རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཉེ་འཆར་གནང་བའི་བཀའ་སློབ།

18/545

༼༡༽

འོ་ཡ་ད་དེ་རིང་དུས་ཚོད་ཅུང་ཙམ་འདུག དེས་ན་ངས་སྐད་ཆ་ཉུང་ངུ་ཙམ་ཞུ་བ་ཡིན། དེ་ཡང་གཙོ་བོ་ཀློག་པ་ཐོས་བསམ་པ་དག་ལ་བཤད་པ་ཡིན། དེ་ག་རེ་རེད་ཟེར་ན། ཐོས་པ་ཁོ་ནས་ནང་ཆོས་བརྒྱ་ཆ་བཅུ་ཙམ་མ་གཏོགས་མཁྱེན་གྱིན་ཡོད་པ་མ་རེད། དེས་ན་ཐོས་པའི་རྗེས་སུ་བསམ་པ། དེ་ནས་སྒོམ་རྒྱུ་དེ་གནད་ཆེན་པོ་རེད།

༼༢༽

སློབ་གཉེར་བ་རྣམ་པས་དཔེ་ཆ་ལ་གཟིགས་པའི་དམིགས་ཡུལ་གཙོ་བོ་ནི་ནང་པའི་ལྟ་བ་མཐར་ཐུག་དེ་མི་ནོར་བའི་ཆེད་དུ་ཡིན་དགོས། ནང་བའི་ལྟ་བ་ཟེར་ཡ་དེ་ཡང་རྐུ་འཕྲོག་དང་འཛིང་མོ་སྤོང་བ་དེ་ག་ནང་བཞིན་རབ་ཏུ་བྱུང་བ། བསམ་གཏན་སྒོམ་པ། ཞི་བདེ་དང་མཐུན་སྒྲིལ་སོགས་མི་དགེ་བཅུ་སྤོང་ཙམ་མ་ཡིན་པར་ཡེ་ཤུ་དང་ཧིན་དྷུའི་ཆོས་ལུགས་རྣམས་དང་ཐུན་མོང་མིན་པ་སྟེ། ནང་བའི་ཐུན་མིན་གྱི་ལྟ་བ་མཐར་ཐུག་མ་ནོར་བ་དེ་ཧ་ཅང་གལ་ཆེ།

༼༣༽

ཁྱེད་རང་ཚོས་དཔེ་ཆ་སྦྱོང་དུས་བློ་གཟུ་བོར་གནས་པ་དེ་གལ་ཆེན་པོ་རེད། དེ་བྱེད་རྒྱུ་དཀའ་ལས་ཁག་པོ་རེད། ག་རེ་རེད་ཟེར་ན་ཁམས་པའི་ཁ་ཕོ་རིས་དང་སྣ་ཕོ་རིས་ཟེར་བ་མང་པོ་ཡོད་རེད། དཔེར་ན། ཡུལ་ལུང་སོ་སོའི་ཡུལ་བའི་ནང་དུ་ངའི་རྩྭ་ས་དང་ཞིང་ས་ཟེར་བ་དང་། ཆུ་ཕར་རུ་ཚུར་རུ་ཟེེར་ནས་འཛིང་རྩོད་བྱུང་བ་དེ་ཡང་བློ་གཟུ་བོར་མ་གནས་པའི་སྐྱོན་རེད། དེས་ན་བློ་གཟུ་བོར་གནས་པ་གཙོ་ཆེ།

༼༤༽

བཤད་གྲྭ་བས་གུས་པ་བྱས་ནས་སློབ་སྦྱོང་བྱས་ན་སློབ་སྦྱོང་དེ་རྒྱ་ཆེན་པོ་འགྲོ་ཀི་ཡོད་པ་མ་རེད། དེས་ན་དཔེ་ཆ་ལ་ལྟ་མཁན་ཚོས་ཞོར་དུ་ཚེ་སྔ་ཕྱི་ཡོད་དམ་མེད། སེམས་ཟེར་བ་དེ་ཡོད་དམ་མེད། སྤང་རྟོགས་མཐར་ཕྱིན་པ་ཡོད་པ་ཡིན་ནམ་མིན་བསམས་ནས་དོགས་པ་བསླངས་ཏེ་སློབ་སྦྱོང་བྱས་ན་སྟོན་པ་ཉིད་ཀྱིས་༼ལེགས་པར་བརྟགས་ལ་ང་ཡི་བཀའ། །༽ གསུངས་པ་ལྟར་རྒྱ་ཆེན་པོ་རེད་ཀི་རེད།

༼༥༽

ཆོས་འཆད་མཁན་གྱི་མཁན་པོ་ཚོ་ལ་དམིགས་བསལ་ཞུ་ཡ་གཅིག་ལ་ཆོས་ཉན་པ་པོ་ལས་འཆད་པ་པོ་གཙོ་ཆེ་རེད་ཅེས་གཞན་དག་གིས་ང་ལ་བཤད་མྱོང་ཡོད། དེ་རེད་ཀྱང་རེད། དེའི་ཕྱིར་བཤད་བྱའི་ཆོས་ཚན་དེ་གོ་རིམ་ཡོད་པ། འཆད་པའི་དུས་ཚོད་ལ་གཏན་ཁེལ་དགོས་པ་གནད་དུ་ཆེ། མང་ཚོགས་ལ་ཆོས་ངོ་སྤྲོད་མཁན་ཚོ་ཡིན་ཡང་ནང་ཆོས་རྣལ་མའི་ལྟ་སྤྱོད་ཟབ་པ་དང་རྒྱ་ཆེ་བ་དེ་ཚོ་ངོ་སྤྲོད་ཐུབ་ཡ་གཅིག་དགོས་མ་གཏོགས་ཚིག་འགྲེལ་དང་ལུང་འདྲ་མིན་དྲངས་ནས་རྫིག་རྫིག་འདྲ་བོ་བྱས་ནས་གནའ་རབས་ཀྱི་གཏམ་དཔེ་འདྲ་དྲངས་བ་ཙམ་གྱིས་གཏན་ནས་འགྲིག་གི་མ་རེད། ནང་ཆོས་ངོ་མ་དེ་ར་སྤྲོད་དགོས།

༼༦༽

ནང་ཆོས་འཆད་ཉན་བྱེད་དུས་ནང་ཆོས་ཀྱི་ཕུགས་གཏུག་ས་ཚན་རིག་རྐྱང་རྐྱང་ལ་བྱེད་ཡ་ཡོད་མ་རེད། དེ་ལ་དགོས་པ་གང་ཡང་ཡོད་མ་རེད་དྲན་གི་ཡོད།

༼༧༽

སློབ་གྲྭ་འདིའི་ནང་ནས་འཚར་ལོངས་བྱུང་བའི་ཚྭ་བ་མདའ་སྨྱུག་ཟེར་བ་དེ་ངས་བསམ་ན་སློབ་གླིང་འདིའི་གཟི་བརྗིད་རེད། ལ་ལས་ཞེད་སྣང་འདྲ་བོ་བྱེད་ཀྱིན་འདུག་སྟེ། དེ་བྱེད་དགོས་ཡ་གང་ཡང་ཡོད་མ་རེད། བསམ་བློ་གཏོང་ལུགས་དེ་འདྲ་བྱེད་དགོས་རེད། སྐྲག་དགོས་ཡ་གང་ཡང་ཡོད་མ་རེད། ཆོས་གསུངས་པ་དེ་ལ་དྲང་དོན་དང་ངེས་དོན་མང་པོ་ཡོད་རེད། དེ་འདྲ་རེད་མ་གཏོགས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་དེ་དཔེ་གཟི་བརྗིད་ཆེན་པོ་རེད་ཟེར་ནས་ཧ་ལས་ཡ་དང་ཧོན་འཐོར་ཡ་གང་ཡང་ཡོད་མ་རེད། གདུལ་བྱ་སོ་སོའི་ཁམས་དང་མོས་པ་ལ་ལྟོས་ནས་ཆོས་གསུང་བ་པོ་སྟོན་པ་ཚད་མའི་སྐྱེས་བུ་ལ་འཁྲུལ་བ་གང་ཡང་ཡོད་པ་མ་རེད། སྐྱེས་བུ་དམ་པའི་གསུང་རབ་ཀྱིས་མཐར་མ་ལྕོགས་པ་ཅི་ཡང་ཡོད་པ་མ་རེད།

༢༠༡༥/༠༨/༡༤གཟའ་པ་སངས་ཉིན་ཆར་ནག་གིས་ཞུ་དག་བྱས་ཏེ་སྤེལ།