དེང་རབས་བོད་ཀྱི་སྤྱི་ཚོགས་ཀྱི་ངོ་གདོང་གླེང་བ།

536/545

མི་ཡི་རང་བཞིན་བཤད་པ།

འཇིག་རྟེན་འདིའི་ཐོག་ནས་མི་ནི་སྐྱེ་འགྲོ་གཞན་དང་བསྡུར་ན་སྤྱང་གྲུང་དང་ཐབས་ནུས་སོགས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ནི་ཀུན་ལ་མཐུན་སྣང་དུ་གྲུབ་བོ།།  ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཏེ་སྤྱང་གྲུང་དང་ཐབས་ནུས་དག་ཀྱང་ཕ་མ་དང་དགེ་རྒན་ལྷག་པར་དུ་ཁོར་ཡུག་དང་གྲོགས་པོ་ངེས་ཅན་ཞིག་ལས་ལོབས་པའམ་ཤན་ཞུགས་མ་ཐེབས་པ་སུ་གང་ཡང་མེད།   མི་ལ་ལས་ནི་ཤན་ཞུགས་ཐེབས་པ་དང་སློབ་སྦྱོང་བྱས་པ་དེ་དག་མི་ཚེ་གང་བོར་ལུས་དང་གྲིབ་མ་བཞིན་མི་འདོར་བར་བྱེད།    ལ་ལས་ནི་དེ་དག་གིས་བློ་ཡིད་མ་ཚིམས་ནས་ཤེས་བྱ་དང་བྱ་འགུལ་གཞན་ལའང་འཇུག་པར་བྱེད།    ལ་ལས་ནི་དེ་དག་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པའི་ངལ་བ་དང་དུ་ལེན་པར་བྱེད་བཞིན་མཆིས་སོ།།

 

ཡིག་རྨོངས་པ་གླེང་བ།

བོད་ཁུལ་དུ་མཚོན་ན་མི་མང་ཆེ་བ་ནི་ཡིག་རྨོངས་པ་དང་ཤེས་རྨོངས་པ་རེད།    དེ་དག་ཀྱང་གྲོང་དང་གྲོང་ཆེར་གྱི་ཧེ་བག་ཆེར་མེད།   སྐྱ་སེར་གཉིས་ལས་ཅུང་ཙམ་གྱི་སེར་མོ་བའི་ཕྱོགས་གཏོགས་དག་ཡི་གེ་ཤེས་མཁན་མང་བར་སྣང་། ངས་ནི་ཡིག་རྨོངས་པ་ནི་ཡི་གེ་ཐ་ཐོར་རེ་འདོན་ཤེས་པ་ཙམ་དང་ཡང་ན་ཡི་གེ་ཀློག་ཤེས་ཀྱང་ནང་དོན་ཇི་བཞིན་མ་ཤེས་པ་ལ་བཞག་པ་ཡིན།

        

བོད་ཀྱི་སློབ་མ་གླེང་བ།

ད་ལྟའི་ཆ་ནས་བོད་ཁུལ་གྱི་བྱིས་པ་མང་ཆེ་བ་ནི་དམིགས་ཡུལ་དང་ཁ་ཕྱོགས་འདོད་མིན་དང་དགའ་ཞེན་གང་ལའང་མ་བལྟོས་པར་རྒྱལ་ཁབ་ཀྱི་བཀའ་དང་སྤྱི་ཚོགས་འགྲོས་ཀྱིས་སློབ་གྲྭ་གཏོང་དགོས་ཐུབ་བཞིན་ཡོད། བོད་ཡུལ་གྱི་ཞིང་ཆེན་དང་རྫོང་ཁུལ་གྱི་སློབ་གྲྭ་ཁག་ཏུ་འགྲོ་བཞིན་པའི་སློབ་མ་མང་ཆེ་བ་ནི་ཕ་མ་རྣམས་ཀྱིས་དཀའ་སྡུག་སོགས་གང་ལའང་མི་འཛེམ་པར་ཉིན་རེ་བཞིན་ལྟ་སྐྱོང་དང་བསུ་སྐྱེལ་བཟོ་དགོས་ཀྱིན་ཡོད།   ཡིན་ནའང་སྨོབ་མ་རྣམས་ནི་དཔེ་ཁུག་ཆེན་པོ་རེ་རྒྱབ་ཏུ་ཁུར་བཞིན་རང་གི་ཕ་སྐད་དང་མ་ཡིག་ལ་མཐོང་ཆེན་དང་དགའ་ཞེན་མེད་པ་དང་ཡིག་རིགས་གསུམ་ལས་བོད་ཡིག་སྣང་མེད་དུ་བསྐྱུར་དང་སྐྱུར་བཞིན་ཡོད་པ་དང་འཚོ་བའི་ཁྲོད་དུ་བོད་སྐད་རེ་ཟུང་ཙམ་ལས་རྒྱུན་དུ་དགྱ་སྐད་བཤད་ཅི་ཐུབ་དང་གང་ཤེས་བྱེད་བཞིན་མཆིས།   དགེ་རྒན་དང་ཕ་མ་དག་གིས་ཀྱང་དེའི་ཕྱོགས་སུ་སློབ་གསོ་ངན་པས་ཁྲིད་ཅི་ཐུབ་བྱེད་ཅིང་བོད་ཀྱི་སྐད་ཡིག་གིས་ཅི་ཡང་མི་ཐོན་གང་ཡང་མི་འགྲུབ་ཟེར་བཞིན་ན་ཆུང་གི་བྱིས་པ་དག་བློ་ཁ་བསྒྱུར་དང་སྒྱུར་བཞིན་པའི་གནས་ཚུལ་ཚབ་ཆེན་ཡོད།    ཕ་མ་དང་ཁྱིམ་ཚང་སློབ་མ་ཀུན་ལ་དགོངས་པ་གཅིག་དང་དབྱངས་གཅིག་གི་དམིགས་ཡུལ་དང་ཁ་ཕྱོགས་ཤིག་ཡོད་པ་དེ་ནི་སློབ་མ་ཁོ་རང་ལོ་ཟླའི་གླ་ཕོགས་ལོན་མཁན་གྱི་གླ་བ་ཞིག་གམ་གཡོག་པོ་ཞིག་ཆགས་ཐུབ་ན་བསམ་རྒྱུ་དེ་རེད།  དེ་ལ་ཡང་རྒྱུ་མཚན་དུ་མ་ཞིག་ཡོད་དེ་གཅིག་ན་ཁྱིམ་ཚང་དང་རང་ཉིད་ཀྱི་འཚོ་བ་ལ་དངུལ་སོགས་ཀྱི་དཀའ་ངལ་ཕྲད་དང་འཕྲད་བཞིན་ཡོད་པ་དང་།    གཉིས་ན་རང་གི་རྒྱལ་ཁབ་དང་དགེ་རྒན་གྱི་གོམས་སྲོལ་ལྟ་བུ་ཆགས་ཡོད་པ་དག་གིས་མཚོན།   དམིགས་ཡུལ་དེ་ཙམ་དང་ལས་ཀ་དེ་ཙམ་གྱིས་འཚེངས་ནས་སྡོད་མཁན་ནི་མཚན་མོའི་སྐར་མ་ལས་ཀྱང་མང་།   དམིགས་ཡུལ་དང་ཁ་ཕྱོགས་ལྷག་པོའམ་བློ་རྒྱ་དང་སྟིང་སྟོབས་ཅན་ནི་ཉིན་མོའི་སྐར་མ་ལས་ཀྱང་ཉུང་།   དེ་ཡང་རྒྱུ་མཚན་མེད་པ་ཡང་མ་ཡིན་ཏེ་རྒྱལ་ཁབ་དང་ཕ་མ་དགེ་རྒན་སློབ་གྲོགས་ངན་པ་སོགས་ཀྱི་སེམས་ཁམས་དང་སློབ་གསོ་ངན་པའི་ཤུགས་རྐྱེན་ལས་བྱུང་བ་ནི་བསྙད་དུ་མེད་པ་ཞིག་ཡིན།   སློབ་ཆེན་དང་སློབ་འབྲིང་གི་མིང་བྱང་ཁུར་མཁན་གྱི་སློབ་མ་མང་ཆེ་བས་ནི་ཤེས་ཡོན་དང་སློབ་སྦྱོང་ལ་མི་བརྩོན་པ་སློབ་མ་ཕན་ཚུན་དགའ་རོགས་བསྒྲིག་པ་དང་།  གྲོང་དང་གྲོང་ཁྱེར་ལ་འཁྱམ་ཉུལ་བྱེད་པ་དང་།   དེ་དག་ཀྱང་བརྩེ་དུང་གི་མནར་གཅོད་སོགས་ཀྱིས་ཤེས་ཡོན་དང་སློབ་སྦྱོང་མེད་པའི་ཐོག་ཏུ་གྱོང་གུད་དང་གནོད་སྐྱོན་ཚད་མེད་ཐེབས་ཀྱིན་ཡོད་དོ།།

ནུབ་ཕྱོགས་པ་གླེང་བ།

འཛམ་གླིང་ཤར་ནུབ་ཀྱི་ཕ་མ་དང་དགེ་སློབ་ནི་འགལ་བ་ལྟག་སྤྲོད་དུ་སོང་ཡོད་དེ་ནུབ་ཕྱོགས་པའི་ཕ་མ་དང་དགེ་རྒན་དག་གིས་རང་གི་ཕྲུ་གུ་དང་སློབ་མ་ལ་དང་ཐོག་ནས་བློ་རྒྱ་དང་སྙིང་སྟོབས་གོམས་གཤིས་སོགས་ཀྱི་དོན་དུ་སློབ་གསོ་དང་ཐབས་ལམ་ཡོད་དགུ་རྩལ་དུ་སྟོན་པར་བྱེད་པ་དང་ལྷག་པར་དུ་དགེ་རྒན་དག་གིས་རང་གི་སློབ་མ་ལ་ནུས་པ་དང་ཐབས་ལམ་སོགས་ཕྱོགས་གང་ཐད་ནས་སློབ་མ་གསོ་སྐྱོང་དང་བསྐྱེད་བསྲིང་བྱེད་ཅེས་གྲགས། སློབ་མ་དག་གིས་ཀྱང་ཤེས་ཡོན་དང་སློབ་སྦྱོང་གི་ཕྱིར་དུ་དུས་ཚོད་དམ་དུ་འཛིན་ཞིང་ལོ་ཟླ་མང་ཆེ་བ་ནི་སློབ་སྦྱོང་སྟེང་དུ་བཏང་བའི་གོམས་གཤིས་བཟང་པོ་ཡོད་ཅེས་གྲགས།

སྙིང་སྟོབས་གླེང་བ།

ང་ཚོས་ཀྱང་ལེགས་པའི་ཕྱོགས་དེ་དག་ལ་མིག་དཔེ་ཡར་བལྟ་བྱས་ཏེ་ཕ་མ་དང་དགེ་རྒན་དག་གིས་རང་གི་ཕྲུ་གུ་དང་སློབ་མ་དག་ལ་སློབ་གསོ་ཡག་པོ་རེ་ཨེ་འཁྱོང་བལྟ་རྒྱུ་ནི་ཧ་ཅང་གི་གལ་ཆེན་རེད་འདུག་བསམ།    ཕྱི་ཀུན་སྤྱོད་དང་ནང་བསམ་བློ་གང་གི་ཐད་ནས་ཞན་ཆ་ཡོད་པ་དག་ཁ་གསབ་བྱེད་དགོས།    རྩ་བའི་ཆ་ནས་ཕྲུ་གུ་དང་སློབ་མ་རྣམས་ལ་སྙིང་སྟོབས་དང་འདུན་པ་ཤུགས་ཆེན་ཡོད་པར་བྱེད་དགོས་ཀྱི་རང་གི་ཁ་ཕོ་དང་གླ་ཕོག་ཙམ་ལ་ལྟ་མཁན་རེ་གསོ་སྐྱོང་བྱས་ན་གཏན་ནས་མི་འགྲིག་པ་ཡིན།  སྤྱིར་ན་འཛམ་བུའི་གླིང་ཐ་ན་རང་གི་མི་རིགས་དང་རྒྱལ་ཁབ་ལ་བསམ་གཞིག་བྱེད་ཐུབ་མཁན་རེ་བསྐྱེད་བསྲིང་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཡིན་ནོ།།

འཚོ་གནས་གླེང་བ།

མི་རིགས་དང་རྒྱལ་ཁབ་ཅིག་ཡུན་རིང་ཞིག་གནས་དགོས་ན་རྗེ་འབངས་ཀུན་གྱིས་མི་རིགས་དང་མི་དམངས་ལ་ཕན་ངེས་པའི་སྤྱི་ཚོགས་དང་ཁོར་ཡུག་ཅ་དངོས་སོགས་བསྐྲུན་ཅི་ཐུབ་བྱེད་དགོས་ཀྱི་ལྟོ་མི་ལྟོགས་བ་དང་རྒྱབ་མི་འཁྱག་པ་ཙམ་གྱིས་འདུག་པ་དང་ལྷག་པར་དུ་མི་རིགས་དང་མི་དམངས་ལ་ཕན་ཐོགས་དང་འབྲེལ་བ་མེད་པའི་རིགས་ལ་འབད་འབུངས་ག་ཚད་ཆེ་ན་དེ་ཚད་མི་རིགས་དེ་ཉམ་རྒུད་དུ་འགྲོ་བ་ནི་དངོས་པོའི་གཤིས་ལས་མ་འདས་སོ།།

དགོན་སྡེ་གླེང་བ།

རྒྱ་གར་གྱི་ཡུལ་ནས་འཚར་ལོངས་བྱུང་ཞིང་བོད་ཀྱི་ཡུལ་འདིར་ཤིན་ཏུ་བྲིན་ཆེ་བའི་དགེ་སྦྱོང་གོའུཏ་མས་བསྟན་པར་མཛད་པའི་ནང་པའི་ལྟ་གྲུབ་འཛིན་སྐྱོང་སྤེལ་གསུམ་བྱ་སའི་གནས་ཁྱད་པ་ཅན་ཞིག་ལ་དགོན་པ་ཟེར།   དེ་རུ་འཚོ་སྡོད་བྱེད་ཅིང་མདོ་སྔགས་རིག་གནས་མཐའ་དག་ལ་སློབ་སྦྱོང་བྱེད་པའི་མི་ཁྱད་པ་ཅན་དག་ལ་བླ་མ་དང་གྲྭ་བ་ཞེས་གྲགས།    དཀའ་སྡུག་དང་ངལ་བརྩོན་བྱས་པ་དེ་དག་ཀྱང་རང་ཉིད་དང་ཚེ་འདི་ཙམ་གྱི་ཆེད་དུ་མ་ཡིན་པར་བསྟན་པ་དང་སེམས་ཅན་ཚེ་ཕྱི་མའི་དོན་དུ་ཡིན་ཞེས་ཟེར་རོ།།   དེ་ཙམ་མ་ཡིན་པར་སྟོན་པས་ནན་གྱིས་གསུངས་པའི་འདུལ་ཁྲིམས་དག་ཀྱང་རྩི་ཟ་ཟ་དང་སྨན་འཐུང་འཐུང་ཅན་ཞིག་ངེས་པར་དུ་ཡིན་དགོས་སོ།།

གྲྭ་རྫུན་གླེང་བ།

མགོའི་སྐྲ་བྲེག་ཅིང་ལུས་ཀྱི་གོས་བརྗེས་ནས་གྲོང་དང་གྲོང་ཁྱེར་རུ་འགྲིམ་སྟེ་ཆོ་ག་དང་ཆོས་སྤྱོད་ཙམ་ལ་མགོ་བོ་འཁོར་ཞིང་ལུས་ངག་གིས་སྤྱོད་པས་དད་ལྡན་མང་ཚོགས་རྣམས་དད་པ་སུན་འབྱིན་བྱེད་ཅིང་མི་འཇོན་འཇོན་མདོག་དང་མི་ཤེས་ཤེས་ཁུལ་གྱིས་ལྷ་ཀླུ་གཉན་གསུམ་འགྲུབ་རབས།   འདྲེ་བདུད་འབྱུང་པོ་འདུལ་རབས།    འདས་མ་འོངས་ད་ལྟ་དུས་གསུམ་ཤེས་རབས་ལུང་བ་གང་རེ་བཤད་བཞིན་མི་ཚེ་གང་བོར་ཡིག་རྨོངས་པའམ་ཤེས་རྨོངས་པ་དག་མགོ་གཡུག་མགོ་སྐོར་བྱེད་བཞིན་གྲོང་དུ་མི་ཚེ་རྫོགས་པར་བྱས་ན་དེ་ནི་སྟོན་པ་ཤཀྱ་ཐུབ་པའི་རྗེས་འཇུག་དང་བླ་མ་གྲྭ་བ་གཏན་ནས་མ་ཡིན་ནོ།།  དེ་བཞིན་སྐྱ་བོ་དག་གིས་དེ་འདྲའི་རིགས་ལ་གཟབ་པ་དང་བརྟག་དཔྱད་ལེགས་པར་བྱེད་དགོས་སོ།།                 

གྲྭ་བཙུན་ཞིབ་ཀྱིས་གླེང་བ།

བོད་ཁམས་སུ་ཀུན་སློང་དང་རྒྱུ་མཚན་ཡང་དག་མེད་པ་དང་གོམས་གཤིས་ངན་པའི་སྟོབས་ཀྱིས་བོད་ཀྱི་བྱིས་པ་མང་ཆེ་བ་བསམ་ཤེས་དང་འདང་རྩེ་ཅི་ཡང་མེད་པའི་སྐབས་སུ་ཕ་མ་དང་བླ་རྒན་དག་གིས་དགོན་དུ་ཁྲིད་པ་དང་བདག་བཟུང་བྱེད་སྲོལ་ལྟ་བུ་ཆགས་ཡོད།    ལོ་ན་ཅུང་ཙམ་སོན་པའི་སྐབས་སུ་གྲྭ་བཙུན་དག་བསམ་ཤེས་དང་འདང་རྩེ་མངའ་བའི་དུས་སུ་རང་གི་གནས་བབ་སོགས་ལ་སུན་སྣང་སྐྱེ་ཞིང་ལས་བྱ་དང་དམིགས་ཡུལ་གཞན་པ་ལ་བསམ་བློ་འཁོར་བ་དགའ་ཞེན་སྐྱེ་ནས་སྐྱ་སར་བབས་པ་ཉུང་ཉུང་གཏན་ནས་མ་རེད།   རྒྱུ་མཚན་ནི་རང་ཉིད་ཀྱིས་བསམ་བློ་དང་དགའ་ཕྱོགས་དབང་བཙན་མ་བྱས་པ་དང་བརྟག་དཔྱད་དང་རྟོགས་ཞིབ་སྔོན་དུ་མ་སོང་བས་ཀྱང་རེད་སྙམ།     དེ་འདྲ་མ་ཡིན་པ་སུ་དང་གང་ཞིག་གིས་རང་ཉིད་གྲྭ་བཙུན་ཞིག་བྱེད་འདོད་ན་ཐོག་མ་ཁམས་གསུམ་འཁོར་བ་ལ་ཞེན་པ་ལོག་ཅིང་ཞི་བ་མྱང་འདས་ཀྱི་གོ་འཕང་ལ་འདོད་པའི་ཀུན་སློང་ཡང་དག་ཅིག་ཡོད་ན་རབ་ཡིན།  དེ་ཙམ་མེད་ན་ཡང་ངེས་པར་དུ་ཡོད་དགོས་པ་ཞིག་ནི་རང་ཉིད་ཀྱིས་བརྟག་དཔྱད་དང་རྟོགས་ཞིབ་ལེགས་པར་སྔོན་དུ་སོང་བ་དང་སེམས་འགྱོད་མེད་པའི་ཐོག་ནས་བློ་སེམས་བརྟན་པོས་མདོ་སྔགས་རིགས་གནས་དང་བཅས་པ་ལ་སྦྱོང་པར་བྱས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྐུ་ཚེ་མཐའ་རུ་ཕྱིན་པ་ཞིག་བྱེད་དགོས།    དེ་ལས་གཞན་ཕ་མ་དང་ཁྱིམ་ཚང་ཉེ་འབྲེལ་དང་གྲོགས་པོ་ཁྲེལ་གཞུང་དང་དམ་ཚིག་སོགས་ལ་སྐྲག་ནས་དགོན་དུ་བཙན་དབང་གིས་འཚོལ་ཞིང་བསླབ་པ་དང་སློབ་གཉེར་ཅི་ཡང་མི་བྱེད་པ་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཙམ་གྱིས་ཆེས་རིན་ཐང་དང་རྩ་ཆེ་བའི་དུས་ཚོད་དང་མི་ཚེ་བརླགས་ནས་བསྡད་ན་ཆོས་དང་འཇིག་རྟེན་གང་ཡང་མི་འགྲུབ་པའི་མི་ཕུང་གསུམ་པ་ཞིག་ཡིན་པས་བློ་ཐག་རྦད་ཆོད་ཀྱིས་ངེས་པར་དུ་སྐྱ་སར་བབས་ནས་འཇིག་རྟེན་མཐུན་འཇུག་གི་ལས་ལ་མྱུར་དུ་འཇུག་རིགས།  རྒྱུ་མཚན་ནི་མི་མིན་ཟོག་མིན་ཞིག་གིས་རང་གཞན་ཀུན་ལ་ཕན་པ་ལས་ཀྱང་གནོད་པ་ཆེ་བས་སོ།། ལྷག་པར་དུ་དེང་སང་དགོན་སྡེའི་ཁྲོད་དུ་བཀའ་ཚུལ་ཁྲིམས་དང་སྡོམ་དམ་ཚིག་ཡོངས་སུ་ཉམས་ཟིན་ཀྱང་རང་གཞན་ཀུན་གྱིས་སྣང་མེད་དང་ཚོར་མེད་དུ་བསྐྱུར་བའི་ལུགས་སྲོལ་ངན་པ་ཞིག་དར་དང་དར་བཞིན་པའི་ཚད་དུ་ལྷུང་འདུག   དེ་ནི་སྟོན་པ་དང་བསྟན་པ་རང་གཞན་ཀུན་ལ་གནོད་ཚབ་ཧ་ཅང་ཆེ་བའི་ལས་ཤིག་གམ་གཡོ་སྒྱུ་ལས་མ་འདས་པས་སྐྱ་སེར་ཀུན་གྱིས་དེ་ལ་བརྟག་དཔྱད་རྟོགས་ཞིབ་ལེགས་པས་རྫུན་དང་གཡོ་སྒྱུའི་ཕུངས་པོ་རྩ་མེད་བཟོ་དགོས་སོ།།

རོང་འབྲོག་གླེང་བ།

དུས་རབས་ཉེར་གཅིག་གི་འཚོ་བའི་རྦ་རླབས་མཁའ་རུ་གཏོར་ཞིང་ས་ཆེན་གྱི་སྒ་གཞུང་དུ་ཡོམ་ཡོམ་དུ་འཁྱིལ་བའི་སྐབས་འདི་རུ་བོད་ཁམས་ཡོངས་ལ་འཚོ་བའི་ཤུགས་རྐྱེན་ཐེབས་དང་ཐེབ་བཞིན་པའི་སྐབས་འདིར་ཞིང་འབྲོག་མང་ཚོགས་དག་ཀྱང་འུར་འུར་ཟིང་ཟིང་གིས་འཚོ་བའི་སྒང་འདིར་རང་གི་རྩ་བའི་འཚོ་རྐྱེན་གྱིས་མི་འཚེངས་པས་བཅོས་བསྒྱུར་དང་བརྗེ་སྤོ་ཡི་ལས་ལ་ཞུགས་དང་འཇུག་བཞིན་པའོ།།   སྤྱིར་བཏང་མི་རིགས་དང་རྒྱལ་ཁབ་སྤྱི་སྒེར་གང་ཡིན་ཡང་རང་དབང་དང་འདྲ་མཉམ་ཐོབ་ཐང་བརྩིས་སུ་འཛིན་ཞིང་སྟབས་བདེའི་ལམ་བུ་ལ་བསྐྱོད་དང་སྐྱོད་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་ཞིག་ཡིན།     རེད་དེ་མི་རིགས་དང་རང་གི་མི་རབས་ཚ་རྒྱུད་ཀྱི་ཆེད་དུ་རང་གི་ཐུན་མོངས་མ་ཡིན་པའི་རྩ་དོན་དང་མི་ཆོས་ལ་བདག་པོ་དང་སྲུང་སྐྱོབས་འཛིན་སྐྱོང་བྱེད་དགོས་པ་རེད།   རྒྱུ་མཚན་རང་གི་སྲོལ་རྒྱུན་གྱི་རིག་གནས་དང་འཚོ་ཐབས་སོགས་སྣང་མེད་དུ་ཉམས་སུ་བཅུག་ན་དེ་དང་འབྲེལ་བའི་སྐད་ཡིག་དང་ཐ་སྙད་མང་དག་ཅིག་བེད་སྤྱོད་མེད་པ་དང་རྩ་མེད་དུ་འགྲོ་སྲིད།   དེ་བཞིན་དུ་སྤྱི་ཚོགས་སུ་ཉིན་རེ་བཞིན་དུ་བཀོད་མའི་ཆུ་བཞིན་བརྡོལ་བའི་གསར་བྱུང་གི་དངོས་པོ་དག་ལའང་ཐ་སྙད་གསར་པ་བཏགས་མ་ཐུབ་པར་ལུས་ན་ད་གདོད་ང་ཚོའི་སྐད་ཡིག་གི་བླ་སྲོག་གམ་མི་རིགས་ཀྱི་ཚེ་སྲོག་ཆད་ངེས་ཅན་ཡིན་ནོ།།  

དུང་ཞེན་ཉི་མས།

དཔྱད་བརྫོད།

མིང་།

ཡིག་ཟམ།