དམག་སྲོལ་དང་དམངས་སྲོལ་གཉིས་ཀྱི་འབྲེལ་བ་ཅི་ཡོད་དམ།

20/545

 

རྒྱལ་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་དམག་ཁྲི་ཚོ་མང་པོ་ས་ཆ་གང་སར་དམག་བརྒྱབ་པར་ཕྱིན་ཞིང་རྒྱལ་ཁ་ཐོབ་པའི་སྐོར་མང་པོ་འཁོད་དོན་ཡང་གནད་དོན་ཁ་ཤས་ལ་རགས་ལུས་ཡོད་པ་ནི།

མདུང་དང་དར་ལྕོག ལོ་ངོ་སྟོང་ཕྲག་གོང་ཁྱིམ་ཚང་ཕལ་ཆེ་བའི་ནང་ནས་དམག་མི་རེ་དམག་རྒྱག་པར་འགྲོ་ཡི་ཡོད་པ་དང་རང་རང་སོ་སོའི་གོ་མཚོན་མདུང་སོགས་ཁང་པའི་སྒོ་འགྲམ་དུ་བཙུགས་ནས་ལེན་ཕྱོགས་ཕྱོགས་བྱེད་ཀྱི་ཡོད་པའི་གོམས་གཤིས་དེ་དར་ལྕོག་གི་ངོ་བོར་གྱུར་བ་བྱུང་བ་དང་དེ་བཞིན་རུ་དར་དང་མདའ་དར་སོགས་ཀྱང་དེའི་དཔེ་མཚོན་ཞིག་གོ

དམག་ཁྱི་དང་སྒོ་ཁྱི། སྔར་གཞན་གྱི་དམག་སྟོབས་ཆེ་ཞིང་རང་སྟོབས་ཆུང་བའི་སྐབས་དམག་ཁྱིར་དམག་ཁྲབ་གཡོགས་ཏེ་དགྲ་བོའི་དམག་ཁྲོད་དུ་བཏང་བས་ཕ་རོལ་པོ་ཁ་འཐོར་ཏུ་བཏང་ཏེ་དམག་རྒྱག་བདེ་པོ་ཡོང་གི་ཡོད་པ་དང་དམག་ཚར་རྗེས་རང་ཁྱིམ་ལ་སྒོ་ཁྱིར་ཉར་ཏེ་སྤྱང་ཀི་སོགས་ཀྱིས་ར་ལུག་ལ་གནོད་པ་འགོག་ཆེད་སྒོ་ཁྱིར་ཉར་བ་འོ།

རུ་སྡེ་དང་རུ་བ། སྔར་དམག་རྣམས་རུ་སྡེ་དང་རུ་སྡེ་བྱས་ཏེ་སྐྱོད་ཀྱི་ཡོད་པ་དང་རུ་སྡེ་ས་ཆ་གཞན་དུ་སྤོ་སྐབས་རུ་སྤོས་པའི་ཐ་སྙད་བྱུང་བ་དེ་རིམ་གྱིས་འབྲོག་ཁུལ་སོགས་སུ་དར་ཏེ་རུ་བ་སྤོས་ཞེས་པའི་མིང་དེ་ཡང་དམག་གི་རུ་སྡེ་དང་འབྲེལ་བ་ཡོད་པའོ།

དམག་ཟན་དང་རྩམ་པ། སྔར་དམག་མང་པོ་རྒྱག་དགོས་པར་བརྟེན་དམག་མིའི་ལྟོ་ཆས་ནི་དཀའ་ངལ་ཆེ་ཤོས་ཡིན་པས་སྟབས་བདེ་ཞིང་ལས་སྒོ་ཉུང་བའི་ཟ་མའི་རྩེ་ཕུད་རྩམ་པ་དེ་དམག་དཔུང་ལ་མཁོ་སྤྲོད་གནང་བས་དམག་དཔུང་གི་ལྟོ་ཆུ་ཆད་པ་སོགས་ཀྱི་དཀའ་ངལ་མ་ཕྲད་པས་གཡུལ་ལས་རྒྱལ་བར་དཀའ་ཚེགས་མ་བྱུང་ངོ་།

དམག་རྟ་དང་བཞོན་རྟ། བོད་བཙན་པོའི་སྐབས་སུ་དམག་རྟར་རྟ་ཁྲབ་གཡོགས་ཏེ་དམག་བརྒྱབ་ཀྱི་ཡོད་པ་དང་དམག་རྟ་ལེགས་ཉེས་ཀྱི་རྟ་རྒྱུགས་འགྲན་སྡུར་བྱེད་སྲོལ་ཡོད་པ་དེའི་ལུགས་སྲོལ་བྱང་ཐང་རྟ་རྒྱུགས་སོགས་ཀྱང་དམག་རྟའི་འགྲན་སྡུར་ནས་འཕེལ་རྒྱས་བྱུང་བ་ཡིན་ནོ།

མཐའ་སྲུང་དམག་དང་བཀའ་མ་ལོག བོད་བཙན་པོས་ས་ཆ་མང་པོར་དམག་བརྒྱབ་ཞིང་རྒྱལ་ཁ་ཐོབ་པས་མཐའ་མཚམས་ས་བརྟན་འོང་ཆེད་མཐའ་སྲུང་དམག་ཕྱིར་ལོག་འོང་རྒྱུའི་བཀའ་མ་གནང་བས་བཀའ་མ་ལོག་ཞེས་པའི་རྒྱུད་པ་བྱུང་བ་དང་ཡོན་གོང་མ་སེ་ཆན་ཧན་གྱི་ནང་བློན་སམ་གྷ་ཆིང་སང་ཡང་བཀའ་མ་ལོག་གི་རྒྱུད་པ་ཡིན་ནོ།།

ཡུལ་དམག་དང་གཞུང་དམག། དེ་གཉིས་ཀྱི་གྱོན་གོས་སོགས་ལ་ཁྱད་པར་ཡོད་ཀྱང་རྒྱལ་ཁབ་ལ་དམག་དཔུང་དགོས་མཁོའི་སྐབས་སུ་བཅོ་བརྒྱད་དྲུག་བཅུ་ཞེས་ལོ་༡༨ནས་ལོ་༦༠བར་གྱི་ཕོ་ལུས་ཚང་མ་འགྲོ་དགོས་པའི་སྲོལ་ཡང་ཡོད་དོ། །