ཚ་མདའ་སོགས་ལ་བོད་པའི་ལྟ་ཚུལ། ཤར་གྱི་ཐིག་ལེ།

7/545

ཐུབ་ཆེན་གཞུང་ལུགས་ཚུལ་གྱིས་མ་བཅོམ་ཞིང་།།
དྲང་པོའི་བློ་རིག་རལ་གྲིས་མ་བཅད་པར།།
ཡང་དག་དཔྱད་པ་སྔོན་དུ་གཏོང་ཕོད་པའི།།
དཔྱོད་ལྡན་ཚ་བ་མདའ་སྨྱུག་སླར་ཡང་གླེང་།།


དེ་ཡང་གངས་རི་ཕྲེང་བའི་ཡོངས་སུ་སྐོར་བའི་བོད་གངས་ཅན་ལྗོངས་དང་ཤར་ནུབ་ཀྱི་རྒྱལ་ཁམས་ཡོངས་ལ་མཚན་སྙན་གཡུ་འབྲུག་ལས་ཀྱང་གྲགས་པ་ཆེ་ཞིང་།
རྣམ་དཔྱོད་ཀྱི་བློ་མིག་ནམ་མཁའ་ལས་རྒྱ་ཁྱོན་ཡངས་ཏེ།
སྙིང་སྟོབས་གངས་སེང་དཀར་མོའི་སྤོབས་པ་ལ་འགྲན་ནུས་པའི་ཚ་བ་མདའ་སྨྱུག་ལགས་ནི།
འཇིག་རྟེན་འདི་ནས་གྱེས་ཟིན་པ་ཁོང་རང་ཉིད་ཀྱི་བརྩམས་པའི་བསྟན་བཅོས་དག་ལ་དགག་ཁུལ་བྱེད་པའི་དེབ་ཉོབ་ལུང་པ་བཀང་བ་འདི་ཡིས་བརྒྱ%ཆ་བདུན་ཅུ་ཙམ་ཞིག་དཔོག་ནུས་པ་ཡིན།
སྤྱིར་ན་ཤི་བའི་རོ་ལ་རྡོ་རྒྱག་བྱས་པའི་དགག་ལན་དག་དེ་དག་གླེང་རིང་ཅི་ཡང་མེད་ན་ཡང་།
ད་ལྟའི་ཆར་གྲགས་ཆེ་བའི་དཔེར་ན་མགོ་ལོག་རབ་ལྡན་གྱིས་ཨུ་ཚུགས་དང་ནན་གྱིས་བཙིར་བའི་ལོག་རྟོག་ཕྱིར་ཟློག་ལྟ་བུ་ནི་ཅི་འདྲའི་དགོད་བྲོ་བའི་ཡིག་ཆ་ཞིག་སྟེ།
ལོག་རྟོག་སྙིང་སྟོབས་ནང་དུ་དབུ་མ་ཚད་མ་ཕར་ཕྱིན་འདུལ་བ་སྔཌ་དང་བཅས་པ་ལ་དཔྱད་པ་བྱས་ཡོད་པས།
ཁོང་ཉིད་ཀྱི་དེ་དག་ཡོངས་ལ་གནས་ལུགས་དང་འཐད་ཆ་ཡོད་མིན་མ་བསམ་པར་ཚང་མ་ལ་དགག་པ་བྱེད་པ་དེ་རེད།
དེ་ལ་བལྟས་ན་ཁོང་ཉིད་གྲགས་འདོད་ཀྱི་སེམས་ཁེང་ཞིང་ཕྲག་དོག་གི་མིག་ལྡོངས་ནས་ཕྱིར་རྟོག་ནང་ནས་འཐད་པའི་ཆ་མ་མཐོང་བ་ཡིན་པ་རྟོགས་ཐུབ།
མི་བླུན་པོ་སྟག་གི་ངང་ཚུལ་ཅན་སུ་ཞིག་ཡིན་ན་ཚིག་བརྒྱ་སྨྲས་ན་ཚིག་ཀྱང་གནས་ལུགས་མེད་པ་ཞིག་སྲིད་དམ།
ཚ་མདའི་ལོག་རྟོག་སྙིང་སྟོབས་ཀྱི་ནང་དོན་ཡོད་དོ་ཅོག་དེ་གནས་ལུགས་མེད་པ་ཁོ་ན་ཡིན་སྲིད་དམ།
ཕྱིར་ཟློག་རྩོམ་པ་པོ་སོགས་ཀྱི་ངོར་མདའ་སྨྱུག་གིས་མི་མི་ཡིན་པའི་སྒྲུབ་བྱེད་ཀྱི་ཚུལ་གསུམ་ཅན་གཏན་ཚིགས་
ཤིག་བཀོད་ན།
ཡང་ཁོ་ཚོས་མི་མི་མ་ཡིན་པའི་སྒྲུབ་བྱེད་ལྟར་སྣང་ཞིག་བཀོད་ནས་ཝ་ཡི་རང་ཉིད་སེང་གེ་རུ་རློམ་གྱིན་ཝ་སྐད་སྒྲོག་པར་ཐེ་མི་ཚོམ།
ཕྱིར་ཟློག་ནི་དཔེ་མཚོན་ཙམ་ཡིན་དཔེར་ན་“ཨ་མའི་ཐལ་ལྕག་” “ཤེས་རབ་མེ་ལྕེ” “མདའ་སྨྱུག་བརྒལ་ལན”སོགས་ཀྱང་དེ་བཞིན་ནོ།།

སྤྱིར་ན་བོད་པ་འདི་ནི་རྙོག་འཛིན་དང་ཕྲག་དོག་གི་མེ་ལྕེ་དགུང་ལ་འབར་གྱིན་པའི་མི་རིགས་ཤིག་ལགས་པས།
ཚ་བ་མདའ་སྨྱུག་དང་ཚ་བ་མདའ་སྨྱུག་ལྟ་བུ་དཔྱོད་ལྡན་དག་ལ་ཐན་དུ་བརྩི་བའི་མ་དག་རྒྱུན་འབྱམས་སུ་སོང་བའི་རང་སྲོལ་ངན་པ་ཞིག་སྔར་ནས་ཡོད་དེ།
བདེན་དོན་སྨྲ་བར་འཇིགས་པ་མེད་པའི་ཚ་མདའ་ལགས་ཀྱིས་ཆེ་ཆེ་གཉེན་གཉེན་དག་ལ་བཀའ་སྐྱོན་མང་དྲགས་པས་ཁོང་ཉིད་ཀྱང་འཆི་རྐྱེན་ཅི་འདྲ་ཞིག་བྱུང་ཡོད་ཁོང་ཉིད་མ་གཏོགས་སུ་ཡི་ཤེས།
དཔེར་ན་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་སྐུ་དྲག་འགའ་ཡི་བློ་རུ་མ་འཐད་ཉེས་མེད་ཀྱི་ཞྭ་མོས་གཡོག་ནས་བཙོན་ཁང་དུ་བཅུག་པ་དང་།
དེང་སང་གི་རྟོགས་སད་པ་ཆེན་མོའམ་རྣམ་དཔྱོད་ཀྱི་བློ་སྒོ་ཡངས་པའི་སྒོ་ཤེས་རབ་རྒྱ་མཚོ་ཁོང་ཉིད་འཚར་ལོངས་བྱུང་སའི་དགོན་ཆེན་དེའི་འགན་འཛིན་པ་དག་གི་ཐུགས་ལ་མ་བབ་ནས་ས་མཐར་སྤྲད་པ་བཞིན།
མདོར་ན་ཤེས་ཡོན་དང་རྣམ་དཔྱོད་སྙིང་སྟོབས་ལྡན་པའི་མི་བུ་ཞིག་ཡོད་ན་བཟུང་ཏེ་དེར་མཁས་བླུན་ཚང་མས་མི་དགའ་བ་བྱེད་པ་སྲོལ་ཞིག་སྔར་ནས་ཡོད་འདུག
2015———7———29ཉིན་ལ་སྨྲས་སོ།།