༄༅། །མདོ་སྟོད་དགའ་ལྡན་རྣམ་གསུམ་གྱི་ངོ་སྤྲོད་ཉུང་ངུ་།

535/545
༉སོག་ཙནྡན་དགོན།

སོག་ཙནྡན་དགོན་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བཀའ་བརྒྱུད་པའི་བླ་མ་གྱ་བ་གངས་དཀར་གྱིས་རབ་བྱུང་བཞི་པའི་ཆུ་འབྲུག་ཕྱི་ལོ་1232ལོར་ཆགས་བཏབས། ཕྱི་ལོ་1266ལོར་ཀརྨ་པཀྵིས་བཀའ་དགོན་གྲྭ་ཕུག་བཞེངས་ནས་ཟླ་སྒྲིལ་བཏང་། ཕྱི་ལོ་1668ལོར་གོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་ནས་སོག་དགེ་ལྡན་འཕེལ་རྒྱས་གླིང་ཞེས་མཚན་གསོལ། དེ་མོ་ངག་དབང་བདེ་ལེགས་རྒྱལ་མཚན། རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་དགེ་ལྡན་བསྟན་འཛིན་གསེར་རིའི་ཕྲེང་བ་དུ་མ་ཞབས་ཀྱིས་བཅགས། སོག་ཞབས་དྲུང་། ངག་སྤྲུལ། བཀའ་ཆེན། བཀའ་འགྱུར། གྲུབ་དབང་སོགས་བླ་བྲང་ཁག་ལྔ་ཡོད། མཁན་པོ་གྲགས་ཅན་རྩེས་དང་པ་བདུད་འཇོམས་དང་སེར་སྨད་ལྷ་བཙུན་སྐུ་ཕྲེང་གཉིས་པ་སྐལ་བཟང་རབ་རྒྱས་སོགས་འབྱོན་མྱོང་། མི་སྣ་གྲགས་ཅན་ལ་ལྷ་གདུང་སྐལ་བཟང་དབང་ལྡན། བཀའ་ཆེན་བློ་བཟང་བསམ་གཏན། བཀའ་འགྱུར་བླ་མ་འཇམ་དབྱངས་ཚུལ་ཁྲིམས། དར་མ་ཆོས་མཛད་བསྟན་པ་ཆོས་འཕེལ་སོགས་ཡོད། དུས་འགྱུར་ཡར་སྔོན་ལ་དགེ་འདུན་པ་600ཡས་མན་ཡོད་པར་གྲགས། ཕྱི་ལོ་1985ལོར་བཀའ་འགྱུར་ངག་དབང་འཇིགས་སྒྲོལ་གྱིས་ཉམས་གསོ་གནང་། ཕྱི་ལོ་2015ལོར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་གཏོན་ནས་རིག་དངོས་བསྐྱར་གསོ་གནང་། དགོན་པ་ཉམས་གསོ་བྱས་ཚུན་གྱི་དབུ་ཁྲིད་ལ། བཀའ་འགྱུར་ངག་དབང་འཇིགས་སྒྲོལ། གྲུབ་དབང་ཡེ་ཤེས་བསླབ་གསུམ། བན་ཚ་བསྟན་པ་དགེ་ལེགས་བཅས་ཡིན། ད་ལྟ་དགེ་འདུན་པ་100ལྷག་བཞུགས། སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་། ངག་སྤྲུལ་རིན་པོ་ཆེས་གདན་ས་སྐྱོང་བཞིན་བཞུགས། དགོན་པར་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན། དགོན་པ་ཆགས་བཏབས་ནས་ད་བར་ལོ་ངོ་786ཙམ་སོང་ཟིན། དགོན་གླིང་གི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ཡུལ་སྐོར་བ་ཚོས་པོ་ཏཱ་ལ་ཆུང་བ་ཞེས་འབོད།

 

༉གཅུང་པ་ཆོས་འཁོར་དགོན།

གཅུང་པ་ཆོས་འཁོར་དགོན་ནི་དུས་རབས་9པའི་ནང་དུ་བྱོན་པའི་བོད་ཀྱི་གྲུབ་ཆེན་རླངས་བྱང་ཆུབ་འདྲེ་བཀོལ་གྱི་སྲས་པོ་རླངས་གཉན་ཐོག་ཨ་ཁྲོམ་གྱིས་ཕྱི་ལོ་810ཙམ་ལ་གཉན་པོ་ར་སའི་སྒྲུབ་ཁང་བཞེངས་ནས་ཆགས་བཏབས། ཕྱི་ལོ་1266ལོར་བཀའ་བརྒྱུད་པའི་བླ་མ་ཀརྨ་པཀྵིས་དཀར་ཤོད་བྲག་རི་འོད་གསལ་ཕུག་ཏུ་བསྒྱུར། ཕྱི་ལོ་1668ལོར་གོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་ནས་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་ཞེས་མཚན་གསོལ། དེ་མོ་ངག་དབང་བདེ་ལེགས་རྒྱལ་མཚན། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྟག་ཕུ་གར་གྱི་དབང་པོ། ཁྲི་ངག་དབང་ནོར་བུ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་དགེ་ལྡན་བསྟན་འཛིན་གསེར་རིའི་ཕྲརང་བ་དུ་མ་ཞབས་ཀྱིས་བཅགས། རག་རྡོ་བི་ལིག་ཐུ་དང་ཆོས་འཁོར་མཆོག་སྤྲུལ་ཏེ་བླ་བྲང་ཁག་གཉིས་ཡོད། མཁན་པོ་མིང་གྲགས་ཆེ་བ་ལྕང་ཅན་འཕྲིན་ལས་རྒྱ་མཚོ་དང་བྲག་གཡབ་བློ་བཟང་རྒྱལ་མཚན། སྟག་ཕུ་བསྟན་འཛིན་རྒྱ་མཚོ། རྒྱལ་རོང་བློ་བཟང་དབང་ཕྱུག  ཐེ་བོ་བློ་བཟང་ཆོས་གྲགས་སོགས་འབྱོན་མྱོང་། མི་སྣ་གྲགས་ཅན་རག་རྡོ་མཚུངས་མེད་འོད་ཟེར་རྒྱ་མཚོ། རག་རྡོ་མདོ་རྒྱུད་བསྟན་པའི་ཉི་མ། རག་རྡོ་བི་ལིག་ཐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། འཛམ་པ་ཆོས་གྲགས། ག་ཟི་བསྟན་འཛིན་རབ་བརྟན། བ་ཟི་ངག་དབང་སྨོན་ལམ། མགོ་ཤུལ་བསྟན་འཛིན་སྒྲོན་མེ། འགྱིང་བློ་བཟང་ཆོས་རྒྱལ། ཆོས་འཁོར་བྱམས་པ་བསྟན་འཛིན་འཇིགས་མེད་རྣམ་རྒྱལ། དབྲ་རུ་བསྟན་འཛིན་ལེགས་བཤད། བླ་མཁར་བྱམས་པ་ཆོས་དར་ཟེར་བ་སོགས་ཡོད། དུས་འགྱུར་ཡར་སྔོན་ལ་དགེ་འདུན་པ་500ཡས་མན་ཡོད་པར་གྲགས། ཕྱི་ལོ་1983ལོར་མཁན་ངག་དབང་དྲི་མེད་ནས་གཙོ་འགན་བཞེས་ནས་ཉམས་གསོ་མཛད། ཕྱི་ལོ་2018ལོར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་ཉིས་སྟོང་ཙམ་གཏོན་ནས་རིག་དངོས་སྐྱར་གསོ་བྱེད་བཞིན་ཡོད། དགོན་པ་ཉམས་གསོ་བྱས་ཚུན་གྱི་དབུ་ཁྲིད་ལ། མགོ་ཤུལ་ངག་དབང་ཀུན་དགའ། བཟོ་རུ་བྱམས་པ་བསྟན་སྲུང་། ཨ་ཐོད་ཐུབ་བསྟན་ཡོན་ཏན། ཁྱུང་དབྲ་ངག་དབང་ཆོས་འབྱོར་བཅས་ཡིན། ད་ལྟ་དགེ་འདུན་པ་160ཡས་མན་ཡོད། སྐུ་གསུང་ཐུགས་རྟེན་སྤྱི་དང་ལྷག་པར་རྒྱལ་བའི་བཀའ་འགྱུར་ཤིན་ཏུ་མང་། མཁན་རིན་པོ་ཆེ་བློ་བཟང་འཇམ་དཔལ་གྱིས་གདན་ས་སྐྱོང་བཞིན་བཞུགས། དགོན་པར་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན། དགོན་པ་ཆགས་བཏབས་ནས་ད་བར་ལོ་ངོ་1208ཙམ་སོང་ཟིན།

 

༉རོང་པོ་རབ་བརྟན་དགོན།

རོང་པོ་རབ་བརྟན་དགོན་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བཀའ་བརྒྱུད་པའི་བླ་མ་ཀརྨ་པཀྵིས་ཕྱི་ལོ་1266ལོར་རེ་ཤོད་ཉི་ཕུག་གི་སྒྲུབ་གནས་བཞེངས། ཕྱི་ལོ་1668ལོར་གོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་ནས་རེ་ཤོད་དགེ་ལྡན་རབ་བརྟན་གླིང་ཞེས་མཚན་གསོལ། དེ་མོ་ངག་དབང་བདེ་ལེགས་རྒྱལ་མཚན། སྟག་ཕུ་གར་གྱི་དབང་པོ། ཁྲི་ངག་དབང་ནོར་བུ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་དགེ་ལྡན་བསྟན་འཛིན་གསེར་རིའི་ཕྲེང་བ་དུ་མ་ཞབས་ཀྱིས་བཅགས།  ཡང་དགོན་སྐུ་གསུང་ཐུགས་སྤྲུལ་གསུམ་དང་། ཆོས་ལྡན་བཅས་བླ་བྲང་ཁག་བཞི་ཡོད། མཁན་པོ་གྲགས་ཅན་ལྕང་ཅན་འཕྲིན་ལས་རྒྱ་མཚོ་དང་སེར་སྨད་སྐལ་བཟང་རྒྱ་མཚོ། ཨརྱ་དེ་ཝ་སོགས་འབྱོན་མྱོང་། མི་སྣ་གྲགས་ཅན་ལ་ཡང་དགོན་ཕུན་ཚོགས་རྒྱ་མཚོ། ཆོས་ལྡན་བསྟན་པའི་རྒྱལ་མཚན། རོང་པོ་བླ་མ་བསྟན་འཛིན་དཔལ་འབྱོར། ལོ་རུ་བློ་བཟང་ཕུན་ཚོགས་སོགས་ཡོད། དུས་འགྱུར་ཡར་སྔོན་ལ་དགེ་འདུན་པ་800ཡས་མན་ཡོད་པར་གྲགས། ཕྱི་ལོ་1985ལོར་ཡང་དགོན་ཐུགས་སྤྲུལ་བསྟན་འཛིན་ཉི་མས་ཐུགས་འགན་བཞེས་ནས་ཉམས་གསོ་མཛད། དགོན་པ་ཉམས་གསོ་བྱས་ཚུན་གྱི་དབུ་ཁྲིད་ལ། བར་རུ་བློ་བཟང་བསམ་གཏན། རྟོལ་ལེ་བློ་བཟང་རྒྱ་མཚོ། ལྡོང་ཚ་བློ་བཟང་བསྟན་འཛིན་བཅས་ཡིན། ད་ལྟ་དགེ་འདུན་པ་300ཙམ་དང་སྐུ་གསུང་ཐུགས་རྟེན་མང་པོ་ཡོད། ཡང་དགོན་རིན་པོ་ཆེས་གདན་ས་སྐྱོང་བཞིན་བཞུགས། དགོན་པར་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན། དགོན་པ་ཆགས་བཏབས་ནས་ད་བར་ལོ་ངོ་752ཙམ་སོང་ཟིན།

 

དཀར་ཤོད་པ་སྙིང. གསོན་པོས་བྲིས།

དཔྱད་བརྫོད།

མིང་།

ཡིག་ཟམ།