གལ་སྲིད་ཁོང་བོད་པ་ཡིན་ན། སྤྲུལ་སྐུ་རེད་ཟེར་ཐག་གཅོད་རེད། ཁེར་འགྲོ།

10/545

1831ལོའི་ཟླ་6པའི་ཉིན་མོ་ཞིག ཨ་རིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨོར་ལན་གསར་པའི་བྲན་གཡོག་ཧབ་ཚོང་བྱེད་སའི་ཁྲོམ་རྭ་ཞིག་ཏུ། ལག་ལྕགས་རྐང་ལྕགས་བརྒྱབ་པའི་མི་རིགས་ནག་པོའི་བྲན་གཡོག་སྟར་དུ་ལངས་ཡོད་ལ། ཁོ་ཚོ་སྦོམ་ལ་རིང་བའི་ཐག་པས་གདང་ལ་བཏགས་འདུག བྲག་གཡོག་བདག་པོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཚུར་རྒྱུག་ཡོང་ཞིང་རྟ་བོང་ཉོ་མཁན་ཇི་བཞིན་ཁོ་ཚོར་ཞིབ་བལྟ་བྱེད་པ་མ་ཟད། མཚམས་མཚམས་སུ་འགྲམ་དུ་ཡོང་ནས་ཁོ་ཚོའི་དཔུང་པ་བཙིར་ཙམ་བཙིར་ཙམ་དང་། བརླ་ཤར་རྡེག་ཙམ་རྡེག་ཙམ་བྱས་ཏེ། ལུས་ཤེད་ཡག་སྡུག་དང་། ཤ་གནད་མཁྲེག་ལོས། ཕྱིས་སུ་ལས་ཀ་བྱེད་དུས་ཤུགས་ཡོད་མེད་བལྟ་ཡི་ཡོད། ད་དུང་བྲན་གཡོག་བདག་པོ་ཚོ་ཡིད་ཁྲོ་བས་མནར་བའི་དུས། བྲག་གཡོག་ཚོར་རྟ་ལྕག་བཞུ་ཞིང་། ལྕགས་དམར་ལུས་ལ་དབུར་གྱིན་ཡོད། སྐབས་དེ་དུས། བྱང་ཕྱོགས་ནས་ཡོང་བའི་ཆུ་པ་ཁ་ཤས་ཤིག་དེར་སླེབས་ཤིང་ཡ་ང་མེད་པའི་མིག་མདུན་གྱི་ལྗོངས་རྣམ་དེས་ཁོ་ཚོ་ཧང་སངས་ནས་མིག་ཧུར་རེར་ཅེར། དེའི་ཁྲོད་ཀྱི་སོས་ཀའི་མེ་ཏོག་འདྲ་བའི་གཞོན་ནུ་ཞིག་གིས་ངར་ཤུགས་ཆེན་པོས། ཁྲེལ་མེད་རང་རེད། ཉི་མ་ཞིག་ངས་གདུག་རྩུབ་ཆེ་བའི་བྲན་གཡོག་ལམ་ལུགས་འདི་རྩ་མེད་གཏོང་རྒྱུ་ཡིན། གལ་སྲིད་ངའི་ཚེ་སྲོག་བློས་བཏང་ནས་འབད་འཐབ་བྱེད་དགོས་ཀྱང་། གནད་དོན་འདི་ཐག་གཅོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་རང་གིས་རང་ལ་རེ་བ་ནན་པོ་དང་། དམ་བཅའ་བརྟན་པོ་བཞག ཏག་ཏག་མི་ལོ་30རྗེས་སུ་གཞོན་ནུ་དེའི་ཕུགས་བསམ་མངོན་དུ་གྱུར་ཞིང་ཨ་རིའི་རྒྱལ་ཡོངས་ཁྱོན་ལ་«མི་རིགས་ནག་པོའི་བྲག་གཡོག་གི་བཅིངས་འགྲོལ་བསྒྲགས་གཏམ་»ཁྱབ་བསྒྲགས་གནང་། གཞོན་ནུ་དེ་ནི་སྙན་གྲགས་འཛམ་གླིང་ན་འབར་པའི་ཨ་རིའི་སྲིད་འཛིན་ཨབ་ར་ཧམ·ལིན་ཁིན་②རེད།

ལིན་ཁིན་ནི་1809ལོའི་ཟླ་2ཚེས་12ཉིན་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཆུང་དུས་སུ་ཁྱིམ་ཚང་དབུལ་བས་སློབ་གྲྭར་འགྲོ་བའི་གོ་སྐབས་གཏན་ནས་བྱུང་མེད་ལ། ཉིན་ལྟར་ཡབ་དང་མཉམ་དུ་ས་རྒོད་སློག་པར་འགྲོ་དགོས་ཀྱི་ཡོད། ལོ་ངོ་15སླེབས་དུས་གཞིི་ནས་དབྱངས་གསལ་འབྲི་ཀློག་སྦྱང་འགོ་བརྩམས། ཁོང་གི་སྐུ་ཚེ་གཅིག་ནང་ཁྱོན་བསྡོམས་སློབ་གྲྭར་ལོ་གཅིག་ཀྱང་འགྲོ་མྱོང་མེད། ཡིན་ཡང་ཁོང་གིས་ཤེས་ཡོན་གྱིས་ལས་དབང་བསྒྱུར་ཐུབ་པར་ཡིད་ཆེས་བྱས་ནས། ཁོམ་པ་བྱུང་ཚད་དུ་ཤེས་རིག་ལ་བརྩོན་པ་ཕུར་ཚུགས་སུ་བཏབ། ཁོང་ལ་སྨྱུ་གུ་དང་། འབྲི་ཤོག་ཤིན་ཏུ་དཀོན་ལ། ལྷག་པར་དུ་ཨང་རྩིས་ཀྱི་དེབ་ཉོ་བའི་དངུལ་མེད་པས། མི་གཞན་ལ་དེབ་གཡར་ནས་ཡིག་ཤོག་སྟེང་བཤུས་ཏེ། ཡིག་ཤོག་དེ་དག་སྐུད་པས་བཙེམ་ནས་ཨང་རྩིས་ཀྱི་སློབ་དེབ་བྱེད་ཀྱི་ཡོད། ཉིན་ལྟར་ཕྱུགས་འཚོ་བ་དང་། མེ་ཤིང་འཐུ་བ། ས་རྒོད་སློག་སྐབས་སུ་ཁོང་གིས་ཨམ་ཕྲག་ནང་དེབ་ཅིག་བཅུགས་ཡོད་ལ། ངལ་གསོའི་སྐབས་སུ་སོབ་གོར་③སྐམ་པོ་ཞིག་མུར་གྱིན་དཔེ་དེབ་ལ་གཟིགས་པ་དང་། མཚན་མོ་ཡང་ཐབ་ཀའི་མེ་འོད་ཙམ་ལ་བརྟེན་ནས་དཔེ་ཆར་གཟིགས་ཏེ་པྲ་སྒྲོན་ཉོ་མི་ཐུབ་པའི་དཀའ་ངལ་ཁྱད་དུ་བསད།

ཁོང་གི་མ་ཡུམ་ཆུང་དུས་ནས་ཚེ་ལས་འདས་པས། ཁེར་རྐྱང་གི་ལོ་ཟླའི་ནང་དཀའ་སྡུག་གྲངས་མེད་མྱངས་ཤིང་གེགས་བར་མང་པོ་མགོ་ཐོག་ཏུ་ལྷུང་ནས་ཡིད་སྐྱོ་བས་གདུངས་ཤིང་ལུས་སྡུག་གིས་མནར་མྱོང་། ཡིན་ཀྱང་ཁོང་ནང་དུ་མེ་ལྕེ་སྔར་ལྟར་འབར་བཞིན་འདུག ཕུགས་འདུན་གཏན་ནས་དོར་མ་སོང་། སྙིང་སྟོབས་ཏིལ་ཙམ་ཞུམ་མ་སོང་།

ཁོང་གིས་དགུང་ལོ་22ལ་ཚོང་གཉེར་བྱས་པས་ལམ་ལྷོངས་མ་བྱུང་། དགུང་ལོ་23ལ་མངའ་སྡེའི་གྲོས་མིའི་འོས་འདེམས་ལ་ཞུགས་ཀྱང་ཕམ་ཉེས་བྱུང་། དེ་ནས་སླར་ཡང་དགུང་ལོ་24ལ་ཁོང་གིས་ཚོང་ཁང་ཞིག་བཙུགས། ཡིན་ཀྱང་ལོ་1ཀྱང་མ་ཕྱིན་པར་ཁོང་གི་ཚོང་ཁང་ཧ་ལོག་ནས་སྒོ་རྒྱག་དགོས་འཁེལ་བ་མ་ཟད། ཧ་ལམ་མི་ལོ་17གྱི་དུས་ཚོད་ནང་ཁོང་བུ་ལོན་འཇལ་ཆེད་ཕར་རྒྱུག་ཚུར་རྒྱུག་གནང་དགོས་བྱུང་ནས་སྡུག་གི་ཨ་ཐང་ཆད།

དགུང་ལོ་25ལ་མངའ་སྡེའི་གྲོས་མི་འདེམས་སྐོར་ཞུགས་རྒྱུའི་ཐུགས་ཐག་བཅད་པ་་་་མ་ཟད། སྐབས་དེ་དུས་གཞི་ནས་ལེགས་གྲུབ་ཐེངས་གཅིག་བྱུང་། ཡིན་ཀྱང་རྐྱེན་ངན་དང་ཁོང་གི་དབར་ལ་བར་ཐག་ཆེན་པོ་མེད་དེ། ལོ་གཉིས་པར་ཁོང་དང་གཉེན་སྒྲིག་བྱ་ལ་ཉེ་བའི་དགའ་རོགས་ཚེ་ལས་འདས་པས། ཁོང་གི་སྙིང་ཁ་ཟུག་གིས་གཙེས་ཤིང་མགོ་བོ་སྡུག་གིས་བཀས། དེའི་དབང་གིས་ཕྱི་ལོར་ཁོང་ལ་དབང་རྩ་ཉམས་པའི་སྙུན་གཞི་ཕོག དགུང་ལོ་29ལ་མངའ་སྡེའི་གྲོས་གཙོའམ་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་འདེམས་་ལ་ཞུགས་ནས་ཕམ་ཉེས་བྱུང་།

དགུང་ལོ་31ལ་འོས་བསྡུའི་འཐུས་ཚོགས་ཀྱི་འོས་འདེམས་ལ་ཞུགས་ནས་སླར་ཡང་་ཕམ་ཉེས་བྱུང་། དགུང་ལོ་34ལ་རྒྱལ་ཚོགས་ཀྱི་གྲོས་མིའི་འོས་འདེམས་ལ་ཞུགས་ཀྱང་མུ་མཐུད་ཕམ་ཉེས་བྱུང་། དགུང་ལོ་37ལ་རྒྱལ་ཚོགས་ཀྱི་གྲོས་མིར་འདེམས་ཐོན་བྱུང་། དགུང་ལོ་39ལ་རྒྱལ་ཚོགས་ཀྱི་གྲོས་མི་བསྐྱར་འདེམས་བྱེད་སྐབས་ཕམ་ཉེས་བྱུང་། དགུང་ལོ་46ལ་གྲོས་ཚོགས་གོང་མའི་གྲོས་མིའི་འོས་འདེམས་ནང་ཞུགས་ཀྱང་སླར་ཡང་ཕམ་ཉེས་བྱུང་། དགུང་ལོ་47ལ་སྲིད་འཛིན་གཞོན་པའི་འོས་འདེམས་ལ་ཞུགས་ནས་ཕམ་ཉེས་བྱུང་། དགུང་ལོ་49ལ་གྲོས་ཚོགས་གོང་མའི་གྲོས་མིར་ཞུགས་ཀྱང་སླར་ཕམ་ཉེས་བྱུང་། ཕལ་ཆེར་འཇིག་རྟེན་ཐོག་གི་ཕམ་ཁ་ཡོད་ཚད་ལིན་ཁིན་གྱི་མགོ་ཐོག་ལ་ལྷུང་དགོས་པ་དང་འདྲ་སྟེ། ཁོང་གིས་ཚོང་གཉེར་ཐེངས་2ཙམ་གནང་ཡང་ལམ་ལྷོངས་བྱུང་མེད་ལ། འོས་འདེམས་11ལ་ཞུགས་ཀྱང་ཕམ་ཉེས་ཐེངས་8བྱུང་འདུག དེ་ལྟར་ལགས་ཀྱང་། དཔའ་སྙིང་གནམ་ལྕགས་ལས་རྒོད་ཅིང་སྙིང་རུས་བྲག་རི་ལས་སྲ་བའི་ལིན་ཁིན་ཕམ་ཉེས་ཀྱིས་མ་ཐུལ་ལ་དཀའ་སྡུག་གིས་མ་ཆུན་པས། རྒྱལ་ཁའི་གླུ་དབྱངས་ནི་ཕོ་རབ་དེས་མ་བླངས་ན་སུ་ཞིག་གིས་ལེན་ཨང་།

མཐར་དགུང་གྲངས་51ལ་ཕེབས་དུས་ཨ་རིའི་སྐབས་16སྲིད་འཛིན་དུ་དངོས་སུ་བདམས་ཐོན་བྱུང་བ་རེད་ལ། ན་གཞོན་དུས་ནས་རྨིས་མྱོང་བའི་ཕུགས་བསམ་གྱི་རྨི་ལམ་མངོན་འགྱུར་དང་དེ་བས་ཐག་ཇེ་ཉེར་སོང་། ཡིན་ཀྱང་ལས་ཀ་འདི་བལྟས་པ་ཙམ་གྱི་ལས་སླ་པོ་ཞིིག་མིན་ཏེ། ལིན་ཁིན་གྱི་སྔོན་དུ་ལྗེ་ཕུ་སོན་དང་ཇོ་ཧན·པུའུ་རན་སོགས་ཀྱིས་ཚོད་ལྟ་ཐེངས་མང་གནང་མྱོང་ལ། སྔོན་བྱོན་མཛངས་མི་དེ་དག་ཚང་མ་ཕམ་ཉེས་བྱུང་བ་རེད། སྐབས་དེ་དུས་ཀྱང་ལྷོ་ཕྱོགས་བྲན་བདག་གི་སྟོབས་ཤུགས་ཤིན་ཏུ་ཆེ་ཞིང་བཤད་ཚུལ་འདྲ་མིན་གྱི་ཐོག་ནས་བྲན་གཡོག་ལམ་ལུགས་ལ་དག་འབུད་བྱེད་ཀྱི་ཡོད། དེ་འདྲའི་གླེང་ཕྱོགས་ཀྱི་མདུན་དུ། ལིན་ཁིན་གྱིས། མ་གཞི་གཅིག་རྗེས་གཉིས་མཐུད་ཀྱིས་དཔེ་དེབ་འབོར་ཆེན་སྤེལ་ནས་བྲན་གཡོག་ལམ་ལུགས་ནི་ཡིད་དུ་འོང་བའི་བྱ་བ་ཞིག་ཡིན་པའི་དྲིལ་བསྒྲགས་བསམ་ཡོད་ཅན་ཚོ་ཞེ་མེར་ལངས་ཤིང་བསམ་མེད་ཅན་ཚོ་རྣ་བ་སུན་པའི་ཚད་དུ་བྱས་ནའང་། ངས་ད་བར་བྲན་གཡོག་བྱ་འདོད་ཡོད་པའི་མི་གཅིག་ཀྱང་མཐོང་ཐོས་མ་བྱུང་ཞེས་རྣག་ཐོག་གཙག་འཁེལ་གྱིས་གསུང་གི་སྣང་བ་བསྩལ།

ཡིན་ཀྱང་བྲན་བདག་གིས་དབང་སྒྱུར་བྱེད་པའི་ལྷོ་ཕྱོགས་ཀྱི་མངའ་སྡེ་11སྡུག་ནད་མ་ཐེགས་པར་སྔ་གཞུག་ཏུ་རྒྱལ་ཕྲན་མཉམ་འབྲེལ་ལས་ཕྱིར་འབུད་ཅིང་གསར་དུ་ལྷོ་ཕྱོགས་མངའ་སྡེའི་མཉམ་འབྲེལ་བཙུགས་པ་མ་ཟད། བྲན་བདག་ཅིག་ཀྱང་སྲིད་འཛིན་དུ་འདེམས་བསྐོ་བྱས་ལ། སྲིད་འཛིན་དེས་ཀྱང་བྱང་ཕྱོགས་སུ་གཡུལ་བཤམ་རྒྱུའི་བཀའ་ཕབ་པས། ལྷོ་བྱང་གཉིས་ཀྱི་ནང་འཁྲུག་ལངས་ཤིང་ཨ་རིའི་ལས་དབང་གི་ཁ་ལོ་བསྒྱུར་བའི་འགག་རྩའི་དུས་སྐབས་སུ། མཁས་མཛངས་གཉིས་ལྡན་གྱི་ལིན་ཁིན་གྱིས་དབུ་ཁྲིད་ནས་བྲན་གཡོག་ལམ་ལུགས་རྩ་མེད་དང་། མ་རྩ་རིང་ལུགས་འཕེལ་རྒྱས་དང་བཅོས་བསྒྱུར་གྱི་ཐབས་ལམ་སྣ་ཚོགས་སྤེལ་ལ། ལྷག་པར་དུ་སྤྱི་ལོ་1862ལོའི་ཟླ་5པར་ «གཞིས་ཁང་བཅའ་ཁྲིམས་»དང་། ལོ་དེའི་ཟླ་9པར་«མི་རིགས་ནག་པོའི་བྲན་གཡོག་བཅིངས་འགྲོལ་བསྒྲགས་གཏམ་»བཅས་རིན་ཐང་ཅན་གྱི་སྲིད་གསར་ཁྱབ་བསྒྲགས་གནང་བས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་ཇེ་ཆེར་དང་སྙིང་སྟོབས་ཇེ་བརྟན་དུ་གྱུར་ནས་བྱང་ཕྱོགས་དམག་དཔུང་ལ་མི་རིགས་ནག་པོ་ཚོའི་རྒྱབ་སྐྱོར་རྒྱ་ཆེར་ཐོབ་ནས་ནང་འཁྲུག་མཇུག་སྒྲིལ་བའི་གྲོགས་དན་བཟང་པོར་གྱུར། དེ་ལྟར་མི་ལོ་བཞི་ཡི་རྗེས་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལྷོ་ཕྱོགས་ཀྱི་དམག་རྣམས་ཐལ་བའི་རྡུལ་དུ་བརླགས་ནས་ལྷོ་བྱང་གཉིས་ཀྱི་ནང་འཁྲུག་མཇུག་བསྒྲིལ། ལིན་ཁིན་གྱི་ཕུགས་བསམ་ཡང་ཡོངས་སུ་མངོན་དུ་གྱུར་ནས་མི་རིགས་ནག་པོ་རྣམས་རང་དབང་གི་འཚོ་བ་སྐྱིད་པོ་ལོངས་སྤྱོད་བྱེད་པའི་སྐལ་བཟང་བསྐྲུན་པ་དང་རྒྱལ་ཁབ་གཅིག་འགྱུར་ལ་བླ་ན་མེད་པའི་མཛད་རྗེས་བཞག

ལིན་ཁིན་ལ་དཀའ་སྡུག་ལ་མགོ་བོ་མི་སྒུར་བའི་སྙིང་རུས་ཡོད་པ་མ་ཟད། རྫ་ཆུ་བསིལ་མ་ལྟར་གྱི་མི་གཞི་དྭངས་མ་ཞིག་ཡོད་དེ། ཟླ་བཟའི་མདུན་དུ། ལིན་ཁིན་ནི་ཁྱོ་ག་ཡག་པོ་ཞིག་རེད། མི་དམངས་ཀྱི་མདུན་དུ། ལིན་ཁིན་ནི་སྲིད་འཛིན་ལེགས་པོ་ཞིག་ཡིན། བུ་ཕྲུག་གི་མདུན་དུ། ལིན་ཁིན་ནི་ཨ་ཕ་དྲིན་ཆེན་ཞིག་རེད།

ལིན་ཁིན་ནི་ལྷམ་བཟོ་བའི་བུ་ཞིག་ཡིན་པས། སྐྱེ་བོ་མང་པོས་མཐོང་ཆུང་བྱེད། ཐེངས་ཤིག ལིན་ཁིན་གྱི་མངའ་འོག་གི་མི་ཞིག་གིས་ཤོག་སྟོང་སྟེང་དུ་ལྐུགས་པ་ཞེས་བྲིས་ནས་ཁོང་ལ་བཤུགས། ཁོང་གིས་གཟིགས་རྗེས། ཁོང་ཁྲོ་ལངས་རྒྱུ་ཕར་ཞོག ད་དུང་བཞད་གད་ཀྱིས་“ང་ཚོའི་འདིར་དངོས་ཡིག་བྲི་བ་ལས་མིང་བྲི་ཡི་མེད། ཡིན་ཀྱང་མི་འདིས་མིང་མ་གཏོགས། དངོས་ཡིག་བྲིས་མི་འདུག་”ཅེས་ལན་གསུངས། ད་དུང་ སྐྱེ་བོ་ཁ་ཤས་ཀྱིས་ཁོང་ལ་གཞུང་དྲང་གི་དབུ་ཁྲིད་དང་རླབས་ཆེ་བའི་བཅིངས་འགྲོལ་པ་་་ཞེས་བསྔགས་བརྗོད་བྱེད་སྐབས། ཁོང་གིས་ང་ནི་ནམ་ཡང་ལྷམ་བཟོ་བའི་བུ་ཞིག་ཡིན་ཞེས་གསུང་གི་ཡོད།

ཏག་ཏག་རྒྱལ་ཡོངས་ཁྱོན་ན་གཡུལ་རྒྱལ་གྱི་དགའ་སྟོན་ལ་རོལ་བའི་སྐབས་སུ། ལིན་ཁིན་ཟློས་གར་ཁང་ཞིག་ཏུ་བྲན་བདག་གིས་མངགས་པའི་གཤེད་མ་བྷུ་ཐ་⑥ཡིས་མེ་མདའ་བརྒྱབས་ནས་མྱུར་སྐྱོབ་མཛད་རུང་ཕན་པ་མེད་པར་འཇིག་རྟེན་འདི་དང་གཏན་དུ་བྲལ་སོང་། སྐབས་དེ་དུས་ཁོང་དགུང་ལོ་56ལ་ཕེབས་ཡོད། ཁོང་གི་སྐུ་གདུང་རྒྱལ་ས་ཝ་ཞིན་ཐོན་ནས་སྤྱི་ལེ་1700ལྷག་གི་མཚམས་སུ་གནས་པའི་ཕ་ཡུལ་དུ་གདན་དྲངས། ལམ་བར་དུ་མི་དམངས་ཁྲི་ཁྲག་ལས་བརྒལ་བས་སྙིང་ཁ་ཟུག་གིས་གཙེས་ཤིང་མིག་མཐའ་མཆི་མས་བརླན་ནས་ཨ་རིར་རང་དབང་དང་འདྲ་མཉམ་གྱི་དཔྱིད་དཔལ་བསུ་མཁན་གྱི་སྐྱེས་མཆོག་དེར་ཆེས་མཐའ་མཇུག་གི་གྱེས་ཕྱག་ཕུལ་བ་རེད།

《ལེགས་གྲུབ་ཀྱི་ལམ་》ལས་བཏུས།