྲེལ་མེད་དུ་སྣང་བའི་ཁྱིམ་ཚང་སློབ་གསོ།

སྤྱིར་བཏང་ཁྱིམ་ཚང་སློབ་གསོ་ཞེས་གླེང་ཡོང་དུས། ཆེ་ཕྱོགས་ནས་ངེད་ཅག་ཚང་མའི་སྣང་ངོར་རང་ཉིད་ཆུང་དུས་སུ་ཕ་མས་བཤད་མྱོང་བའི་རྒྱུ་འབྲས་བསླུ་མེད་དང་གཤིས་དྲང་འཇོན་ལུགས། རྒན་བཀུར་ཆུང་བྱམས་སོགས་ཤུགས་བསྟན་དུ་གྱུར་བའི་གནའ་བཤད་དང་གཏམ་དཔེ། ད་དུང་ཁོར་ཡུག་སྲུང་སྐྱོབ་དང་རང་འབད་ནུས་ཐག བདེན་དོན་མཐའ་འཁྱོལ་སོགས་དང་འབྲེལ་བའི་རྣམ་ཐར་དང་གཏམ་རྒྱུད་དག་ངང་ངམ་ཤུགས་ཀྱིས་ཤར་ཡོང་བར་མ་ཟད། མི་ཚེའི་རིན་ཐང་དང་འཇིག་རྟེན་གྱི་ལྟ་བ། མཛེས་དཔྱོད་ལྟ་བའི་འགལ་འདུ་སོགས་བརྗོད་མཚོན་དུ་གྱུར་བའི་དམངས་གླུ་དང་ཤགས་གླུ ལ་གཞས། སྲིད་པ་ཆགས་གླུ་སོགས་མང་པོ་ཞིག་ཀྱང་དྲན་པའི་སྣང་ངོར་བསྐུལ་ཡོང་ངེས་ཤིང་། ཆུང་ཕྱོགས་ནས་མི་གཤིས་ཀྱི་མཚོན་ཤུན་ལྟ་བུར་གྱུར་བའི་ལྭ་བ་གྱོན་སྟངས་དང་ཟ་མ་བཟའ་སྟངས། སྐད་ཆ་བཤད་སྟངས་སོགས་ཞིབ་ཕྲའི་དོན་གནད་དག་ཀྱང་འདུ་བ་རེད། བྱས་ཙང་། ངས་རྒྱུན་དུ་ངེད་ཅག་ལ་འདི་ལྟའི་སྲོལ་རྒྱུན་རིག་གནས་རང་བཞིན་གྱི་སློབ་གསོ་གཏོང་ཐབས་སམ། ཕུན་སུམ་ཚོགས་པའི་ཉམས་མྱོང་གི་རྒྱུ་བ་ལས་འཕྲོས་པའི་མི་གཞི་སྐྱོང་ཐབས་ཤིག་ཡོད་པ་འདི་ཉིད་ཀྱིས་གཞི་རྩའི་ཆ་ནས་མི་གཞི་ལེགས་པོ་ཞིག་འཁྱོངས་བར་སྔོན་འགྲོའི་རྨང་གཞི་དང་བསམ་བློའི་རྒྱུ་ཚོགས་ཤིག་བསྐྲུན་ཡོད་པར་སྙམ་ཞིང་། དེ་ལྟར་བཤད་མཁན་གྱི་ཁྱིམ་བདག་ནི་འགན་འཁྲི་ཅན་ནམ་བུ་ཕྲུག་གི་འདས་མ་ད་གསུམ་ལ་སེམས་ཁུར་དང་བརྩི་མཐོང་བྱེད་མཁན་ཡིན་ཤག་ཤག་རེད། ཡིན་ནའང་དེ་ལས་ལྡོག་སྟེ་བུ་ཕྲུག་དག་གི་བདེ་ཐང་མཚར་ལོངས་དང་རྒྱུན་གཤིས་འཇོན་ལུགས་སོགས་གང་ལའང་བསམ་གཞིག་དང་སེམས་ཁག་མི་བྱེད་པའི་༼གཞི་རྩའི་ཆ་ནས་གཏན་དུ་མི་བྱེད་པ་མིན༽ཁྱིམ་བདག་སྐོར་ཞིག་སྟེ། དེ་དག་གིས་བུ་ཕྲུག་དག་སློབ་གྲྭར་བསྐྱལ་བའི་ཉིན་ཤས་དེ་ནས་བཟུང་། དགེ་རྒན་ནི་བུ་ཕྲུག་གི་རྫི་བོ་ཞིག་ལ་བཅོས་ཏེ་རང་གི་བུ་ཕྲུག་གི་བསླབ་འབྲས་ལ་དང་དོད་ཆེན་པོ་མི་བྱེད་པའམ། ཐ་ན་ཟླ་འགའི་རིང་གི་སློབ་སྦྱོང་གི་བསླབ་འབྲས་དང་སྤྱོད་ཚུལ་སོགས་གང་ལའང་བརྟག་ཞིབ་དང་དོགས་འདྲི་སོགས་མི་བྱེད་པ་དག་སྟེ། འདི་ལྟའི་རིགས་ཀྱི་སྣང་ངོར་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་སྤུས་ཚད་ལེགས་མིན་དང་མཐོར་འདེགས་སུ་གཏོང་བར་ཁྱིམ་བདག་ལ་འབྲེལ་བ་ཆེས་ཆེར་མེད་པ་ཞིག་ཏུ་སེམས་ཡོད་པ་འདྲ། ཡིན་ནའང་ཁོ་ཚོའི་སྣང་ངོར་སློབ་མའི་སློབ་སྦྱོང་གི་བསླབ་འབྲས་དང་ཀུན་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་ནི་དཔེ་དེབ་དང་དགེ་རྒན་རྐྱང་རྐྱང་ལ་བསྟེན་ན་ལེགས་པར་འགྲུབ་ཐུབ་པ་ཞིག་མིན་པ་དེ་ཕལ་ཆེར་ཤེས་རྟོགས་བྱུང་མེད་ས་རེད། སྤྱིར་ན་འདི་ལྟའི་རིགས་ནི་ས་གནས་གང་དེའི་སློབ་གསོའི་ཕམ་ཁ་དང་ཉེས་སྐྱོན་ཆེན་པོ་ཞིག་ཏུ་མཐོང་མོད། འདི་ལའང་ཡེ་ནས་རྒྱུ་མཚན་མེད་པ་ཞིག་མིན་པ་འདྲ་སྟེ། སློབ་མའི་ཁྱིམ་བདག་ཕལ་ཆེ་བ་སློབ་གྲྭར་འགྲིམས་མ་མྱོང་ཞིང་། ལྷག་ཏུ་དེང་གི་སློབ་སྒྲུབ་ཀྱི་གཞི་རྩའི་ཁ་ཕྱོགས་དང་བསླབ་གཞིའི་ནང་དོན་སོགས་གང་ལའང་གོ་བ་གཏིང་ཟབ་ཅིག་ལོན་དཀའ་བས། རང་གི་བུ་ཕྲུག་དག་ལ་༼སློབ་སྦྱོང་བྱོས། ༽ཟེར་བ་ཙམ་ལས་གང་ཞིག་གཙོ་གནད་དང་དགོས་མཁོ་ཆེ་བ་ཙམ་ཡང་མི་ཤེས་པས། སློབ་མའི་སློབ་སྦྱོང་གི་ཐད་ནས་རོགས་འདེགས་དེ་ཙམ་ལས་གཞན་གྱི་ནུས་ནི་མ་མཆིས་སོ།། ཡིན་ཡང་དགའ་འོས་པ་ཞིག་ལ་ལོ་ངོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱིས་ལོ་དགུའི་སློབ་གསོའི་ལམ་ལུགས་ལག་བསྟར་དང་རྒྱུན་འཁྱོངས་བགྱིས་པར་བསྟེན། ཁྱིམ་བདག་ཕལ་མོ་ཆེས་ཀྱང་བུ་ཕྲུག་དག་སློབ་གྲྭར་བསྐྱལ་བའི་གྲངས་འབོར་ཇེ་མཐོར་དང་། སློབ་མའི་སློབ་སྦྱོང་གི་ཐད་ནས་རེ་བ་ནན་ཏན་དང་དོ་ཁུར་དོད་པོ་བྱེད་པའི་ཁྱིམ་བདག་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། མདོར་ན། སློབ་མའི་བསླབ་འབྲས་དང་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་གང་ལའང་ཁྱིམ་བདག་གམ་ཁྱིམ་ཚང་གི་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཏུ་སྣང་ཞིང་། དེ་ཉིད་མི་བུ་སོ་སོའི་སློབ་གསོའི་སྤུས་ཚད་དང་ཀུན་སྤྱོོད་ལེགས་བསྒྱུར་གཏོང་བར་གཞི་རྩའི་རམ་འདེགས་ཀྱི་ནུས་པའམ་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་གྲུབ་ཡོད་པས། རང་རྫོང་གི་ཁྱིམ་ཚང་སློབ་གསོའི་གནས་བབ་ལ་ལྟོས་ཏེ་གཞིགས་ན། སྣང་ཚུལ་དེར་ཡ་བྲལ་གྱི་སྐྱོན་ཆ་དང་ཉེས་ཆ་གང་མང་ཞིག་མཆིས་མོད། གཞི་རྩའི་ཆ་ནས་སློབ་མའི་མ་མཐའི་བསླབ་འབྲས་དང་ཀུན་སྤྱོད་ཀྱི་བྱིངས་ཚད་ལ་གལ་ཆེའི་གནོད་སྐྱོན་ཞིག་བསྐྱལ་མེད་པ་འདྲ། ཡིན་ཡང་དེར་མཆིས་པའི་ཉེས་ཆ་དག་གསལ་མཐོང་མཐའ་ཆོད་ཀྱིས་ལེགས་བསྒྱུར་བྱེད་རྒྱུ་ནི་འབྱུང་འགྱུར་སློབ་གསོ་འཕེལ་རྒྱས་ཀྱི་དགོས་འདུན་དུ་ཆགས་ཡོད་ངེས་ཡིན།

 

གཉིས། ཕྱི་བརྗིད་ནང་སྟོང་དུ་གྱུར་བའི་སློབ་གྲྭའི་སློབ་གསོ།

སློབ་གྲྭའི་སློབ་གསོ་ནི་སློབ་གསོའི་བྱ་གཞག་གི་ཁྱབ་ཁོངས་ཁྲོད་དུ། ཆེས་གནད་འགག་དང་ཆེས་གལ་ཆེན་གྱི་སྡེ་ཚན་ཞིག་ཏུ་གྲུབ་ཡོད་པ་རེད། རྒྱུ་མཚན་གོང་དུ་གླེང་ཟིན་པ་བཞིན། ཁྱིམ་ཚང་གི་སློབ་གསོ་ནི་མི་བུ་སོ་སོའི་སློབ་གསོའི་སྤུས་ཚད་དང་ཀུན་སྤྱོོད་ལེགས་བསྒྱུར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནམ་རྨང་གཞི་འདོན་སྤྲོད་བྱེད་མཁན་ཞིག་ཏུ་གྱུར་ཡོད་པས་ན། སློབ་གྲྭའི་སློབ་གསོ་ནི་ཆ་རྐྱེན་དེ་ཉིད་འདོན་ལེན་དང་ཇེ་རྒྱས་ཇེ་ལེགས་སུ་བསྒྱུར་བའི་སྣོད་བཅུད་ཕུན་སུམ་ཚོགས་པ་ཞིག་དང་། སློབ་གསོའི་མ་ལག་འཐུས་ཚང་བའི་ཁོར་ཡུག་ཁྱད་ཅན་ཞིག་ཏུ་གྲུབ་ཡོད་ཚོད་རེད། དེར་བརྟེན་ས་གནས་གང་དེའི་སློབ་གསོའི་ཆུ་ཚད་དམ་བྱིངས་ཚད་ཀྱི་མཐོ་དམའ་དང་། སློབ་མའི་བསླབ་འབྲས་དང་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་ཐད་ཀར་ས་གནས་དེ་གའི་སློབ་གྲྭའི་སློབ་གསོ་ལ་རག་ལས་ཤིང་། རྒྱུ་མཚན་སློབ་གྲྭའི་སློབ་གསོ་ལས་སྤྱི་ཚོགས་དང་སྡེ་ཁག་གང་རུང་ལ་དགོས་ཕན་ཆེ་བའི་འཇོན་མི་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པར་མ་ཟད། དེ་ཉིད་དེ་ལྟའི་ཞིང་ས་གསོན་པོ་ཞིག་ཏུ་ཆགས་དགོས་ཤིང་། སློབ་སྒྲུབ་ཀྱི་མ་མཐའི་འགན་འཁྲི་དང་གཞི་རྩའི་དམིགས་འདུན་དུའང་གྱུར་ཡོད་ངེས། དེར་བརྟེན་རང་རྫོང་གི་སློབ་གསོའི་གནས་བབ་དེ་འདི་ལྟའི་ཉམས་ཆུང་ཞིང་བག་འཁུམ་པའི་སྣང་ཚུལ་ཞིག་ཏུ་ཆགས་པའང་སློབ་གྲྭའི་སློབ་གསོ་ལ་རག་ལས་པ་ཤ་ཚའི་ཚིག་ལ་བསྐྱར་བཤད་མི་དགོས་པའི་གཏམ་དུ་གྲགས་ཚོད་རེད། དེས་ན་ཅིའི་ཕྱིར་སྣང་ཚུལ་འདི་ལྟ་ཞིག་ཆགས་སོང་བ་རེད་ཅེ་ན། ངས་མ་མཐོང་བ་དང་མ་ཐོས་པའི་རྒྱུ་རྐྱེན་གཞན་དག་ཀྱང་ཡོད་སྲིད་མོད། གཙོ་བོ་དགེ་རྒན་གྱིས་སློབ་ཁྲིད་འདོན་སྤེལ་གྱི་ཚད་དང་སློབ་མས་སློབ་སྦྱོང་ངེས་ལེན་གྱི་ཚད་ལ་རག་ལས་པར་སྙམ།

སློབ་གྲྭ་ཞིག་ལ་མཚོན་ན་བདེན་དོན་དངོས་འཁྱོལ་བའི་དགེ་རྒན་གྱི་དཔུང་སྡེ་བརྗིད་པོ་ཞིག་དང་། སློབ་གསོའི་ལས་དོན་ལ་ཐུགས་ཁུར་ཟབ་པའི་མགོ་ཁྲིད་དམ་སློབ་གཙོ་ཞིག་དགོས་པ་ནི་སློབ་གྲྭ་གང་དེའི་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ནམ་སྔོན་འགྲོའི་རྨང་གཞི་རུ་གྱུར་ཡོད། མ་ཟད་དེ་ནི་སློབ་སྒྲུབ་གང་དེའི་རྩ་འཛུགས་བརྗེ་སྤོར་གྱི་དམིགས་འདུན་དུའང་བཟུང་ཡོད་ངེས་མོད། རང་རྫོང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་རུང་ལ་ལྟོས་ཤིག མ་མཐའི་དགོས་འདུན་གྱི་སྣང་ཚུལ་དེ་ལྟ་ཞིག་ཀྱང་ཆགས་ཐུབ་ཡོད་མེད་ང་ཚོའི་མིག་མཐོང་ལག་ཟིན་རེད། སྐྱ་བོར་ཆགས་པའི་སློབ་གསོའི་གནས་བབ་དང་འབྲེལ་བའི་བརྗོད་གཞི་འགའ་དཔེར་རུ་དྲངས་ན། གཅིག་ཏུ་ཉམས་མྱོང་དང་ཤེས་ཡོན་གང་གི་ཆ་ནས་ཀྱང་ཡི་རངས་དང་བཀུར་བརྩི་བྱེད་འོས་པའི་དགེ་རྒན་ནི་མང་དུ་མཆིས་མོད། དེ་དག་གི་སློབ་སྒྲུབ་ཀྱི་བསམ་ཚུལ་དང་ཁྲིད་གཞིའི་འཆར་གཞི་སོགས་གང་རུང་ལ་རྒྱབ་སྐྱོར་དང་དང་དོད་བྱེད་མཁན་ག་ཙམ་ཡོད། མགོ་ཁྲིད་ཕར་ཞོག རང་སྣང་དང་ང་རྒྱལ་གྱིས་བཟི་བའི་དགེ་རྒན་གྱི་དཔུང་ཁག་ཏུ་འབོད་པའི་སྡེ་ནའང་ག་ཙམ་ཡོད། རང་རྒྱུས་རང་ལ་གསལ། གཉིས་སུ། ༼ཆེད་ལས་༽ཞེས་མིང་བཏགས་བརྗིད་པོ་ཞིག་ཕྲག་ཏུ་ཁུར་ནས་ཁྲིད་གཞིར་གྱུར་བའི་བསླབ་དེབ་གང་དེ་ལག་ཏུ་བཟུང་ཡང་། དོན་དམ་ཆེད་ལས་ཀྱི་ཚོད་ནས་ཤེས་བྱ་སྣ་གཅིག་ཀྱང་ཡང་དག་གསལ་ཆོད་ཀྱིས་ཁྲིད་ཤེས་མཁན་ག་ཙམ་གདའ། རྒྱུས་ལོན་ལྟར་ན་ཧ་ཅང་དཀོན།༼རྩིས་ཚན་དང་རིག་ཚན་ཕྱོགས་བསྡུས།༽ གསུམ་དུ་སློབ་ཁྲིད་བྱེད་པ་ནི་ཁག་བགོས་ཀྱི་འགན་འཁྲི་ཞིག་དང་གླ་ཕོགས་ཀྱི་རིན་དོད་ཅིག་ཏུ་རྩི་བ་ལས། ལྷག་བསམ་དང་རང་བརྩི། སྙིང་རྗེའི་དྭངས་མར་བསམ་ནས་ཁྲིད་མཁན་ག་ཙམ་ཡོད། རང་སེམས་སུ་ཧ་ཅང་གསལ། ༼དཔེར་ན། སློབ་ཁྲིད་བྱོལ་ཚེ་དངུལ་གྱི་ཆད་པ་གཅོད་པར་སྐྲག་སྟེ། འཐད་མ་འཐད་ཀྱིས་སློབ་ཁང་དུ་གཟུགས་ཙམ་མངོན་མཁན་དག༽ བཞི། ཁྲིད་ཡུལ་དུ་གྱུར་བའི་སློབ་མའི་དགོས་འདུན་དང་བསམ་བློར་དམིགས་ཏེ། སློབ་ཁྲིད་བཀོད་སྒྲིག་དང་ཆེད་ལས་ཁ་གཏད་ཀྱི་ཁྲིད་གཞི་ཞིག་ཁྲིད་ཐུབ་ཀྱིན་ཡོད་དམ་མེད། ནང་ཁུལ་དུ་གསལ་བར་མངོན། ༼རྩིས་ཚན་དགེ་རྒན་གྱིས་རིག་ཚན་ཁྲིད་པའམ། རྩིས་འཁོར་དགེ་རྒན་གྱིས་ལོ་རྒྱུས་ཁྲིད་པ་ ཡང་ན་ཆབ་སྲིད་དགེ་རྒན་གྱིས་རྩིས་རིག་ཁྲིད་པ། ལྟ་བུ། ༽ ལྔ་བ། སློབ་ཁྲིད་ལས་གཞན་སློབ་མའི་རྒྱུན་རིང་གི་བསམ་བློ་དང་སློབ་སྦྱོང་གི་ངོས་ལེན། ཀུན་སྤྱོད་ཀྱི་འཕེལ་འགྲིབ་སོགས་འགྱུར་ལྡོག་གང་རུང་ལ་བསམ་གཞིགས་སམ་མནོ་བསམ་བརྡར་མཁན་ག་ཙམ་ཡོད། སློབ་མ་ཚོར་རྒྱུས་མངའ་ཆེ། ༼དུས་རྒྱུན་སློབ་ཁྲིད་གྲོལ་རྗེས་ཤོ་དང་ལྦུ་ཆང་ལ་རོལ་བའི་དགེ་རྒན་འགའ༽ དྲུག སློབ་གྲྭ་ཞིག་གི་གཞི་རྩར་གྱུར་བའི་སློབ་སྒྲུབ་ཀྱི་དམིགས་ཡུལ་དང་སློབ་མའི་སློབ་སྦྱོང་གི་མ་མཐའི་དགོས་འདུན་ལ་གདོང་གཏད་སྒོས། འབྱུར་འགྱུར་གནད་ཕུགས་ཀྱི་གཙོ་ཕལ་ལ་དབྱེ་དགར་ཤེས་མཁན་སུ་སུ་ཡོད། སོ་སོའི་ལག་ལེན་ལས་མངོན་པར་མཐོང་། ༼སློབ་མའི་བསླབ་འབྲས་དང་སློབ་སྦྱོང་གི་དུས་ཚོད་ལས་སློབ་གྲྭའི་ཁོར་ཡུག་གི་གཙང་དག་དང་སློབ་ཁུལ་བརྟན་བརླིང་གཙོར་མཐོང་བྱེད་མཁན་གྱི་སློབ་གྲྭའི་མགོ་ཁྲིད། ༽ མདོར་ན། ངེད་ཅག་གི་སློབ་གྲྭ་དག་གིས་གཟོད་སློབ་གྲྭ་ཞིག་གིས་སྒྲུབ་འོས་པའི་འགན་འཁྲི་དང་ལས་གཞག་གང་ཞིག་གཙང་ཆོད་ཀྱིས་སྒྲུབ་ཐུབ་ཡོད། གཞན་ད་དུང་སློབ་མ་རང་སྒེར་གྱི་ངོས་ནས་ཀྱང་སྐྱོན་ཆ་གང་མང་ཞིག་མཆིས་པ་མངོན་གསལ་རེད། ༼སློབ་སྦྱོང་ནི་རང་ཉིད་ཀྱི་འགན་ཁུར་ཞིག་ཏུ་མི་བསམ་ཞིང་། ཕ་མ་ནི་རང་ཉིད་ཀྱི་གླ་བ་ཞིག་ཏུ་བལྟ་བ། མཚན་ཉིད་མི་ཚང་བའི་སློབ་མའི་མིང་བྱང་ཙམ་ཁུར་བའི་སློབ་མ་མང་བ། ལྟ་བུ༽ ཡིན་ཡང་འདི་དག་ཡོད་ཚད་ཀྱང་སློབ་མའི་ནོར་འཁྲུལ་རྐྱང་བ་ཞིག་ཏུ་ག་ལ་རྩི་རུང་། རྒྱུ་མཚན་འཇོན་མི་སྐྱེད་སྲིང་དང་གསོ་སྐྱོང་བྱེད་རྒྱུ་དམིགས་འདུན་དུ་བཅངས་བའི་སློབ་གྲྭའི་དགེ་རྒན་དག་ནི་དེ་ལྟའི་བསམ་བློ་རྙིང་རུལ་དུ་ཆགས་པ་དང་སློབ་གསོའི་འགན་འཁྲི་མེད་པ། ཕན་ཚུན་རྒྱབ་སྐྱོར་མེད་པ་སོགས་ལྟ་བུ་ཞིག་ཡིན་པས་ན། དེ་དག་གིས་སྐྱེད་སྲིང་བྱེད་བཞིན་པའི་སློབ་མ་དག་ནི་ཇི་ལྟ་ཞིག་ཏུ་ཆགས་རྒྱུ་ཡིན་པ་སྨྲས་མ་དགོས་ཚོད་དུ་མངོན། བྱས་ཙང་། དགེ་རྒན་གྱི་བསམ་བློའི་མཛུབ་ཁྲིད་དང་སློབ་གསོའི་ལེགས་སྐྱོང་ནི་གལ་ཆེར་མཐོང་ཞིང་། སློབ་གྲྭ་དག་གིས་དགེ་རྒན་གྱི་དཔུང་སྡེ་ནི་གལ་ཆེན་དུ་མཐོང་རྒྱུ་དགོས་གལ་ཆེ་བར་བསམ།

༼གོང་དུ་གདམ་ཟིན་པའི་དྲི་གཞིའི་ཁྲོད་དུ། དགེ་རྒན་སུ་ཞིག་རང་ཉིད་ཀྱིས་དེ་ལྟ་ཞིག་བྱེད་ཀྱིན་ཡོད་མེད་རང་ལ་གསལ་བས། ངས་མཐའ་གཅིག་ཏུ་ཕལ་ཆེར་ཡོད་ཚད་དེ་ལྟ་ཞིག་རེད་ཅེས་བརྗོད་ག་ལ་སྤོབས། བརྗོད་འོས་ཀྱང་མིན།༽

 

གསུམ་པ། ཁྲིམས་ཀྱི་གཟི་དཔུང་སྟོབས་པའི་སྤྱི་ཚོགས་སློབ་གསོ།

སྤྱི་ཚོགས་སློབ་གསོ་ཞེས་པ་ནི་མི་ཚོགས་ཀྱིས་གྲུབ་པའི་ཚོགས་སྤྱི་ག་གེ་མོ་ཞིག་གི་སློབ་གསོའི་སྤུས་ཚད་དང་ཀུན་སྤྱོད་ཀྱི་བྱིངས་ཚད་སྤྱི་ལ་ངོས་འཛིན་བྱེད་ཅིང་། འདི་ལ་༼སྣ་འཛོམས་རང་བཞིན་གྱི་སློབ་གསོ་༽ཞེས་ཀྱང་བརྗོད་པར་གསལ། སྒྲ་དོག་པར་གཞིགས་ཚེ། སྤྱི་ཚོགས་སློབ་གསོ་ཞེས་པ་ས་གནས་དེ་གའི་སློབ་གསོའི་མ་ལག་དང་འབྲེལ་བའི་ལས་ཁུངས་དག་གི་བྱ་འགུལ་སྤྱི་ལ་ངོས་འཛིན་ཡང་བྱེད་ངེས། འགན་འཁྲིའི་ཆ་ནས་བཤད་ཚེ་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོར་རམ་འདེགས་འཛད་མཁན་དང་སློབ་གྲྭའི་སློབ་གསོའི་ཕྱིར་སྣང་མཚོན་བྱེད་ཞིག་ཏུ་གྱུར་ཡོད། དེས་ན་རང་རྫོང་གི་སྤྱི་ཚོགས་སློབ་གསོའི་སྣང་ཚུལ་དེ་ཉིད་ལྟོས་བཅོས་ཀྱིས་བཤད་ན་ལེགས་པོར་མཐོང་མོད། དོན་དམ་སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་ལམ་ཁུངས་དག་གིས་འཁྱོལ་འོས་བའི་འགན་ཁུར་དང་སྒྲུབ་འོས་པའི་བྱ་གཞག་ཅིག་སྒྲུབ་ཐུབ་ཀྱིན་ཡོད་མེད་སུ་ལའང་རྦ་གསང་བྱེད་ཐུབ་མེད། དཔེར་ན། རང་རྫོང་ནི་བོད་རིགས་རྐྱང་རྐྱང་གིས་གྲུབ་པའི་རྫོང་ཞིག་ཡིན་པས། སྐད་ཡིག་གཙོར་བཟུང་གིས་ཡིག་རིགས་གཞན་པ་འཕེལ་རྒྱས་སུ་བཏང་ན། འོས་ཤིང་འཚམ་པའི་སྣང་འཆར་ཞིག་ངེད་ཅག་སུའང་བསྐྲུན་ཡོད་སྲིད་མོད། རང་རྫོང་གི་སྲང་ལམ་དག་ཏུ་ངུ་མ་དགོད་ཀྱིས་ཆེན་པོར་མངོན་པའི་ཡིག་ནོར་གྱི་སྡེ་དག་ལས། ས་གནས་འདི་གས་འབྲེལ་ཡོད་ལས་ཁུངས་དང་ཤེས་ཡོན་པའི་སྡེ་ཁག་གིས་རང་སྐད་རང་ཡིག་ལ་བཟུང་བའི་འདུ་ཤེས་དང་ལྷག་བསམ་དེ་ག་ལེར་གསལ་ཡོང་། ལྷག་ཏུ་དེ་ལས་ཀྱང་སྐྱོ་སྣང་རབ་ཏུ་གདུང་ཞིང་འགན་བབ་ལག་ཏུ་གཞོལ་བ་ཞིག་ནི་མི་རིགས་ཀྱི་རྫོང་ཞིག་ལ་ཡོད་ཡོད་ཆོག་ཆོག་དང་ཡོད་འོས་ངེས་ཀྱི་༼མི་རིགས་སྐད་ཡིག་གཞུང་སྒྲུང་ཁང་༽དེ་རང་རྫོང་གིས་ཡར་སྔོན་ཞིག་ནས་བཟུང་ཡལ་བར་དོར་ཟིན་པ་དེའོ།། ད་དུང་ཉེ་བའི་ལོ་འདི་འགར་རང་རྫོང་གིས་ཁྲིམས་སྲོལ་གསར་བ་ཞིག་བཏོད་ཞིང་ལག་བསྟར་བྱས་པ་སྟེ། ས་གནས་གང་ཞིག་ཏུ་ཟབ་སྦྱོང་འཛིན་གྲྭ་དང་ཕ་སྐད་དང་འབྲེལ་བའི་བགྲོ་གླེང་སོགས་གང་རུང་ཞིག་ཚོགས་ན། དེར་ནན་ཏན་བགྱིས་བརྟག་དཔྱད་དང་འགོག་གཉེར་བྱེད་པ་ཡིན་སོགས་ལྟ་བུ། ས་གནས་ཤིག་གི་སློབ་གསོ་འཕེལ་རྒྱས་ལ་རོགས་འདེགས་དང་ལས་གཞག་ལ་སྐུལ་འདེད་གཏོང་བ་གཞི་རྩའི་དམིགས་འདུན་དུ་བཅངས་པའི་ཟབ་སྦྱོང་འཛིན་གྲྭ་སོགས་འཛུགས་པ་ནི་དགའ་འོས་པའི་སྣང་ཚུལ་དུ་ཆགས་ཤིང་།༼ཁྲིམས་མཐུན་དང་ཁྲིམས་བརྩིའི་རང་བཞིན་ལྡན་པ།༽ དེར་ཚོད་འཛིན་དང་བཀག་གཉེར་བྱེད་པའི་ཁྲིམས་སྲོལ་ཞིག་གཞི་བཅོས་ཀྱི་ཆ་ནས་མེད་མོད། རང་རྫོང་གིས་གང་ཞིག་ནས་དྲུལ་འོང་བ་མི་གསལ་བའི་ཁྲིམས་སྲོལ་འདི་ལས་ངེད་ཅག་སུ་ཞིག་གིས་འདི་ནི་རང་རྫོང་གི་སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་ལས་ཁུངས་དག་གི་སྒྲུབ་འོས་ཀྱི་ལས་གཞག་རླབས་ཆེན་དང་མངོན་པར་བསྟོད་འོས་ཀྱི་མཛད་རྗེས་བླ་མེད་དུ་བརྗོད་ཅིང་རྩིའམ། གཞན་ད་དུང་རླུང་ཁའི་མར་མེ་བཞིན་ཟད་ལ་ཉེ་བའི་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་དང་ཁག་འགན་གྱི་འདུ་ཤེས་ཡོད་པའི་ཚོགས་པ་གང་རུང་ཞིག་བཙུགས་ཚེ། དེ་ཉིད་ཁྲིམས་གསར་གྱི་གཏན་སྲོལ་དང་འགལ་བར་བསྙད་པའི་འདུ་སྣང་ཁྱད་མཚར་རམ་བསམ་བློ་དགོད་བྲོ་བའི་སྤྱོད་ཚུལ་དེ་རིགས་ནི་སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་ལས་ཁུངས་དག་གིས་ས་གནས་སློབ་གསོ་འཕེལ་རྒྱས་འགྲོ་བར་འགན་དུ་བཞེས་པའི་ལས་གཞག་དང་། སློབ་གསོ་འཕེལ་རྒྱས་གཏོང་བར་ཐུགས་ཀྱིས་བཏོན་པའི་སེམས་བརྩེ་དྲོད་མོ་ཡིན་ནམ། ཡང་ན་སློབ་གསོའི་བྱ་གཞག་ལ་འཕུད་པའི་འཕྲེད་མེད་ཀྱི་ཐག་ཞགས་ཡིན།

མདོར་ན་ས་གནས་གང་ཞིག་གི་སློབ་གསོའི་ཆུ་ཚད་དང་སྤུས་ཚད་ནི་ས་གནས་དེ་གའི་སློབ་གྲྭ་དང་། དེ་འབྲེལ་གྱི་ལས་ཁུངས་གང་རུང་ཞིག་ལ་རག་ལས་ཡོད་པར་མ་ཟད། དེ་ལས་ཀྱང་སློབ་གྲྭའི་སློབ་གསོས་གོ་གནས་གལ་ཆེན་ནམ་ནུས་པ་ཆེས་ཆེར་ཐོན་བཞིན་ཡོད་པས། ཉམས་ཆུང་ཞིང་ཉག་ཕྲ་བའི་ངེད་ཅག་གི་སློབ་གསོའི་རྒྱུ་ལམ་འདི་ཉིད་འཕེལ་རྒྱས་དང་མཐོར་འདེགས་གཏོང་བར། སོ་སོའི་རང་འགན་དང་བླངས་བགྱིས་ནུས་ཤུགས་གང་ཡོད་འདོན་རྒྱུ་ནི་འཕེལ་རྒྱས་ཀྱི་གཞི་རྩའི་དགོས་མཁོར་གྲུབ་ཡོང་སྙམ།

ཁྱེད་ཅག་གིས་ངའི་འབོལ་རྩོམ་འདི་མཐོང་དུས། ང་ནི་དྲིན་གཤིས་ལོག་པར་བལྟ་བའི་མི་བུ་ཐ་ཤལ་ཞིག་ཏུ་མཐོང་ཡང་སྲིད་མོད། དེ་ལྟ་ཞིག་ཏུ་མི་སེམས་པའི་རེ་བ་སྔོན་ནས་ཀྱང་བརྗོད་ཡོད། རྒྱུ་མཚན་ངས་བརྗོད་ཀྱིན་པ་ནི་དངོས་དོན་ལས་འཕྲོས་པའི་མིག་ཆུའི་ཐིགས་ཞགས་ཡིན། སླ་བར་བཤད་ན་ཀུན་སློང་གཙང་མས་རྒྱུ་བར་ཕྲ་བཏབས་པ་ཙམ་ཡིན།

༢༠༡༥ལོའི་ཟླ་༧པའི་ཚེས་༢༦ཉིན།