ཁྱེད་ལ་དུས་རབས་གསར་པའི་གཞོན་ནུའི་དར་སྲོལ་ག་ཚོད་ཚང་ཡོད། ཁེར་འགྲོ།

9/545

༡ སྒེར་གཤིས་རྒྱུད་འཛིན་དགོས།

སློབ་གསོའི་ཁོར་ཡུག་བཟང་པོས་སྐྱེ་བོའི་ཐུན་མིན་གྱི་སྒེར་གཤིས་མངོན་པར་གསལ་ཞིང་བག་ལ་ཞ་བའི་གཏིང་ནུས་རྒྱ་ཆེར་སྔོག་འདོན་ཐུབ་ཀྱི་ཡོད་ལ། མུན་འཐོམ་གྱི་སློབ་གསོས་སྒེར་གཤིས་ཡོད་ཚད་རྨེག་མེད་དུ་བརྡར་ནས་རང་རང་གི་ཁྱད་ཆོས་ཅི་ཡང་མེད་པའི་བཟོ་གྲྭ་གཅིག་གི་ཐོན་རྫས་ལྟར་བཟོས་ཡོད།

འཛམ་གླིང་ཐོག་གྲངས་ཀྱིས་མི་ཟིན་པའི་ཤེས་བྱ་ཤིན་ཏུ་མང་པོ་ཡོད་ཀྱང་། ཁྱད་ཆོས་ཡོངས་སུ་མཚུངས་པའི་ཤེས་བྱ་གཉིས་གཏན་ནས་མེད་ལ། ཤེས་བྱ་ཚང་མར་རང་རང་གི་ཐུན་མོང་མ་ཡིན་པའི་སྒེར་གཤིས་དང་ཡོན་ཏན་ཡོད་པས། འཇིག་རྟེན་འདི་སྣ་མང་ཕུན་སུམ་ཚོགས་པོ་ཞིག་ཏུ་གྱུར་བ་རེད། དེའི་ཕྱིར་ན་ཁྱེད་ལ་གཞན་སུ་ལ་ཡང་མེད་པའི་ཐུན་མིན་གྱི་སྒེར་གཤིས་ཡོད། དེ་ནི་ཁྱེད་ཀྱི་ཁྱད་ཆོས་དང་དགེ་མཚན་རེད་ལ། དེ་ནི་ཁྱེད་ཀྱི་མ་རྩ་དང་ཡོན་ཏན་ཡང་རེད།

ཁྱེད་ཀྱི་སྒེར་གཤིས་ནི་ཁྱེད་ཀྱི་གྱོན་གོས་གྱོན་སྟངས་དང་། ཕྱིའི་གཟུགས་དབྱིབས། སྐད་ངག བསམ་བློ། དགའ་མོས། སྤྱོད་ལམ་སོགས་ཚང་མས་གྲུབ་ཡོད། ཡིན་ཀྱང་ཁྱེད་ཀྱི་སྒེར་གཤིས་ཀྱིས་གཞན་གྱི་ཡིད་དབང་འགུག་ཐུབ་མིན་ཁ་ཚོན་གཅོད་མི་ནུས་པས། ཁྱེད་ཀྱིས་འཇིག་རྟེན་ཡ་རབས་དང་མཐུན་པའི་ཐུན་མིན་གྱི་སྒེར་གཤིས་ཤིག་རྒྱུན་འཁྱོངས་གནང་དགོས།

ཡོད་ཚད་གཞན་གྱི་རྗེས་སུ་གཡམ་ལ་མ་རྒྱུག་པར་རང་གི་སྒེར་གཤིས་རྒྱུན་སྐྱོང་གནང་ན། གཞི་ནས་ཁྱེད་རང་ཀུན་དང་མི་འདྲ་བ་ཞིག་ཏུ་གྱུར་ཐུབ་ལ། ཀུན་དང་མི་འདྲ་བའི་གྲུབ་འབྲས་ཤིག་ཀྱང་གཏོད་ཐུབ་ངེས་རེད།

༢ ཉེན་མཆོང་གི་སྙིང་སྟོབས།

སྲོལ་རྒྱུན་རིག་གནས་ནང་བརྟན་པོ་གཙོ་བོ་བྱེད་པ་ལས་ཉེན་མཆོང་གི་སྙིང་སྟོབས་གླེང་བ་ཉུང་། ཡིན་ཀྱང་། གསར་གཏོད་གང་འདྲ་ཞིག་ཡིན་རུང་ཉེན་ཁ་གང་འཚམས་ཤིག་ཡོད་དེ། གཅིག་བྱས་ན་ཁོས་ཁྱེད་རང་ནོར་འཁྲུལ་ཤོར་དུ་འཇུག་པ་དང་། ཁྱེད་རང་ཕམ་ཉེས་བྱུང་བ། དཔལ་འབྱོར་ཐོག་གྱོང་གུན་ཆེན་པོ་ཕོག་པ། མཐའ་འཁོར་གྱི་མིས་འཕྱ་སྨོད་བྱེད་པ་སོགས་ཀྱི་ཉེན་ཁ་ཡོད། ཐ་ན་ལྟ་ཚུལ་གསར་པ་ཆུང་ཆུང་ཞིག་སྨྲས་ཀྱང་ཁྱེད་རང་དབུགས་ཀྱང་འབྱིན་རྔུབ་དཀའ་བའི་ཚོད་དུ་གཏོང་ངེས། ཡིན་ཀྱང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་དང་ཐོད་བརྒལ་ཚང་མ་འདི་ལྟར་བརྒྱུད་ནས་ཡོང་བ་རེད།

ཨ་ཅང་ཅང་། ཁྱེད་ལ་དགོས་པ་དེ་ཉེན་མཆོང་ཡིན་པ་ལས་ལྐུགས་མཆོང་མིན། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིུག་སྡུག་ས་ནས་གྱིས། ཞེས་པ་ལྟར། ཉེན་མཆོང་ནི་གལ་སྲིད་རང་ཉིད་ཕམ་ཉེས་བྱུང་ཡང་གྱོང་གུན་དེ་རང་ཉིད་ཀྱིས་འཁུར་ཐུབ་པ་ཞིག་གི་མདུན་དུ་མཆོང་ཕོད་པ་ལ་ཟེར་བ་ལས། ཤེས་རབ་ཀྱི་རྩིས་མ་ཟིན་པའི་ལྐུགས་མཆོང་ལ་ཟེར་བ་མིན།

སུ་ཞིག་ལ་ཉེན་མཆོང་གི་སྙིང་སྟོབས་ལྡན་ན། དེས་གཞན་གྱི་བློ་ཡུལ་དུ་མི་དགོངས་པའི་གྲུབ་འབྲས་ཤིག་གཏོད་ཐུབ། གལ་སྲིད་ཉེན་མཆོང་གི་སྙིང་སྟོབས་མེད་ན་ནམ་ཡང་སྙོམ་ལས་པ་ཞིག་ལས། གླེང་རི་བའི་བྱ་གཞག་སྣ་གཅིག་ཀྱང་གྲུབ་དཀའ། ཆོས་འཇིག་རྟེན་གང་ནས་གླེང་ཡང་ཉེན་མཆོང་ལ་དགའ་ཞིང་ཉེན་མཆོང་ཕོད་པའི་སྐྱེས་མཆོག་ཚོ་ལེགས་གྲུབ་བྱུང་ཡོད་དེ། དཔེར་ན་རྗེ་མི་ལ་དང་། མི་རྗེ་སྲོང་བཙན་ལྟ་བུ་རེད། གལ་སྲིད་ཁྱེད་རང་ཚོང་པ་ཡིན་ན། ཉེན་མཆོང་གི་སྙིང་སྟོབས་མེད་ན། ཁྱེད་ཀྱིས་སྒོར་མོ་ཕོན་ཆེན་གསོག་མི་ཐུབ་ལ། ཁྱེད་ལ་གོ་སྐབས་ཅི་འདྲའི་ལེགས་ཀྱང་ཡོད་ཚད་གཞན་ལ་ཤོར་འགྲོ་ངེས་རེད། རྒྱུ་མཚན་ནི་ཉེན་ཁ་མེད་པའི་ལས་ཀ་དེར་ནམ་ཡང་གྲུབ་འབྲས་ཆེན་པོ་ཐོབ་མི་སྲིད་པས་སོ། །

༣ རྟོག་འཆར་གྱི་མཚར་སྡུག

བསམ་གཞིགས་ཀྱི་བློ་རིག་ཇི་ཙམ་རྣོ་ན། དེ་ཙམ་གྱིས་རྟོག་འཆར་གྱི་ནུས་པ་ཕུན་སུམ་ཚོགས་ཤིང་གསར་གཏོད་དང་གསར་རྙེད་རླབས་ཆེ་བ་ཡོད་པ་ཚན་རིག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་པོ་བྱས་ཡོད་ལ། ཨིན་སེ་ཐན་གྱིས་“རྟོག་འཆར་གྱི་ནུས་པ་ནི་ཤེས་རིག་ལས་ཀྱང་གལ་འགངས་ཆེ། ཅིའི་ཕྱིར་ཞེ་ན་ཤེས་རིག་ནི་ཚད་ཡོད་རེད། ཡིན་ཀྱང་རྟོག་འཆར་གྱི་ནུས་པས་འཇིག་རྟེན་ཐོག་གི་ཡོད་ཚད་ཕྱོགས་བསྡུས་ཐུབ་ཅིང་ཡར་རྒྱས་འགྲོ་བར་སྐུལ་མ་གཏོང་བ་མ་ཟད། རྟོག་འཆར་ནི་ཤེས་རིག་ཡར་རྒྱས་ཡོང་བའི་ཆུ་མིག་དང་། ཚན་རིག་ཞིབ་འཇུག་བྱེད་པའི་དངོས་ཡོད་ཀྱི་མཐུན་རྐྱེན་ཡིན་”ཞེས་གསུངས་ཡོད།

གསར་གཏོད་ཀྱི་བློ་མིག་ནི་རྟོག་འཆར་གྱི་ནུས་པ་ལས་བྱུང་ཞིང་། རྟོག་འཆར་གྱི་ནུས་པ་ནི་གསར་གཏོད་ཀྱི་ནུས་པའི་རྨང་གཞི་རེད་ལ། རྟོག་འཆར་མེད་ན་གསར་གཏོད་གླེང་ཐབས་བྲལ་བས། གསར་གཏོད་ལ་མཁས་དགོས་ན་སྔོན་ལ་རྟོག་འཆར་ལ་མཁས་དགོས། ལྷག་པར་དུ་ཚན་རིག་གི་རྟོག་འཆར་ནུས་པ་ནི་ཚན་རིག་ཡར་རྒྱས་འགྲོ་བའི་གལ་ཆེའི་རྟེན་ས་རེད།

རྟོག་འཆར་ནི་སེམས་ཀྱི་འབབ་སྟེགས་རེད་ལ། རྟོག་འཆར་ནི་གསར་གཏོད་ཀྱི་ཞིང་ས་ཡིན་པས། སུ་ཞིག་རྟོག་འཆར་གྱི་མཁའ་དབྱིངས་ན་ལྡིང་ཕོད་ན། དེས་ཕུལ་དུ་བྱུང་བའི་གསར་གཏོད་ཀྱི་སྟ་གོན་ཞིག་བགྱིས་ཟིན་པ་རེད།

«ལེགས་གྲུབ་ཀྱི་ལམ་»ལས་བཏུས།