རྒྱ་རིགས་གྲོགས་པོ་ཞིག་དང་ཁ་བརྡ་བྱས་པ། མེ་སེང་།

14/545

རྒྱ་རིགས་གྲོགས་པོ་ཞིག་དང་ཁ་བརྡ་བྱས་པ།

མེ་སེང་།


ལྟས་དབང་གིས་འཕྲད་པའི་རྒྱ་རིགས་གྲོགས་པོ་ཞིག་གིས་གུས་པར་འདི་ལྟར་ལབ་བྱུང་། “ང་རང་སློབ་ཆེན་མཐར་ཕྱིན་རྗེས་ཉེན་རྟོག་སློབ་གྲྭར་སོང་སྟེ། ཉེན་རྟོག་ཕྱོགས་ཀྱི་བྱ་བ་ཞིག་འཚོལ་དགོས་བསམས། རྒྱུ་མཚན་དེང་གི་སྤྱི་ཚོགས་ཁྲོད་ན་མི་ངན་རབ་ཏུ་མོད་པར་གྱུར་ཏེ། མི་གསོད་པ། རྐུ་བྱེད་པ། འཕྲོག་བཅོམ་བྱེད་པའི་བྱ་བ་སོགས་ཀྱིས་གང་འདུག་པས་ཡིན། ངས་དེ་ནས་ལོ་དྲུག་ལ་སློབ་སྦྱོང་བྱས་མོད་རིམ་བཞིན་ཁྲིམས་ལུགས་ནི་དེ་དག་ཐག་གཅོད་བྱེད་གཅིག་པུ་དེ་མིན་པར་ཤེས་བྱུང་། དེ་བས་ངས་བྱ་བ་དེ་བཞག་ནས་ཚོང་ལས་གཉེར་བ་ཡིན། ངས་ལོ་ངོ་འགའ་ལ་ཚོང་ལས་གཉེར་བའི་གོ་རིམ་ཁྲོད་རྒྱ་ཡུལ་གྱི་མི་དམངས་དག་གི་སྐྱུགས་བྲོ་བའི་གཤིས་ཀ་ཞིག་མཐོང་བྱུང་། དེ་ནི་མི་ཤིས་ལ་ཚད་ཐིགས་མེད་ཅིང་། རྒྱུ་འབྲས་ལ་བརྩི་བཞག་བྲལ་ཏེ། སྒོར་མོ་མ་གཏོགས་གང་ཡང་བསམས་རྒྱུ་མེད་པ་དེ་རེད། སྒོར་མོའི་ཆེད་དུ། རྫུན་བཤད་ཐུབ། རྐུ་བྱེད་ཐུབ། ཇག་རྒྱག་ཐུབ། མི་གསོད་ཐུབ། ཐ་ན་གཉེན་ཉེ་ཡིན་ཡང་གསོད་ཐུབ་ཀྱིན་ཡོད། སྐབས་དེར་ངས་དེ་ལྟའི་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་ནས་ཉེན་རྟོག་པ་མ་བྱས་པ་དེ་ཧ་ཅང་འགྲིག་འདུག་སྙམ། དེ་བས་ང་རང་རིམ་བཞིན་བོད་པའི་གཤིས་ཀ་དེར་ཡིད་སྨོན་ཤོར་ཞིང་། ཡོད་ཚད་སྒོར་མོས་མ་བསླད་པའི་ཆོག་ཤེས་དེ་ལ་རབ་ཏུ་དགའ་བར་གྱུར། དེའི་ཕྱིར་ངས་གཤིས་ཀ་དེའི་རྒྱུ་རྐྱེན་བཙལ་བ་ཡིན། ངས་ད་བར་དུ་བཙལ་བཙལ་བའི་མཐར་དྲིས་ལན་ཞིག་རྙེད་པ་ནི་དེ་དག་ནང་ཆོས་ཀྱི་བྱིན་རླབས་རེད་འདུག་སྙམ། ལོ་རྒྱུས་སུ་རྒྱ་མི་རྣམས་ཀྱང་ཆོས་དད་མང་ཚོགས་ཡིན། ཡིན་ཡང་ད་ལྟ་རྒྱ་མི་མང་ཆེ་བས་འགངས་ཆེ་བའི་རིག་གནས་དེ་བསྐྱུར་ནས་སྒོར་མོ་རྐྱང་པར་རེ་བསྙེགས་བྱེད་ཀྱིན་ཡོད། སྒོར་མོའི་དོན་དུ་བརྩེ་བ་དང་། གནས་ལུགས། རྒྱུ་འབྲས། ངོ་ཚ། རང་གཤིས་སོགས་ཡོད་ཚད་དོར་ཟིན། ང་རང་བོད་ཡུལ་ལ་ཆ་རྒྱུས་ཆེར་མེད་མོད་རང་གིས་མཐོང་བ་ལྟར་ན། ད་ལྟའི་བོད་པ་ཡང་རྒྱ་ནག་ལྟ་བུ་ཞིག་རེད་སྙམ། མ་ཟད་གྲོང་བ་མང་པོའི་ནང་ན་བླ་མ་འགའ་རེའང་སྒོར་མོ་བསླུས་འདུག་པ་མཐོང་མྱོང་ལ། འབྲོག་པ་དག་གིས་ཀྱང་སྒོར་མོའི་ཆེད་དུ་གང་ཡང་བསྒྲུབ་ཐུབ་པ་འདྲ། ང་ན་ནིང་དགུན་ཁ་ཞིག་ལ་བོད་ཡུལ་དུ་ཡོང་སྐབས། འབྲོག་པ་གཅིག་གིས་ཁོང་ཚང་གི་སྒོ་ཁའི་ལམ་ཆུང་དེ་བཀག་ནས་དེ་ནས་སོང་ན་སྒོར་མོ་དགོས་ཟེར་ཞིང་། ལམ་ཆེན་དར་གྱིས་བཅད་ཟིན་པས་མགྲོན་པོ་ཚོ་དེ་ནས་མི་འགྲོ་ཀ་མེད་ཡིན་འདུག འདི་ལྟ་བུའི་མི་ལ་དཀའ་ཁག་ཇི་ལྟར་ཆེ་ན་དེ་ལྟར་ཐབས་བཀོད་འཐེན་ཏེ་དཀའ་ཁག་ཅན་གྱི་མི་དེ་དག་གི་ལག་ནས་སྒོར་མོ་ལེན་ཐབས་བྱེད་པ་དེ་ངོ་མ་ཐབས་སྡུག་པའི་ལས་ཀ་རེད། ཡིན་ན་ཡང་། ངས་བསམས་ན་བོད་ལ་ད་དུང་རེ་བ་འདུག ཁོང་ཚོར་དད་པ་འདུག ནང་ཆོས་འདུག དེ་བཤད་པའི་བླ་མ་འདུག དེ་བཤད་སའི་དགོན་པའང་འདུག རྒྱ་ནག་ལ་མཚོན་ན་དེ་དག་གཅིག་ཀྱང་མེད། ཐ་ན་དགོན་པ་ཡང་ཚོང་ལས་གཉེར་སའི་ལྟེ་བར་བསྒྱུར་ཟིན་ལ། དེ་རུ་འཛིན་བྱང་གི་ཉོ་ཚོང་བྱེད་ཀྱིན་ཡོད་པ་ཙམ་ལས་དགོན་པ་ཞིག་དང་གཞི་ནས་མི་འདྲ། བོད་ཀྱི་བླ་མ་འགའ་རེ་རྒྱ་ཡུལ་ལ་འོང་མོད་གོང་བཤད་ལྟར་མང་ཆེ་བ་སྒོར་མོའི་དོན་རེད། དེ་བས་རྒྱ་ནག་པ་མང་ཆེ་བ་ལ་དད་པ་ཡོད་ཀྱང་ཆོས་དང་བླ་མ་མེད། ཡང་ལ་ལར་ཆོས་དང་བླ་མ་ཡོད་ཀྱང་དད་པ་མེད་ཀི

གསལ་བཤད། ཟིན་བྲིས་འདི་ཉིན་འགའི་སྔོན་ནས་བྲིས་པ་ཡིན་མོད་ད་མ་གཏོགས་སྤེལ་མ་ཐུབ། དེ་རིང་ངལ་གསོ་དང་བསྟུན་ནས་སྐད་ཆ་དག་གོང་འོག་བསྒྲིགས་ནས་སྤེལ་བ་ཡིན།