རྭ་སྒྲེང་ཕ་བོང་ཐང་དུ་ངོ་མཚར་གྱི་ཤོད་སྲོལ།

26/545

རྭ་སྒྲེང་ཕ་བོང་ཐང་དུ་ངོ་མཚར་གྱི་ཤོད་སྲོལ།
བློན་ཆེན་སྟག་སྒྲ་ཀླུ་གོང་དང་།
རྩེ་ཉྭ་ཇག་གསོད་མའི་སྐོར།
བསྡུ་སྒྲིག་པ་སོག་རུ་མགོན་པོ་རྡོ་རྗེ།


ཁོ་བོ་ཕ་ཡུལ་རྭ་སྒྲེང་ནས་མིན་ལ་རྭ་སྒྲེང་ལུང་པར་འགྲོ་མ་མྱོང་། དེ་བས་རྭ་སྒྲེང་ཡུལ་དགོན་སྐོར་ལ་འདི་དང་འདི་ཞེས་ཤོད་རྒྱུ་ཚད་ལྡན་ཞིག་མེད། འོག་ཏུ་བཀོད་པ་དག་ནི་ཡང་དག་མིན་དང་ལོ་རྒྱུས་ཀྱི་ཡིག་ཚང་ནང་དུ་གསལ་ཡོད་མེད་གཙོ་བོ་མིན་ལ། བདེན་པ་ཡིན་མིན་གྱི་རྩོད་པ་ཡང་བྱེད་དགོས་དོན་མེད། འདི་ནི་དམངས་ཁྲོད་ཀྱི་ངག་རྒྱུན་སྲུང་སྐྱོབ་ཁོ་ནར་དམིགས་པ་ཞིག་ཡིན་པ་མཁྱེན་པར་མཛོད།
དེ་ཡང་གནའ་མི་བགྲེས་པོ་དག་གི་ངག་རྒྱུན་ལས་བྱུང་བའི་རྭ་སྒྲེང་ཕ་བོང་ཐང་བསྐོར་གྱི་ངོ་མཚར་བའི་བཤད་རྒྱུན་གཞན་ཞིག་ཡོད་པ་ནི། བོད་རྒྱལ་སྲོང་བཙན་སྐབས་ཀྱི་མཛངས་བློན་སྟག་སྒྲ་ཀླུ་གོང་དང་བདུད་བཙན་ཞིག་རྩལ་འགྲན་པར་ཁ་འཆམ།
ཁོང་གཉིས་དང་པོ་བང་འགྲན། གཉིས་པ་ཤེད་འགྲན། གསུམ་པ་རྫུ་འཕྲུལ་འགྲན་པར་གྲོས་བྱས།

དང་པོ་ཁོང་གཉིས་བང་འགྲན་དུས་ཕ་བོང་ཐང་ལ་གཡས་བསྐོར་ཐེངས་གསུམ་དང་གཡོན་བསྐོར་ཐེངས་གསུམ་བརྒྱབ་ཀྱང་དབྱེ་བ་མ་ཆོད། ཁོང་གཉིས་བང་འགྲན་སྐབས་ལས་བྱུང་བའི་ཐང་དེར་རི་མོ་གཡས་འཁྱིལ་གཡོན་འཁྱིལ་མང་པོ་ཡོད་པར་གྲགས།


གཉིས་པ་ཁོང་གཉིས་ཤེད་ཉིན་གསུམ་འགྲན་ཡང་རྒྱལ་ཕམ་གྱི་དབྱེ་བ་མ་ཆོད། ཐང་གཞོང་དེར་ཤེད་འགྲན་པའི་རྡོ་ཆེན་གཉིས་ཡོད་པར་གྲགས།


གསུམ་པ་ཁོང་གཉིས་རྫུ་འཕྲུལ་འགྲན་སྐབས་བློན་ཆེན་སྟག་སྒྲ་ཀླུ་གོང་གིས་བདུད་དེ་ཚར་བཅད་ནས་དགའ་སྟོན་རྟེན་འབྲེལ་དུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་གྲགས། གནས་དེ་རུ་དེང་སང་མཁའ་འགྲོའི་ཚོགས་གཞོང་ཞེས་འབོད།


ཤོད་སྲོལ་གཞན་ཞིག་ལ་རྭ་སྒྲེང་སྐུ་འཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་སྐུ་རིང་ལ་རྭ་སྒྲེང་ཕ་བོང་ཐང་བསྐོར་དེ་དར་ཁྱབ་ཆེན་པོ་བྱུང་ནས་དད་ལྡན་མཇལ་བ་མང་པོ་བུང་བ་སྤྲིན་ཚོགས་འདུས་པ་ལྟར་ཡོད་པར་གྲགས།
དུས་དེར་བྱང་ཨ་ཡན་གྱི་ཇག་པ་མི་བདུན་ཟེར་བའི་ཇག་ཚོགས་ཞིག་ཡོད་པར་གྲགས་པས། ཇག་པ་དེ་ཚོས་རྭ་སྒྲེང་དགོན་པར་འབུལ་སྟོན་ལ་ཡོང་མཁན་དད་ལྡན་པ་མང་པོ་ལམ་བར་དུ་རྒྱུ་ནོར་འཕྲོག་བཅོམ་དང་ཚེ་སྲོག་བཅད་པ་སོགས་ནག་ཉེས་མང་པོ་བསགས་པར་རྟེན་རྭ་སྒྲེང་དགོན་དུ་འབུལ་སྟོན་ལ་ཡོང་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།
ཚུལ་དེ་རྭ་སྒྲེང་རིན་པོ་ཆེས་མཁྱེན་ནས་རྩེ་ཉྭ་རི་ཁྲོད་ལ་བཞུགས་པའི་གྲུབ་ཐོབ་རྩེ་ཉྭ་ཞུ་བ་ཁོང་ལ་འདུལ་སྐལ་ཡོད་པར་མཁྱེན་ནས་གྲུབ་ཐོབ་རྩེ་ཉྭ་གདན་དྲངས་པར་བཏང་། གྲུབ་ཐོབ་རྩེ་ཉྭ་ཡང་བླ་མ་རྭ་སྒྲེང་གི་བཀའ་བཞིན་ཇག་པ་དག་འདུལ་བར་ཁས་བླངས། གྲུབ་ཐོབ་ཀྱིས་སྒར་པ་ཆེན་པོ་ཞིག་ལ་སྤྲུལ་ནས་ཕེབས། ཇག་པ་ཚོས་སྒར་པའི་རྗེས་ཉིན་མ་མང་པོ་དེད་ནས་ཡོང་ཀྱང་རྗེས་མ་ཟིན། མཐར་སྒར་པ་དག་ཕ་བོང་ཐང་དུ་འབྱོར་ནས་སྒར་བརྒྱབ། སྒར་དཔོན་གྲུབ་ཐོབ་རྩེ་ཉྭས་ཐང་སྣེར་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་རང་འབར་༼མེ་མདའ་བོད་མདའ་ཡི་མིང་ལ་བྱང་ཁུལ་དུ་རང་འབར་ཞེས་འབོད།༽ཞིག་བསྣམ་ནས་ཇག་པ་དག་སྒུག་ར་སྤྲད། ཇག་པ་ཚོ་ཐང་སྣེར་མ་སླེབས་ཙམ་ལ་ཕན་ཚུན་རང་འབར་འཕེན་རེས་བྱས། ཇག་པས་ཚུར་ལ་མེ་མདའ་ག་ཚོད་བརྒྱབ་ཀྱང་གྲུབ་ཐོབ་ལ་མཚོན་མ་སོང་། ཕར་ལ་རང་འབར་བརྒྱབ་ནས་ཇག་པ་དག་བཏུལ། ཇག་པས་རང་འབར་བརྒྱབ་པའི་ཤུལ་ཡང་དེ་སང་ཐང་སྣེར་རྡོ་ཕ་བོང་སྟེང་དུ་ཨི་ཁུང་མང་པོ་ཡོད་སྐད་གདའ། དུས་དེ་བཟུང་རྩེ་ཉྭ་ཇག་གསོད་མ་ཞེས་སྐད་གྲགས་ཆེན་པོ་བྱུང་། ཇག་པ་དག་གི་སྡིག་པ་སྦྱང་བའི་ཆེད་དུ་བླ་མ་རྭ་སྒྲེང་དང་གྲུབ་ཐོབ་གཉིས་ཀྱིས་མཎ་གདང་༼མ་ཎི་རྡོ་སྤུངས་ལ་འབྲོག་སྐད་དུ་མཎ་གདང་ཟེར༽གོང་འོག་གསུམ་བཞེངས་ནས་དེང་སང་ཡང་མཇལ་རྒྱུ་ཡོད་པ་གདའ།
གྲུབ་ཐོབ་ལ་ཇག་པ་དག་བཏུལ་བའི་ཡོན་དུ་ཅི་དགོས་ཞུས་པར་གྲུབ་ཐོབ་ཀྱིས་རྟ་དང་ཁྲབ་རྨོག གྲི་དང་རང་འབར་བཅས་གོ་ལག་ཆ་ཚང་བར་དགོས་གསུངས། དུས་དེ་ནས་བཟུང་རྩེ་ཉྭ་བླ་མ་ཞེས་སྤྲུལ་སྐུར་ངོས་འཛིན་ཞུ་སྲོལ་བྱུང་བ་མ་ཟད། རྩེ་ཉྭ་སྐུ་འཕྲེང་རིམ་བྱོན་དག་ཐུགས་གཏུམ་ཞིང་གྲུབ་རྟགས་མང་བ། སྤྱིར་གཏང་དགོན་པར་མི་བཞུགས་པར་གྲོང་དུ་རྟུལ་ཞུགས་སྤྱོད་པ་སྐྱོང་ཞིང་། དུས་ཕྱིས་ཡང་བླ་མ་རྭ་སྒྲེང་དང་མ་དགོན་སེ་ར་དགོན་སོགས་བསྟན་སྤྱིའི་དོན་དུ་བསྟན་དགྲ་མི་ཉུང་བ་བཏུལ་བར་གྲགས།
༢༠༡༥.༨.༩.ནམ་གུང་ཆུ་ཚོད་གསུམ་པར་ཟིན་བྲིས་སུ་བཀོད།