རང་རེའི་ཕ་སྐད་ཀྱི་མེ་རོ་རྭ་རྒྱའི་ཡུལ་ནས་གསོ་མཁན་དེ་སུ་རེད། རྒྱ་འདུ་སངས་རྒྱས།

8/545

 

རྩོམ་བྲིས་ནས་དགག་པ་གཏོང་བར་མི་མོས་ཤིང་བཏང་ཡང་མེད་པ་དེ་ཁོང་རེད། སྒོར་མོ་བཙལ་ནས་རང་སྐྱིད་རྒྱག་དུས་མེད་ལ་རང་དོན་མི་བྲེལ་བ་དེ་ཡང་ཁོང་རེད། དཔེ་ཆར་གཟིགས་ནས་མཁས་མདོག་སྟོན་དུས་མེད་ལ་མཁས་རློམ་མེད་པ་དེ་ཡང་ཁོང་རེད། གཞན་ལ་ཁ་ཡག་བཤད་ནས་འདྲ་མིན་སྤེལ་བ་མེད་ལ་དེ་ལྟར་རྐུབ་གཡོག་ལྡག་པར་མི་སྤྲོ་བ་ནི་ཁོང་རེད། གཞུང་ཞབས་རྩོད་མེད་དུ་རྙེད་ཅིང་གཞུང་ཞབས་སྟེགས་བུར་མི་འཆའ་མཁན་དེ་ཡང་ཁོང་རེད། རང་གཅིག་པུའི་དཔེ་ཆར་ལྟ་བའི་གོ་སྐབས་ཕྱི་རབས་བོད་རིགས་བརྒྱ་ཕྲག་གོ་སྐབས་གནང་མཁན་དེ་ཡང་ཁོང་རེད། ལོ་ངོ་ཉི་ཤུའི་རིང་ལ་དཔའ་ཞུམ་མེད་པར་བོད་རིགས་ལས་དབང་ཐད་དུ་སྡོང་གྲོགས་བྱོན་པ་དེ་ཁོང་རེད། ཇ་ཁང་ཞིག་ནས་འུར་བརྒྱབ་ཏེ་འུར་འདྲོགས་བྱས་ཏེ་སྟོང་བསམ་སྨྲ་བ་གཅིག་ཀྱང་མེད་པ་དེ་ཁོང་རེད། སྐད་འཕྲིན་དང་པོད་འཕྲིན། གླེང་མོལ་སོགས་ཉུལ་ནས་ཡར་ལ་ཁ་གཙེ་མཁན་དང་མར་ལ་བཀའ་གནང་བ་མེད་པ་དེ་ཡང་ཁོང་རེད། མཐོན་པོའི་གམ་ནས་ཧ་པའི་སྐྱེས་པ་བླངས་ཤིང་། དམའ་མོའི་ཟུར་ནས་རྫིག་ཉམས་མེད་པ་དེ་ཡང་ཁོང་རེད། མདོར་ན་ཁོང་ནི་བོད་རིགས་ལ་དགའ་མཁན་ཞིག་དང་བོད་རིགས་རྣལ་མ་ཞིག་གི་སྐྱེས་པ་བཞེས་པའི་དུས་རབས་ཉེར་གཅིག་པའི་བོད་མི་དཔའ་མཛངས་ཅན་ཞིག་རེད། ཆེན་པོའི་གོ་སར་མི་དགྱེས་ཞིང་སྙན་པ་དོན་དུ་མི་གཉེར་བའི་ནང་བའི་དཔའ་རྟུལ་ཅན་ཞིག་རེད། མི་རིགས་རང་གིས་རང་གི་ཕ་སྐད་ཀྱི་སྡོམ་པ་ཤོར་དུས་སུ་ཕ་སྐད་ཀྱི་མེ་རོ་གསོ་མཁན་གྱི་སྔོན་ཐོན་པ་ཞིག་རེད། དགུང་ལོ་ལྔ་བཅུའི་དུས་སུ་ད་དུང་གཉིད་བཅག་ཟས་བརྗེད་དུ་བོད་ཀྱི་ཆེད་དུ་འདུར་བའི་བྱང་ཆུབ་སེམས་དཔའ་ཞིག་རེད། དབུ་སྐྲར་སེ་མདའ་ལྷུང་ཞིང་སྤྱན་ཟུང་དམར་ཐིག་ཆགས་ན། གཞོམ་གཞིག་བྲལ་བའི་སྙིང་སྟོབས་ཅན་གྱི་སྐྱེས་བུ་ཡ་མེད་ཅིག་རེད། ཀུན་གྱིས་མཐོང་ཐོས་མང་བའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་འདེབས་པ་བོ་དེ་རེད། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ།ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ཞེས་འབོད་སྐུལ་གནད་ལ་ཁེལ་བར་གསུང་མཁན་དེ་རེད། དེའི་ཕྱིར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཞེས་བུ་མོའི་ཐོབ་ཐང་དང་དཔའ་སྤོབས་ཀྱི་སྟེགས་བུར་བསྐྲུན་མཁན་དེ་རེད། ནང་སེམས་ཡར་རྒྱས་དང་ནང་སེམས་སྔོན་ཐོན་ཅན་དུ་གླེང་བའི་བོད་མི་རིགས་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་གྱི་གྲས་སམ་རྒྱལ་སྤྱིའི་ཚོང་རྫས་ནང་དུ་མི་རིགས་རང་གི་ཐོན་རྫས་འདྲེན་པར་མཛད་མཁན་དེ་རེད། གངས་ལྗོངས་སྤྲི་ཆུར་བཟོ་གྲྭ་ཞེས་ཁེ་ལས་རང་བཞིན་གྱི་མིག་ཟུང་བོད་ལ་གནང་མཁན་དེ་རེད། ས་གནས་ཤིག་མ་དར་ན་ཇི་ལྟར་ཐུན་མོང་མི་རིགས་དར་རམ་ཞེ་ན་མི་དར་བར་དགོངས་མཁན་དེ་རེད། གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་ཞེས་ས་གནས་དཔལ་འབྱོར་འཕེལ་རྒྱས་ཅན་དུ་འཇོག་མཁན་དེ་རེད། མདོར་ན་དེ་ནི་ཁོང་རིན་པོ་ཆེ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་རེད། ལོ་རབས་བརྒྱད་ཅུའི་སྐབས་སུ་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་ང་ཚོ་དང་རིང་དུ་གྱེས་ཕྱག་ཕུལ་ཟིན་མོད། ལོ་རབས་དགུ་བཅུའི་བར་མཚམས་ནས་ཁོང་གིས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་ཕྱག་རྗེས་འབྲངས་ནས་མཛད་རྣམ་གངས་རིའི་དཔངས་ལྟར་མཐོ་ཞིང་། རྒྱ་མཚོའི་གཏིང་ལྟར་ཟབ་པའི་ཚུལ་འདི་བསམ་ན། སྐྱབས་གཅིག་པཎ་ཆེན་སྣང་བ་མཐའ་ཡས་ཁོང་རང་བཞུད་སོང་ཡང་ཁོང་མགོན་དང་སྐྱབས། དཔུང་དང་གཉེན་དུ་བཞུགས་ཡོད་པ་འདི་བསམ་ན། ང་ཚོ་ད་དུང་ལས་བསོད་ཆེ་བའི་མི་རིགས་དང་བདེ་སྐྱིད་ལྡན་པའི་ཞིང་ཁམས་ཤིག་ཏུ་འདོད། སྙིང་བོ་མདོར་དྲིལ་ན།བོད་ཅེས་གསོན་པའི་རྩ་བ་དང་བོད་ཀྱི་བསམ་བློ་དང་གཟུང་འཇུག་ཡོད་མེད་སྐད་དང་ཡི་གེར་རག་ལས་ཡོད་པ་ཀུན་གྱིས་བཤད་ན་གླེང་ཤེས་པ་ཙམ་རེད། དོན་ཐོག་ཏུ་བབས་ན་རང་རེའི་ཕ་སྐད་ཀྱི་མེ་རོ་མདོ་ཁམས་སྨད་ནས་གསོ་མཁན་དེ་ནི་ཁོང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཡིན་པ་ཀུན་གྱིས་མ་བརྗེད་ཨང་། གལ་ཏེ་བརྗེད་སོང་ན་སླར་ཡང་དྲན་སྐུལ་བྱས་པ་ཡིན་ལ། དྲན་སྐུལ་འདིས་ཀྱང་བོད་ཀྱི་སྐད་ཆ་བོད་རིགས་རང་ཅག་ཚོས་རྩ་བ་བསྐྱངས་ནས་རྩེ་མོ་རྒྱས་སུ་འཇུག་ཐུབ་པའི་སྨོན་འདུན་སྙིང་ནས་ཞུས་པའོ།།