ཕན་ཚུན་འདྲ་མཉམ་མེད་པའི་འབྱུང་རྩ་ནི་ཞི་སེམས་མེད་པ་ལ་རག་ལས་སོ།

4/545


མཚན་ཉིད་མཁན་ལོ་ཁཱས་བརྗོད་པ་ལྟར། “སྒེར་དབང་ལམ་ལུགས་མེད་པའི་ས་ཆར། གཞུང་དྲང་མ་ཡིན་པའི་གནས་ཚུལ་ཐོན་མི་སྲིད”ཅེས་པ་ནི་དོན་དངོས་སུ་གྲུབ་པའི་སྐད་ཆ་ཞིག་སྟེ།


དེ་མིན་“སྐྱེ་བོ་ཞིག་ལ་སྐྱེ་བོ་གཞན་ཞིག་གིས་རོགས་རམ་དགོས་པའི་ཉིན་ནས་བཟུང། མི་གཅིག་ལ་མི་གཉིས་ཀྱི་ཟས་རིགས་དབང་ན་ཅི་མ་རུང་སྙམ་པའི་ཚོར་སྣང་སྐྱེས་པའི་ཉིན་ནས་བཟུང་།” སྤྱི་དམངས་ཡོངས་གཅོད་ལམ་ལུགས་བརྩམས་གྲུབ་བྱུང་བས། ཁྱོད་ཀྱི་ཁ་པོ་དེ་ཅི་ལྟར་མཐོ་ནའང་“མི་དང་མིའི་དབར་གྱི་འདྲ་མཉམ་ཞེས་པ་དེ”ཡོངས་སུ་བརླགས་ཟིན་པ་རེད།


དེ་ལྟར་འགྲོ་བ་གཞན་གྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནའ་དེང་གི་ལུགས་གཉིས་དབུ་ཁྲིད་དག་གིས་གཙོས། དགོན་སྡེ་དང་། སློབ་གླིང་། མང་ཚོགས་དཀྱུས་མ་དག་གི་འགན་འཛིན་པར་ཁས་ཆེ་བ་ཚོས་ཀྱང་ཆེན་པོས་ཆུང་ངུ་དང་ཆུང་ངུས་ཉམ་ཆུང་དག་ལ་གཉའ་གནོན་དང་ཕྱི་གཞོག་སོགས་ཀྱིས་ལས་ལ་བྲེལ་ཏེ་གང་ལ་གང་འདོད་ཀྱིས་ལག་སྔ་བྱེད་པ་ནི་ལར་སྒེར་སེམས་ལས་ལྡོག་པའི་སྤྱི་ལ་སྙིང་རྩེ་མེད་པ་ལ་རག་ལས་པར་མད་དོ།


གང་ཞེ་ན། “སྙིང་རྗེའི་སེམས་པ་ནི་རང་བཞིན་གྱི་དུང་སེམས་ཤིག་ཡིན་ཞིང་། དེས་མི་ཚོའི་རྒྱུད་ན་ཡོད་པའི་བདག་གཅེས་པར་འཛིན་པའི་སེམས་པ་དེར་ཚོད་འཛིན་བྱེད་ཀྱིན་ཡོད་པས། མིའི་རིགས་ཧྲིལ་པོ་ཕན་ཚུན་མཉམ་གནས་ཐུབ་པར་ནུས་པ་ཐོན་གྱི་ཡོད” ཅེས་གསུང་རྩོམ་གྲགས་ཅན་ལས་བྱུང་བར་གནད་ཡོད་པའི་ལེགས་བཤད་ཅིག་ཏུ་བཞེད་དོ།


དེ་ལྟར་ན། དབང་དྲག་དཔལ་ཡོན་སོགས་ཀྱིས་བླ་འགུག་བྱེད་པ་ནི་ཞི་བའི་སྲོག་རྩར་རྒོལ་བའི་ནད་རོ་ལྷག་མ་ཞིག་ལས་ཕན་ཚུན་མཉམ་གནས་ཐུབ་པའི་ཐབས་མཆོག་མ་ལགས་ཏེ། དེར་བདག་གཅེས་པར་འཛིན་པའི་བློས་ཡོངས་སུ་བཅིངས་པས་སོ།


དེས་ན། སྙིང་པོའི་གནད་དམ་པ་ནི་མི་སྒེར་རེར་ཞི་བའི་སེམས་དང་གཞན་དོན་ཁུར་འཁྱེར་གྱི་བློ་ཡང་དག་ལྡན་ན་གཟོད་ཕན་ཚུན་མཉམ་གནས་དང་སྤྱི་དམངས་ལ་བདེ་སྐྱིད་ཀྱི་འབྱུང་རྩ་རྨད་དུ་བྱུང་བ་ཞིག་སྟེ།


གཞན་དུ་སྟོབས་ཆེན་པོ་ཚོས་གང་འདོད་ཀྱིས་དབང་དང་དྲག་པོས་བླ་བསྒྱུར་བ་ནི་ནུས་ཆུང་དག་གིས་འཕྲལ་ཙམ་ལ་ངོ་ལྡོག་མ་ཕོད་པ་ཙམ་ལས། ཆོས་དང་སྲིད་ཀྱི་སྒེར་དབང་ལས་ཡོངས་སུ་འདས་པའི་མི་དམངས་ཐུན་མོང་གི་འཚོ་བ་དངོས་མ་ཞིག་སྟེ། མི་བུ་ཉིད་ལ་ཐོབ་འོས་པའི་མཉམ་གནས་ཀྱི་ཁྱིམ་གཞི་གསོན་པོ་ཞིག་ཏུ་འགྱུར་ག་ལ་རུང་སྟེ་གཏན་མ་མཆིས་སོ།།