ཨ་ཁུ་སྟོན་པའི་གཏམ་རྒྱུད་གསར་པ། བདེ་ཁང་བྱམས་པ།

15/545

བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས། རི་བོ་ཆེན་པོ་གསུམ་གྱིས་རྒྱ་ཆེའི་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་བའི་ཁྲག་དྲོན་གྱིས་འཚོས་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་ནས་མང་ཚོགས་ཚང་མ་རང་དགའ་རང་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་བྱུང་བས། བློ་རིག་ལ་འགྲན་ཟླ་མེད་པའི་ཨ་ཁུ་སྟོན་པའང་སོས་དལ་བག་ཕེབས་ཀྱི་འཚོ་བ་ཞིག་ལ་ལོངས་སུ་སྤྱད་ནས་བསྡད་ཡོད་པའི་སྐབས་ཤིག་ལ། རྣ་བར་གཟན་པའི་རླངས་འཁོར་གྱི་དུང་སྒྲ་ཞིག་མཚམས་ཆད་རྒྱུ་མེད་པར་གཅིག་རྗེས་གཉིས་མཐུད་དུ་ཨ་ཁུའི་སྒོ་ཁ་ནས་གྲག་ཡོང་།

ཡིན་ནའང་ཨ་ཁུ་སྟོན་པ་ནི་ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད་ཅེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལ་དབྱིངས་ཞུགས་ནས་ཡོད་པས་རྒྱལ་སྒོ་ཕྱེ་བར་མ་སོང་ཡང་། ཅུང་མ་འགོར་བར་ཨ་ཁུའི་རྒྱལ་སྒོ་ཁུ་ཚུར་གཞུས་ནས་ཤུགས་ཆེན་པོས་བརྡུང་པས་ཨ་ཁུས་ད་གཟོད་འཁར་རྒྱུག་འཁྱེར་ནས་སྒོ་ཕྱེ་བར་སོང་བར་རྒྱལ་སྒོའི་ཕྱི་ན་ཆ་རྒྱུས་སྤུ་ཙམ་མེད་པའི་མི་ཞིག་སྡུག་ཡུས་ཆེན་པོས་ལངས་འདུག མི་དེས་ཨ་ཁུ་མཐོང་མ་ཐག་ཧམ་པ་ཆེན་པོས་ཁྱོད་རང་སྟོང་གསུམ་སྐད་ཀྱིས་ཆོད་པའི་ཨ་ཁུ་སྟོན་པ་ཞེས་པ་ཡིན་ནམ་ཞེས་དྲིས་པས་ཨ་ཁུས་ཅུང་མ་འདོད་བཞིན་དུ་དོན་དག་ཅི་ཡོད་ཅེས་བཤད་པས་ཁོའི་ངོ་ནས་ཟུར་ཟའི་འཛུམ་མདངས་ཤིག་མངོན་གསལ་གྱིས་འཕྱུར་བཞིན་གོ་ཐོས་ལ་ཁྱེད་རང་མི་གཞན་ལ་མགོ་བསྐོར་གཏོང་མཁས་པོ་ཡོད་ཟེར་བས་ང་ལ་མགོ་བསྐོར་ཞིག་གཏོང་དང་ཟེར་བས་ཨ་ཁུས་ལས་མེད་ཟེར་བཞིན་རྒྱལ་སྒོའི་ནང་དུ་འཛུལ་བས་ཁོས་ཀྱང་ཨུ་ཚུགས་ཀྱིས་ཁྱིམ་དུ་འཛུལ་ནས་ང་ལ་མགོ་བསྐོར་གཏོང་ཐུབ་ན་ཁྲི་གཅིག་རྔན་པ་སྟེར་ཟེར། ཨ་ཁུས་དགོངས་པ་མ་འཚོམ། དེང་སྐབས་སྤྱི་ཚོགས་གསར་པར་མི་ལ་མགོ་བསྐོར་བཏང་ན་ཁྲིམས་འགལ་ཡིན་པ་ངས་ཤེས་ལ་མ་གཞི་ནས་ངས་མི་ངན་དཔོན་ངན་ལས་མི་བཟང་པོར་མགོ་བསྐོར་གཏོང་མ་མྱོང་ཟེར། ཨ་ཁུའི་སྐད་ཆ་དེ་གོ་བ་དང་ཁོ་དགའ་ཚོར་སྐྱེས་ནས་ང་ཡང་མི་བཟང་ཞིག་མིན་པས་མགོ་བསྐོར་གཏོང་དང་ཟེར་བར་ཨ་ཁུས་རང་གིས་རང་ཉིད་མི་ངན་ཡིན་པ་དོན་ཐོག་ཏུ་ར་སྤྲོད་བྱས་ན་མ་གཏོགས་ངས་མི་བཟང་ངན་ག་ལ་ཤེས་ཟེར་བར་ཁོས་ཨ་ཁུ་ཁྱིམ་ནང་དུ་འཁྲིད་ནས་ཁོའི་འདྲ་པར་དང་གོ་གནས་འཁོད་ཡོད་པའི་མིང་བྱང་ཞིག་ཨ་ཁུར་བསྟན་ནས་ང་དཔོན་ངན་ཡིན་ཟེར། ཨ་ཁུས་ཡིད་མ་ཆེས་པའི་ཁུལ་གྱིས་རང་དཔོན་ངན་ར་སྤྲོད་བྱ་མ་ཐུབ་ན་ང་མགོ་བསྐོར་གཏོང་མི་ཕོད་ཟེར་བར་ཁོས་གཟི་བརྗིད་ཆེན་པོས་ང་ལས་ཁུངས་ག་གེ་མོའི་ཅུད་ཀྲང་བྱས་པ་ནས་བཟུང་། ངས་བྱ་ཐབས་ཡོད་རྒུ་སྤྱད་ནས་གོང་རིམ་གྱིས་ལས་ཁུངས་ལ་སྤྲད་པའི་གྲོན་དངུལ་ཁྲི་ཉི་ཤུ་སྤྲད་པ་ཚང་མ་རང་བདག་བྱས་ཤིང་། ཡང་ལས་ཁུངས་ལ་རླངས་འཁོར་ཉོ་བའི་མིང་ཐོགས་ནས་དངུལ་ཁྲི་ལྔ་བཅུ་ལེན་ཐུབ་པ་བྱུང་བ་དེ་ནས་རླངས་འཁོར་རྙིང་པ་ཉོས་ཏེ་ལྷག་མ་ལྐོག་བཟའ་བྱས་པ། དེ་བཞིན་ལས་ཁུངས་ཀྱི་གཞུང་ལས་སྒྲིག་ཆས་གསར་པ་རྣམ་འཚོང་ནས་ཞེས་བགྲང་སྐབས་ཨ་ཁུས་དངུལ་དེ་དག་ཅེས་དྲིས་པར་ཁོས་དངུལ་འཛིན་ཞིག་ཨ་ཁུ་ལ་སྤྲད་ནས་ལྟོས་དང་། ད་ལྟ་ངའི་བཟའ་ཟླའི་མིང་འོག་ཏུ་སྒོར་ཁྲི་སུམ་བརྒྱའི་བཅོལ་དངུལ་ཡོད་ཟེར་ནས་བློ་ཡིད་ཚིམས་པོས་ཨ་ཁུར་བལྟ་བཞིན་ད་ང་དཔོན་ངན་ཡིན་པ་ར་སྤྲོད་བྱས་ཟིན་པས་མགོ་བསྐོར་གཏོང་དང་ཟེར་བས་ཨ་ཁུས་གད་མོ་འཚེར་འཚེར་ངང་ཁོའི་ལག་པ་ནས་འཇུས་ཏེ། གྲོགས་པོ་ལགས། བཀའ་དྲིན་ཆེ། ངས་ཁྱེད་ལ་མགོ་བསྐོར་བཏང་ཟིན་ལ་མཇུག་འབྲས་སང་ཉིན་དོན་གྱི་རེད། ཡིན་ནའང་རྔན་པ་མི་དགོས་ཞེས་བཤད་དེ་ཁྱིམ་དུ་འཛུལ་ནས་མུ་མཐུད་བརྙན་འཕྲིན་བལྟས་སོང་བས་ཁོ་ཡང་བྱ་ཐབས་ཟད་ནས་ཁྲམ་པ་ཁྲམ་པ་ཟེར་བཞིན་མ་སོང་ཀ་མེད་ལ་ཐུག།

ཏག་ཏག་ཉིན་གཉིས་པ་དེ་ལ་ཁོ་གྲོས་འཚོག་ཁང་དུ་ཚོགས་འདུ་འཚོག་བཞིན་པའི་སྐབས་སུ་ཉེན་རྟོག་པ་འགའ་ཤར་རེར་འཛུལ་ཡོང་ནས་ཁོ་འཇུ་བཟུང་བྱས་ཏེ་འཁྲིད་སོང་། དེ་དུས་ཁོས་གཞི་ནས་ཨ་ཁུའི་སྐད་ཆར་གོ་བ་ལེན་ཐུབ་ཀྱང་འགྱོད་པ་སྐྱེས་དུས་ཡོད་ཚད་ཚང་མ་ཕྱིས་ཟིན་འདུག

དེ་ནས་བཟུང་ཨ་ཁུ་སྟོན་པའི་མཚན་སྙན་སླར་ཡང་གངས་ལྗོངས་ཀྱི་ཕྱོགས་མཚམས་ཀུན་ཏུ་ཁྱབ་སོང་།