མི་ཞིག་ལ་ཚང་དགོས་པའི་དོན་ཚན་དྲུག

532/545
གཅིག  མི་གཞི།

སྤྱིར་ཡོངས་ནས་གླེང་བ་བྱས་ན། ཤར་ནུབ་ཀྱི་འཛམ་བུ་གླིང་གི་རྒྱབ་ཁབ་སོ་སོའི་དཀར་ནག་གི་མི་རིགས་གཙོ་ཕལ་སུ་ཡིན་ཡང་། ཆེས་མེད་དུ་མི་རུང་བ་ནི་མི་གཞི་དང་ཀུན་སྤྱོད་ཟེར་བ་འདི་གཉིས་རེད་ལ། ཚད་གཞི་ཞིག་གི་ཐོག་ནས་འགྲོ་དགོས་པའང་ཏན་ཏན་ཏིག་ཏིག་རེད་སྙམ་མོ། ། ང་ཚོ་བོད་མི་དག་ལ་མཚོན་ནའང་དེ་ནང་བཞིན་ཡིན། ལར་བདག་ལྟ་བུ་མི་གཞི་དང་ཀུན་སྤྱོད་ལེགས་པོ་མེད་མཁན་ཞིག་གིས་བབ་ཅོོལ་སྟེ་འདིའི་ཕྱོགས་ནས་གང་འདོད་དུ་མོལ་བསྡད་པ་ཡིན་ན་མི་འགྲིག་པ་ཧ་ཅང་མོད། འོན་ཏང་། ①མི་གཞི་བཟང་པོ་དེ་ཡང་གང་ཞེ་ན། ། བསམ་པ་དཀར་ཞིང་གཡོ་སྒྱུ་ཆུང་བ་དང་། ། ངང་བཟང་ཕྱི་ཐག་རིང་ཞིང་ཟུངས་ཐུབ་ཅིང་། ། ཁོག་ཡངས་ཤེས་རྒྱ་ཆེ་བ་ཉིད་ཡིན་ནོ། ། ཞེས་གསུངས་པའི་ལེགས་བཤད་དྲན་ངོགས་ཀྱི་གསེར་བྱ་ལྟ་བུ་འདི་ཀོ་ལ་བརྟགས་ན། ཅུང་ཙམ་མི་རང་རང་སོ་སོར་ངེས་ཤེས་ཡང་དག་ཅིག་དང་། བྲན་མིན་གྱི་ལམ་བུ་གསར་པ་རེ་མི་རྙེད་པའི་རྒྱུ་མཚན་ལར་ནས་མེད། དེ་བས་དང་ཐོག་མི་གཞི་ཟེར་བ་འདི་མི་བུ་ཆེ་ཕྲ་ཆུང་གསུམ་སུ་ཡིན་ན་ལེགས་པོར་ཨེ་འཁྱང་གི་རེ་བ་ཡོད་དགོས་པ་ཞིག་རེད། ལྷག་པར་ང་ཚོ་མདོ་དབུས་མཐོ་སྒང་དུ་མི་ལོ་སྟོང་ཕྲག་མང་པོར་འཚོ་སྡོད་བྱས་པའི་བཙན་རྒྱལ་རྒྱལ་ཁབ་ཆེན་མོའི་མགོ་ཡི་ཏོག གཙུག་གི་ནོར། དཔྲལ་བའི་མིག ཁོག་པའི་སྙིང་། སེམས་ཀྱི་དད་ཞིང་དུ་གྱུར་པའི་ནང་བསྟན་ཆོས་ལུགས་དང་། དེའི་རྗེས་འབྲངས་པ་རྣམ་པ་སྟེ་སྐྱ་སེར་ཕོ་མོ་གང་འདྲ་ཞིག་ཡིན་རུང་བསམ་པ་བཟང་ཞིང་བློ་ཁོག་ཆེ་བ་གཞན་ལ་བསྟུན་ཤེས་པའི་སྒོ་ནས། གོང་གི་ཚན་པ་དེ་དག་གཙོ་བོར་བཟུང་སྟེ་ལས་རྒྱུ་འབྲས་ལ་བརྩི་བཀུར་སོགས་ལེགས་པོ་བྱ་དགོས་པ་ནི་སྨོས་མ་དགོས།

གཉིས། ཀུན་སྤྱོད།

མི་གཞི་དེ་ལ་བརྟེན་པའི་སྟོབས་སམ་དབང་གིས་ཀུན་སྤྱོད་ཟེར་བ་འདི་འབྱུང་བཞིན་ཡོད་པ་རེད་ལ། དེའང་ལུས་ངག་གི་སྤྱོད་པ་དང་ཕྱི་ནང་གི་སྤྱོད་པ་འདི་རེད། དེས་ན། ②བསམ་པ་ཆུང་ངུའི་འཇིག་རྟེན་རྣམས། ། ནང་གི་ཡོན་ཏན་མི་ཤེས་པས། ། ཕྱི་ཚུལ་བཟང་པོ་འཇིག་རྟེན་དང་། ། མཐུན་པར་བྱས་ན་འཇིག་རྟེན་མགུ། ། ཞེས་དང་། ③“མིའི་ཚེ་ནི་ཆེས་ཐུང་ངུ་ཞིག་ཡིན་ནའང་ཀུན་སྤྱོད་བཟང་པོ་ནི་དུས་ནམ་ཡིན་ཡང་གནས་ཐུབ་པ་ཞིག་ཡིན།”ཞེས་པ་དང་། ④སེམས་ཀྱིས་བག་ཡོད་བྱས་གྱུར་ན། ། ལུས་དང་ངག་གི་སྤྱོད་པ་ལ། ། བཅོས་སུ་མི་བཏུབ་གང་ཡང་མེད། ། དེ་བས་དུས་སུ་བག་ཡོད་བྱ། ། ཞེས་དང་། ཡང་། ⑤སྤྱོད་པ་བག་དང་ལྡན་པ་ལ། ། མཐའ་དག་སྐྱེ་བོས་བཀུར་འགྱུར་ཞིང་། ། བག་མེད་རྣམས་ཀྱང་དེ་མཐོང་ཚེ། །འཇིགས་བཅས་ཟིལ་གྱིས་གནོན་པར་འགྱུར། ། ཞེས་ལེགས་པར་བསྟན་པ་ལྟར། བྱ་བ་ཅི་བསྒྲུབ་ཀྱང་གཟུར་གནས་ཚུགས་ཐུབ། རྒྱུ་འབྲས་དྲང་སྙོམས། དྲན་ཤེས་བག་ཡོད་བྱ་རྒྱུ་ནི་རྩ་བའི་གནད་དམ་པ་ཞིག་ཡིན་པ་སྔོན་གྱི་དམ་པ་ཚོས་གསུངས་པ་རེད་སྙམ་ནས་བདག་གིས་ཀྱང་གང་ཅི་ཐུབ་བྱ་བའི་ཕྱིར་དུ་བརྗོད་པ་ཙམ་ཞིག་ལས་ལག་ལེན་དང་གནད་དུ་སྨིན་ཞེས་ལབ་ཀྱིན་མེད། ལབ་དགོས་ཀྱང་དངོས་གནས་ཧ་ལས་པ་ཞིག་མ་རེད་དམ།

གསུམ། རིག་གནས།

རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འཛམ་བུ་གླིང་གི་རྒྱབ་ཁབ་རྣམས་ཀྱི་ཚན་རིག་པའི་སྡེ་ཁག་དུ་མ་ཞིག་གནའ་ནས་ད་བར་དུ་ཤེས་རིག་གི་ཐོག་ནས་འཕེལ་འགྱུར་དང་ཧེ་བག་ཚད་མེད་སོང་ཡོད་པ་ནང་བཞིན་དུ། དུས་རབས་ཉེར་གཅིག་པའི་དུས་ཀྱི་མ་གཤམ་འདིར་མཚོན་བཞག་པ་ཡིན་ནའང་། རིག་གནས་ཀྱི་ཐོག་མཐའ་བར་གསུམ་ནས་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས་འཚང་ཁ་དང་འགྲན་རྩོད་བྱེད་ཀྱིན་པ་འདི་རེད་ལ། ལ་ལ་ཞིག་ནི་དེ་དག་གང་རུང་དུ་སིམ་འཛུལ་དང་བཙན་འཛུལ་གང་ཡང་རུང་བ་ཞིག་གི་ཁྲོད་ནས་འདའ་འགྲོ་བཞིན་ཡོད་པས་ང་ཚོས་ཀྱང་རེ་བ་དང་དམིགས་འབེན་ཞིག་གི་སླད་དུ་མེས་པོ་སྐུ་དྲིན་ཅན་ཚོས་གནང་བའི་རིག་གནས་ཕུན་སུམ་ཚོགས་པ་སོགས་ལ་འདོམས་པ་བྱ་འོས་སོ་བསམ་སྟེ་བསླབ་དགོས་ངེས་ཡིན་ནོ། ། མ་ཚད་དེང་སང་ནི་རིག་གནས་ཀྱི་ལམ་དུ་བགྲོད་པ་དང་། ཐ་ན་ཟ་འདུག་འགྲོ་གསུམ་པོ་ཙམ་ཡང་རིག་གནས་ཀྱི་ཐོག་ནས་གཉེར་དགོས་པ་ཡིན་དུས་ཚང་མས་གསལ་ཤས་ཆེ་མོད། རྒྱུ་མཚན་དེས་ན⑥“མིའི་རིགས་ཀྱིས་བསྐྲུན་པའི་རང་ཉིད་ཀྱི་འདོད་པ་སྒྲུབ་པའི་ཐབས་སམ། ཐབས་ལས་བྱུང་བའི་ཤེས་བྱའོ”ཞེས་རིག་གནས་ཀྱི་ངོ་བོ་བཞག་པའི་ངང་ཚུལ་ལ་བལྟས་ན་ཡང་། ཏན་ཏན་ང་རང་ཚོའི་འདོད་པ་དང་མོས་མཐུན་གྱི་ཐོག་ནས་དངོས་པོ་ཅི་ཞིག་བསྐྲུན་པའམ་འཚོལ་བ་བྱས་ན་གནད་རྡོག་རྡོག་གི་ཆ་ནས་རིག་གནས་འདི་ཡོད་དགོས་པ་དང་། གོང་ནས་བཤད་ཟིན་པའི་མི་གཞི་དང་ཀུན་སྤྱོད་ཟེར་བ་དེ་གཞི་རྩ་ཉིད་དུ་བཟུང་བའི་སྒོ་ནས་ལབ་ཀྱིན་ཡོད་རེད་མ་གཏོགས་⑦ནང་ན་ཡོན་ཏན་ཀུན་ལྡན་ཡང་། །ཆ་ལུགས་ངན་པས་ཀུན་གྱིས་བརྙས། ། གསུངས་པ་ལྟར་འགྱུར་ཉེས་ཆེའོ། ། ཤེས་རིག་ལྡན་ཞིང་མི་གཞི་དང་ཀུན་སྤྱོད་མི་གཙང་བའི་མི་ནི⑧“ཕན་དང་མི་ཕན་མི་དཔྱོད་ཅིང་། ། བློ་དང་ཐོས་པ་མི་སྒྲུབ་པར། ། ལྟོ་འབྲངས་འབའ་ཞིག་དོན་གཉེར་བ། ། སྤུ་མེད་པ་ཡི་ཕག་པ་བཞིན། །”ཞེས་པ་མ་ལས་འདས་སོ། །

བཞི  ལྟ་བ།

རྟགས་དང་རྒྱུ་མཚན་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཅི་རིགས་ལ་བརྟེན་ནས་བྱུང་བའི་སེམས་ཀྱི་འཛིན་སྟངས་བརྟན་ཆགས་པ་ཞིག་ལ་ལྟ་བ་ཟེར་བའི་མིང་དུ་བསྙད་ཀྱིན་ཡོད། ཡོངས་ཁྱབ་ཀྱི་ཆོས་ལུགས་པའི་ལྟ་བ་ལ་ལྟ་བ་ཆེན་པོ་བཞི་ཡོད་དེ། སངས་ཆོས་ཆོས་ལུགས། ཧིན་དྷུ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་བཅས་ཀྱི་ལྟ་བ་བཞི་ལ་ཟེར་བཞིན་འདུག་ནའང་། ལྟ་བ་ལ་དབྱེ་ན་རིམ་པ་ཧ་ཅང་མང་སྟེ་དཔེར་ན་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་འདོད་སྟངས་ལ་ཐེག་ཆེན་དང་ཐེག་དམན་གྱི་ལྟ་བ། དེའི་ནང་གསེས་ལ་ཐེག་ཆེན་ལ་དབུ་སེམས་གཉིས། ཐེག་དམན་ལ་བྱེ་མདོ་གཉིས་ཏེ་དེ་འདྲའི་དབྱེ་བ་དུ་མ་བྱུང་བ་ཇི་བཞིན་དུ་གཞན་དང་གཞན་དག་གི་ཆོས་ལུགས་ལའང་དབྱེ་བ་དུ་མ་ཡོད་པ་གོར་མ་ཆག་གོ ། འོན་ཏེ། ⑨“སྤྱང་ཀི་ཤ་གཟན་རི་བོང་རྩྭ་ཟན་གཉིས། ། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། ། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ། ། རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས། ། ཞེས་པ་འདི་རེད། སྤྱང་ཀི་ཤ་ལ་དགའ་བ་སྤྱང་ཀིའི་གཤིས་ཀ་ཡིན་ལ། ར་བོང་རྩྭ་ལ་དགའ་བའང་དེ་བཞིན་ཡིན་པས། ཁོ་རང་གཉིས་ཟས་ཀྱི་དོན་དུ་གྲོས་ཅི་ཙམ་བྱས་ན་ཡང་གྲོས་མཐུན་ཡོང་མི་སྲིད་པ་རེད། དེ་ལས་སྤྱང་ཀི་ཤ་ལ་དགའ་བར་རི་བོང་གིས་བརྩི་འཇོག་བྱས། རི་བོང་རྩྭ་ལ་དགའ་བར་སྤྱང་ཀིས་བརྩི་འཇོག་བྱས་ཏེ་སོ་སོར་གནས་ན། གྲོས་མཐུན་ཡོང་གི་རེད། འགལ་བ་ཅི་ཡང་ཡོད་པ་མ་རེད། དེ་ནི་ཁོ་རང་གཉིས་ལ་ལྷན་སྐྱེས་ཀྱི་སེམས་ཁམས་དང་དགའ་ཕྱོགས་མི་འདྲ་བ་གཉིས་ཡོད་པས་རེད། ཕན་ཚུན་བརྩི་འཇོག་མ་བྱས་པར། སྤྱང་ཀིས་རི་བོང་ལ་ཁྱོད་གླེན་པ་རེད། རྩྭ་ཞིམ་པོ་མི་འདུག དེ་ལས་ཤ་ཞིམ་པ་རེད། རི་བོང་གིས་ཀྱང་སྤྱང་ཀི་ལ་ཁྱོད་ལས་གླེན་པ་མི་འདུག ཤ་ཟོས་པ་ལ་དོན་སྙིང་ཡོད་པ་མ་རེད། རྩྭ་བཟའ་དགོས་པ་རེད་ཅེས་ཅི་ཙམ་སྨྲས་རུང་སྤྱང་ཀིས་ཁས་ལེན་མི་སྲིད།” ཞེས་པ་ལྟར་ལགས་པས། འུ་ཚོ་སུ་ཡིན་ཡང་བོད་གདོན་མ་ནས་བྱུང་བའི་ལྟ་བ་ཡིན་ཡང་འདོར་ལེན་དང་། བཙན་ཤེད་ཀྱི་ལྟ་བ་ཁུར་ཡ་འདྲ་བོ། བརྩི་འཇོག་མིན་པའི་འགག་སྡོམ་འདྲ་བོ་བྱས་ན་སུ་ཡིན་ཡང་ཁས་ལེན་མི་ཐུབ་པ་མ་ཟད། འགལ་འདུ་ཞེ་སྣང་ཚ་བོ་འགའ་རེ་འབྱུང་སྲིད་པ་རེད། ཟེར་སྒྲོས་ཙམ་དང་། ཡིད་ཆེས་ཙམ་དང་། ཞེན་གོག་ཙམ་ལ་བརྟེན་ནས་ཁོའི་ལྟ་བ་འདི་ཡང་དག་ཅིག་དང་། མིན་ཡང་དེང་སྲོལ་གྱི་ལྟ་བའི་ཆ་ནས་སྲོལ་རྒྱུན་གྱི་ལྟ་བ་ཡོད་ཚད་རྙིང་རུལ་ཡིན་པས་དོར་བ་དང་། དེང་གི་ལྟ་བ་རྐྱང་པ་ལས་ཁས་མི་ལེན་པ་ལྟ་བུ་སོགས་ཀྱི་ཀླན་ཀ་འདི་ལས་ཚབ་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་གནའ་དེང་གི་སྲོལ་རྒྱུན་བར་ལ་བླང་དོར་དང་། ཟུང་འབྲེལ་གྱི་ཐོག་ནས་ཧྲིལ་གྱིས་དྲིལ་ན་ལྟ་བ་སྣ་ཚོགས་པ་ཅི་ཡིན་རུང་རང་རང་སོ་སོར་གཞི་རྐང་དུ་ཚུགས་པའི་ལྟ་བ་རེ་ཡོད་དགོས་པ་ནི་གལ་འགངས་ཆེ་ཤོས་ཤིག་ཏུ་གྲུབ་ནས་བདོག

ལྔ  གུ་ཡངས།

མི་ཚེ་ནི་རྙོག་འཛིང་ཅན་ཞིག་ཡིན་པ་ནི་དངོས་པོའི་གཤིས་ལ་བརྟག་ན་ཁྲིག་ཁྲིག་གསལ་བ་དང་། དགའ་སྡུག་གཉིས་ཀྱིས་ལན་རེར་ངུ་ཞོར། སྐབས་རེར་དགོད་ཞོར། ངུ་མ་བགད་ཀྱི་ཀློང་རིམ་ན་གནས་པའི་འགྲོ་བ་མི་སྟེ་མཐོ་རིམ་སྲོག་ཆགས་རྣམས་ཀྱིས་འདོད་ཕྱོགས་གཅིག་མཚུངས་དང་། ལྟ་བ་མཉམ་གནས་སུ་སོང་བ་ནི་བདེ་སྐྱིད་དང་གུ་ཡངས་ཞེས་སུ་འབོད་པ་དེའོ། ། གལ་ཏེ། གུ་ཡངས་འདིའི་ཐོག་ནས་འཚོ་ཐུབ་པ་ཡིན་ན། ལུས་ངག་གི་ཁམས་དབང་ལ་སོགས་དང་འབྲེལ་ཏེ་སོས་སོད་ཀྱི་རང་བཞིན་དུ་ཆགས་འོང་བ་རེད། དེ་ལ་བརྟེན་ནས་ད་གཟོད་བྱ་བ་གང་ལ་འཇུག་པ་ཡིན་ཡང་སྤྲོ་སྣང་དང་མོས་པ་ཆེ་བ་མ་གཏོགས་སུན་སྣང་དང་རབ་རིབ་ཀྱིས་བསླས་པའི་སེམས་ཁམས་ཤིག་གམ་བློ་ཞིག་བྱ་བ་གང་ལ་འཇུག་པ་བྱས་ཀྱང་དཀའ་ཆད་དང་སྡུག་སྣང་འདྲ་ཞིག་གིས་མཚམས་འཇོག་བྱ་སྲིད་པས་གཟབ་དགོས་པའི་དོན་དག་ཅིག་ཡིན། གུ་ཡངས་དང་བདེ་སྐྱིད་དེའང་ཀུན་སྤྱོད་ལས་འཐོབ་དགོས་ཏེ(10)“ཀུན་སྤྱོད་བཟང་པོ་དེ་ནི་རང་གི་བུ་ཕྲུག་ལ་སློབ་གནང་དགོས། གང་ལགས་ཤེ་ན། མིའི་བདེ་སྐྱིད་ནི་ཀུན་སྤྱོད་ལ་རག་ལས་པ་ལས་གསེར་དངུལ་མང་བར་རག་ལས་མེད་པས་ཡིན”ཞེས་པའི་ལེགས་བཤད་འདིས་ཀྱང་ཀླད་ཤེས་རྩ་ཕུང་དང་། དཔྱོད་པའི་ཡན་ལག་སོགས་ཕྱུལ་དུ་བྱུང་ཞིང་། དོན་དང་དོན་མ་ཡིན་པར་དབྱེ་འབྱེད་ཀྱི་ནུས་མཐུ་མངའ་བའི་མཐོ་རིམ་སྲོག་ཆགས་སུ་གྱུར་པའི་མི་བུ་ཡོངས་ལ་བརྡ་ཞིག་སྤྲོད་པ་བྱས་མི་འདུག་གམ། དེས་ན‘གུ་ཡངས་མ་གཏོགས་ཟང་ཟིང་གིས་ཟང་ཟིང་སེལ་མི་ཐུབ་ལ། ལྷིང་འཇགས་མ་གཏོགས་སུན་སྣང་གིས་སུན་སྣང་གཞོམ་མི་ཐུབ་བོ། །’ཞེས་པའི་གནད་འདི་ཅིས་ཀྱང་གོ་བར་བྱོས་ཤིག

དྲུག  རང་ཚུགས།

(11)“རང་ཚུགས་དང་ཨུ་ཚུགས་མ་ནོར། མདུན་སྐྱོད་དང་གཡམ་རྒྱུག་མ་ནོར།”ཞེས་དང་། ཡང་ན(12)“རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།”ཞེས་པའི་ཚིག་དོན་ལ་ནན་གྱིས་ཞིབ་འདང་རེ་རྒྱབ་ན་དངོས་གནས་དུས་སུ་སྨིན་པའི་གསོས་དང་། གནད་དུ་སྨིན་པའི་ཚིག་ཏུ་འགྱུར་བཞིན་འདུག རང་རེ་ཁ་བ་གངས་ཅན་པའི་འདས་མ་ད་གསུམ། ཕྱི་ནང་གསང་གསུམ། མངོན་ལྐོག་ཤིན་གསུམ་གང་གི་ཕྱོགས་ནས་ཀྱང་བསམ་བློ་བཏང་ཡང་། ཚིག་འདི་དག་ནི་སེམས་ཁྲལ་དང་མིག་ཆུ་ཡི་ཀློང་ནས་བཞག་ཡོད་པ་ཏན་ཏན་རེད། དེས་ན“རང་ཚུགས་རང་སྐྱོང་དང་གཞན་ལྟར་བརྩི་འཇོག”གི་ལྟ་བའི་ཐོག་ནས་ཆེ་ས་ནས་མི་རིགས་རེད། དེའི་སྲོལ་རྒྱུན་གྱི་སྦྱོར་བས་བསྐྲུན་པའི་དངོས་པོ་ཅི་རིགས་དང་། ཡབ་མེས་ཚོས་ཁྱད་དུ་འཕགས་པའི་བཟོ་གསོའི་རིག་པ་སོགས་ཏེ། ཐ་ནའང་ཟས་ཟ་ལུགས་དང་གོས་གྱོན་སྟངས། འགྲོ་ལུགས་དང་འདུག་སྟངས། བཤད་ལུགས་སོགས་ལའང་རང་ཚུགས་ཧ་ཅང་དགོས་ངེས་རེད། དཔེར་ན་གཞན་ཡུལ་ལ་ལོ་འགར་སོང་ནས་རང་ཡུལ་ལ་སླར་ལོགས་པའི་སྐབས་སུ། ལ་ལ་ནི་སྐད་དང་གྱོན་ཆས་སོགས་འགྱུར་བ་ནི་དངོས་གནས་རང་ཚུགས་ཟེར་བ་དེ་གཞི་མེད་དུ་སོང་བ་ཞིག་ཡིན་པས། དེ་དག་ལ་གཟབ་ནན་བྱས་ཏེ་སྤྱིར་ཡོངས་ཀྱི་རྒྱབ་ཁབ། དེ་མཚུངས་སུ་གྱུར་པའི་རང་ཡུལ་ལུང་པ། མིན་ཡང་ཚོ་ཁག་དང་ཚོགས་པ་ཆེ་ཆུང་གང་ཡིན་རུང་རང་ཚུགས་ཟེར་བ་འདི་ངེས་པར་དུ་ཡོད་དགོས། ང་ཚོའི་མི་རབས་འདི། རྒྱལ་ཁབ་འདི། ཤེས་རིག་འདི་ཡུན་རིང་དུ་གནས་དགོས་བསམ་པ་ཞིག་ཡིན་ཕྱིར་རྩ་བའི་ཆ་ནས་རང་ཚུགས་ལྡན་དགོས། རང་ཚུགས་བརྟན་ཚུལ་ལ་འབད་དགོས། རང་ཚུགས་འཛིན་ཐབས་དེ་ཡོད་དགོས། གལ་ཏེ། (13)“ཁྱེད་ལ་བདེ་སྐྱིད་འཐོབ་འདོད་ན། ཁྱེད་ཀྱིས་སྔོན་ལ་དཀའ་སྡུག་བཟོད་བསྲན་ཐུབ་པ་བྱ་དགོས”ཞེས་པ་ལྟར་དོན་ཆུང་ཆུང་ལ་བཟོད་སེམས་མེད་ན་ཆེ་རུ་འགྲོ་བའི་ཉེན་ཁ་ཧ་ཅང་ཟབ་པས་རྣམ་པ་ཀུན་ཏུ་དྲན་པར་མཛོད། (14)”གལ་སྲིད་ང་རང་ཉིད་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ནུས་པ་ཞིག་ཡོད་ན། ང་རང་གི་གཟུགས་ཕུང་རྣམ་ཤེས་དང་བཅས་པ་འདི་འཛམ་གླིང་སའི་གོ་ལ་འདི་ཉིད་སྲུང་བར་བྱེད་པའི་བླ་བྲེ་ལྟ་བུ་ཞིག་ཏུ་བསྒྱུར་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་དུས་རྒྱུན་དུ་ཡོང་བསྡད་ཡོད”ཅེས་པའི་ཕན་སེམས་ལྟ་བུ་སྐྱོང་མ་ཐུབ་ན་ཡང་།སེམས་ཅན་ཆུང་ཕྲ་ཚང་མ་དང་། ཐ་ན་མི་དང་མིའི་བར། ཉེ་འབྲེལ་དང་ཁྱིམ་མིའི་བར། གྲོགས་དང་མཛའ་བོའི་བར་དུ་ཕན་སེམས་རྣམ་དག་ཅིག་བསྐྱང་བ་ནི་སྐྱེ་བོ་ཀུན་གྱི་སྨན་པའི་གཞིར་གྱུར་པ་ཉིད་དོ། ། དེའང་མི་རང་རང་གིས་དྲན་པ་བྱ་དགོས་སོ། །

  

མཆན།①ཆོས་རྗེ་ཡིད་བཞིན་ནོར་བུས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༢༨ལས་དྲངས།
②མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི«རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་འགྲེལ་བཤད་འཇིག་རྟེན་གསལ་བའི་རྒྱན»གྱི་སྡེབ༡༩༦ལས་དྲངས།
③ཤེག་སེ་པིར་གྱིས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༧༡ལས་དྲངས།
④«རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་འགྲེལ་བཤད་འཇིག་རྟེན་གསལ་བའི་རྒྱན»གྱི་སྡེབ༡༧༧/༡༧༨ལས་དྲངས།
⑤«རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་འགྲེལ་བཤད་འཇིག་རྟེན་གསལ་བའི་རྒྱན»གྱི་སྡེབ༢༢༡ལས་དྲངས།
⑥མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས«ལུག་རྫི་རྒན་པོའི་ཀི་སྒྲ»ཡི་སྡེབ་༢ལས་དྲངས།
⑦«རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་འགྲེལ་བཤད་འཇིག་རྟེན་གསལ་བའི་རྒྱན»གྱི་སྡེབ༡༨༣ལས་དྲངས།
⑧ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༦ལས་དྲངས།
⑨མཁན་དབང་དགེ་འདུན་ཆོས་འཕེལ་གྱི་ཚིག་བཞི་ཞིག་སྒོ་ཤེར་གྱིས་འགྲེལ་བཤད་དང་བཅས་པ་འདི«ང་ཚོ་སད་རན»གྱི་སྡེབ༣༡༨/༣༡༩ལས་དྲངས།
(10)པེ་ཏུའོ་ཧྥེབ་གྱིས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༧༢ལས་དྲངས།
(11)འདན་ཤུལ་ཚེ་དབང་བཀྲ་ཤིས་ཀྱིས་གསུངས།
(12)ཆོས་རྗེ་ཡིད་བཞིན་ནོར་བུས་གསུངས།
(13)ཐུའུ་ཀེ་ཉེ་ཧྥུས་ཀྱིས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༦༡ལས་དྲངས།
(14)རྒྱལ་དབང་ཀརྨ་པས་གསུངས«འཛམ་གླིང་མཁས་པའི་གདམས་ངག་གཅེས་བཏུས»(སྟོད་ཆ)འི་སྡེབ༣༥ལས་དྲངས། 

  སད་མས་བརྩམས།

དཔྱད་བརྫོད།

མིང་།

ཡིག་ཟམ།