<དགེ་ཚུལ་ཆུང་ཆུང་གི་ཉིན་ཐོ>བཀླགས་པ། དུང་ཨ་ཏི།

528/545

གུས་པ་ཁོ་བོ་བྱིས་པའི་རྩོམ་རིག་གི་ལམ་ཁར་ཞུགས་ཏེ་མི་ལོ་བཞི་ལྔ་ཞིག་མ་གཏོགས་འགོར་མེད།ལོ་འདི་དག་གི་ནང་དུ་ངས་རང་མི་རིགས་ཀྱིས་བརྩམས་པའི་བྱིས་པའི་སྙན་ངག་གཙོས་པའི་བྱིས་སྒྲུང་།རིས་དེབ།བྱིས་པའི་གཞས་ཚིག་སོགས་བྱིས་པ་རྣམས་ཀྱིས་ཀློག་རི་བའི་དཔེ་དེབ་ཡོད་དམ་སྙམ་ནས་ཅི་ལྟར་འབད་དེ་བཙལ་ཡང་ཡིད་ཚིམ་པ་ཞིག་ལག་ཏུ་རག་མ་བྱུང་།ཁྱད་པར་དུ་བྱིས་པའི་སྙན་ངག་གི་སྐོར་ནས་གཞི་རིམ་པ་ལགས་ཀྱི་<གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས>གཅིག་པུ་མ་གཏོགས་རག་མ་བྱུང་།ང་ཚོར་མཚོན་ན་བྱིས་པའི་རྩོམ་རིག་གི་དཔེ་དེབ་སྤུས་གཙང་དྭངས་གཙང་ཞིག་ནི་ཉིན་མོའི་སྐར་མ་ལྟར་ཧ་ཅང་དཀོན་པོ་འདུག དེའང་ཁག་མི་འདུག གཅིག་ཏུ་ན་ང་ཚོའི་སློབ་གསོ་འདིའི་གནད་དོན་རེད།གཉིས་སུ་ན་ང་ཚོས་བྱིས་པའི་འཇོན་ནུས་ལ་དོ་སྣང་བྱེད་ཀྱིན་མེད་པས་རེད།གསུམ་དུ་ན་ང་ཚོ་མི་རྒན་དར་མ་དག་སྒེར་སེམས་ཆེ་དྲགས་སོང་བས་རེད།དེ་བས་ངས་ནི་རྒྱ་ཡིག་དང་དབྱིན་ཇི་ཁོ་ནའི་སྟེང་གི་བྱིས་པའི་ཀློག་དེབ་དང་བྱིས་པའི་རྩོམ་རིག་གི་གཞུང་ལུགས་དག་བཀླགས་ཏེ་རང་མི་རིགས་ལ་ཅིས་ཀྱང་དགོས་པ་དག་ཚུར་མི་འདྲེན་ཐབས་མེད་ཆགས། ང་ཚོའི་བྱིས་པའི་རྩོམ་རིག་གི་སྟོང་ཆ་ཆེན་མོ་ཞིག་སྐོང་ཕྱིར་ངས་”བྱིས་པའི་སྙན་ངག”ནང་དུ་འདྲེན་ཅི་ཐུབ་བྱེད་ཀྱིན་ཡོད་མོད།མི་ལ་ལས་ཕྲན་ལ་ཁྱོད་ཀྱི་བྱིས་པའི་སྙན་ངག་དག་སྙིང་པོ་མི་འདུག དེ་ལས་བརྩམས་སྒྲུང་ངམ་དར་མའི་སྙན་ངག་རེ་བྲིས་ན་མི་དགའ་འམ་ཟེར་བ་དང་།ཡང་ལ་ལས་ང་ཚོ་བོད་ལ་བྱིས་པའི་སྙན་ངག་རྩ་བ་ནས་དགོས་དོན་མི་འདུག ང་ཚོ་མ་གཞི་ནས་སྙན་ངག་གི་ཁོར་ཡུག་ཅིག་གི་ནང་དུ་འཚོས་ཡོད་པས་སོ་སོགས་སྣང་བ་སྐྱིད་པོ་དང་འཁྲུལ་སྣང་གི་སྐད་ཆ་བསྙད་ཀྱིན་འདུག གསོང་པོར་སྨྲས་ན་འདི་ནི་མ་རྟོགས་མ་མཁྱེན་པའི་རྟགས་མཚོན་གཤའ་མ་ཞིག་མིན་ནམ་སྙམ།གང་ལྟར་ཁོ་དང་ཁོ་ཚོས་ཅི་དང་གང་འདོད་པ་དེ་དང་དེ་ལྟར་ལབ་ཆོག ང་འདི་ལྟར་འགྲོ་རྒྱུ་ཡིན་ཞེས་ལུས་མེད་ཡན་ལག་མང་བ་དང་འབྲེལ་མེད་གཏམ་གཞུང་རིང་བ་ལྟར་ཚིག་ཚོགས་མང་ཐག་ཆོད་པ་ཞིག་བྲིས་ནས་སྤྱི་ཁོག་ལོང་བར་མི་བྱེད་པར་ད་ནི་གཞུང་དངོས་ཀྱི་སྟེང་དུ་འགྲོ་བར་བྱའོ།།

 

<དགེ་ཚུལ་ཆུང་ཆུང་གི་ཉིན་ཐོ>ཞེས་པའི་དཔེ་དེབ་འདི་ནི་ཟླ་གཅིག་གཉིས་ཤིག་གི་སྔོན་དུ་སྐད་འཕྲིན་དང་ངོ་དེབ་སོགས་སུ་མཐོང་བ་ཡིན་ལ།མཐོང་མ་ཐག་ཏུ་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།བཀླག་འདོད་རབ་ཏུ་སྐྱེས།རྒྱུ་མཚན་ག་རེ་ཡིན་ནམ་ཟེར་ན།ངས་ནམ་ཞར་བྱིས་པ་རང་ཉིད་ཀྱིས་བརྩམས་པའི་དཔེ་དེབ་དག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པས་ཡིན།ཡིན་ནའང་ངའི་ལག་ཏུ་ཁ་ཉིན་མ་གཏོགས་རག་མ་སོང་།དཔེ་དེབ་འདི་བཀླགས་རྗེས་ང་ལ་སྨྲ་མི་ཤེས་པའི་དགའ་མགུ་ཆེན་པོ་ཞིག་སྐྱེས་བྱུང་།བྱིས་པ་དག་གིས་ཀྱང་འདི་འདྲའི་ཉིན་ཐོ་མཆོག་ཏུ་གྱུར་བ་རྨད་དུ་བྱུང་བ་ཞིག་འབྲི་ནུས་ན་ང་ཚོ་བོད་ཀྱི་བྱིས་པའི་རྩོམ་རིག་ལ་ད་ནི་སེམས་ཚེགས་དེ་འདྲ་བྱེད་དགོས་དོན་མི་འདུག་སྙམ་སོང་།འདི་ནི་ཉིན་ཐོ་འདི་དག་གིས་ང་ལ་བསྩལ་བའི་སྤོབས་པ་ཡིན།འདི་ནི་གྲྭ་བཙུན་ཆུང་ཆུང་འདི་དག་གིས་ང་ལ་བསྩལ་བའི་སྙིང་སྟོབས་ཡིན།རྩོམ་རིག་གི་མ་ཡུམ་ནི་སྤྱི་ཚོགས་འཚོ་བ་དངོས་ཡིན་ཞེས་པ་ལྟར་ཉིན་ཐོ་རེ་རེའི་ནང་དུ་རང་ཉིད་ཀྱི་འཚོ་བ་དངོས་བྲིས་འདུག་ལ།འཚོ་བ་དངོས་དེའང་ཁ་གསལ་ཞིང་གོ་བདེ་བའི་ཚིག་གི་ཕྲེང་བར་བརྒྱུས་ཏེ་བྲིས་འདུག འདི་ལྟར་ལབ་ན་ཡང་མི་རེ་འགས་ཉིན་ཐོ་ཡིན་ན་སྤྱི་ཚོགས་འཚོ་བ་དངོས་འབྲི་དགོས་པ་རྒྱུན་ཤེས་རེད་སྤྱི་འགྲོས་རེད་ཅེས་བསྙད་ན་ཐང་མོད།སློབ་གྲྭ་འགྲིམ་མྱོང་མཁན་ཞིག་ཡིན་ན་དེ་དུས་ཀྱི་ང་ཚོས་ཉིན་ཐོ་ག་འདྲ་བྲིས་མྱོང་བ་ཚང་མས་མཁྱེན་ངེས་རེད།གྲྭ་བཙུན་ཆུང་ཆུང་འདི་དག་གིས་ཉིན་ཐོ་འདི་འདྲ་སྙིང་རྗེ་བོ།ཡ་མཚན་པོ།ཧེབ་ལངས་པ་ཞིག་ཕྲིས་སོང་བ་དེའང་རྒྱུ་རྐྱེན་འདི་ལ་རག་ལས།ཁོང་ཚོའི་དགེ་རྒན་རྣམས་ཀྱིས་རང་དབང་གི་ཁོར་ཡུག་ཅིག་གནང་ཡོད་པས་རེད།རང་དབང་གི་ཁོར་ཡུག་ཡོད་ན་རང་དབང་གི་བརྗོད་བྱ་དང་རྗོད་བྱེད་ཡོད།ཅི་ལྟར་འབྲི་བསམ་པ་དེ་དེ་ལྟར་བྲིས་ཆོག རྒྱའི་བྱིས་པའི་སྙན་ངག་སྨྲ་བ་གྲགས་ཅན་སྐུ་ཞབས་ཅིན་བྷོ<金波>ལགས་ཀྱིས་”བྱིས་པ་རྣམས་ཀྱིས་སྙན་ངག་འབྲི་བར་ཐོག་མར་འབྲི་ཐབས་སྔོན་དུ་སོང་རྗེས་དེ་ནས་སྙན་ངག་འབྲི་དགོས་པའི་ངེས་པ་མེད་ལ།བྱིས་པ་རྣམས་ལ་མཚོན་ན་སྙན་ངག་འབྲི་བ་ནི་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་སོགས་མངོན་པར་བྱེད་པའི་རང་དབང་གི་རྣམ་པ་ཞིག་ཡིན།”ཞེས་པ་ལྟར་ཉིན་ཐོའང་དེ་ལས་མ་འདས།གལ་སྲིད་ང་ཚོའི་བྱིས་པ་ཞིག་གིས་རྒྱ་ནག་གི་༢༠༡༦ལོའི་དཔྱིད་རླུང་བྱིས་པའི་སྙན་ངག་འགྲན་སྡུར་ཁྲོད་དུ་ཞུགས་མཁན་ལོ་ན་དགུ་ཅན་གྱི་བྱིས་པ་ཧྥིང་ལོ་ཧང་<方路杭>ཡི་སྙན་ངག<གསང་བ>ལྟ་བུ་བྲིས་ཚེ་དགེ་རྒན་དག་གིས་ངར་ངར་ཤུགས་ཀྱིས་གཤེ་ཡོང་སྲིད་ལ་ཕ་མས་ཀྱང་ངར་ངར་ཤུགས་ཀྱིས་གཤེ་གཤེ་གཏོང་སྲིད།ད་དུང་སློབ་མ་གང་དེ་ནག་པོ་ནག་རྐྱང་དུའང་གཏོང་སྲིད།དེ་བས་རང་དབང་གི་བར་སྟོང་ཞིག་སྐྲུན་རྒྱུ་ནི་ཧ་ཅང་གལ་ཆེན་འགངས་ཆེན་གནད་ཆེན་ཞིག་རེད་འདོད།འབྲི་ཐབས་ནི་བར་སྟོང་ཆུང་ཆུང་ཞིག་ཡིན་པ་འདྲ།བཀག་རྒྱ་ཆུང་ཆུང་ཞིག་ཀྱང་ཡིན་པ་འདྲ།དེ་དུས་ཀྱི་ང་ཚོས་ཉིན་ཐོ་རྫུན་མ་འབྲི་བར་གོམས་ཡོད་པས་ཉིན་ཐོ་འདི་འདྲ་ཞིག་འབྲི་མྱོང་ཡོད་མཁན་ཧ་ཅང་དཀོན་པའི་གནས་ཡིན།དེའང་ཁག་ག་ལ་ཡོད།འདི་ལྟར་དྲང་མོར་ལབ་ན་ཡང་མི་མང་མང་ཞིག་གིས་དགེ་རྒན་དག་གིས་ཁྱོད་རང་དྲིན་གྱིས་བསྐྱངས་བསྐྱངས་ཏེ་ཁྱོད་ཀྱིས་ཕྱིར་དགེ་རྒན་རྣམས་ཀྱི་སྐྱོན་དང་དྲི་མ་རྐྱང་རྐྱང་བསྔོགས་ན་དྲིན་ལན་ལོག་འཇལ་བྱེད་ཀྱིན་ཡོད་པ་མིན་ནམ་ཞེས་བརྗོད་སྲིད་ན་ཐང་མོད།དོན་དངོས་ནི་དོན་དངོས་རང་ཡིན་པས་ཐབས་གཞན་མི་འདུག་ལགས་ཞེས་བསྙད་པ་ལས་འོས་མེད།དངོས་གནས་དྲང་པོ་དྲང་གཞག་ཡིན།དེ་དུས་ཀྱི་ང་ཚོའི་དགེ་རྒན་རྣམས་ཀྱིས་འདི་དང་འདི་ལྟར་ཕྲིས།ཀན་དང་ཀན་ལྟར་ཕྲིས་ཞེས་ས་མཚམས་ཆུ་མཚམས་འགེར་བ་ནང་བཞིན་དེ་དང་དེ་ལྟར་མ་བྲིས་ཚེ་ཉིན་ཐོ་མིན་པ་འདྲ་བོ།ཡང་ན་སྐྱོན་བརྗོད་པ་འདྲ་བོ།ཡང་ན་ཤུགས་དྲག་པོས་གཤེ་གཤེ་གཏོང་བ་འདྲ་བོ་བྱས་ཏེ་སློབ་མ་རྣམས་ཉིན་ཐོ་རྫུན་མ་འབྲི་བའི་ལམ་དུ་མངགས།སློབ་མ་རྣམས་དགེ་རྒན་ཀྱིས་གཤེ་བར་འཇིགས་ཏེ་ཉིན་ཐོ་རྫུན་མ་བྲིས་ཀྱིན་བྲིས་ཀྱིན་ཁ་ནང་གི་སྐད་ཆའང་རིམ་བཞིན་རྫུན་མར་གྱུར།མཐར་མི་རང་ཉིད་ཀྱང་རྫུན་མར་གྱུར་སོང་བ་དེ་རེད།དེ་བས་བྱིས་པ་རྣམས་ལ་དེ་འབྲེལ་གྱི་གཞུང་ལུགས་མང་པོ་ལབ་མ་ཡོང་།ལས་དང་པོ་བ་ཞིག་ལ་གཞུང་ལུགས་མང་པོ་ལབ་པ་ལས་བྱིས་རྩོམ་གྲལ་དག་སྤུས་དག་རེ་ཀློགས་སུ་ཆུགས་དང་བྱིས་པ་རྣམས་ཀྱིས་དེ་དག་བཀླགས་པའི་གོ་རིམ་ཁྲོད་ནས་འབྲི་ཐབས་སོགས་རང་བཞིན་གྱིས་རྟོགས་འོང་ངེས།ང་ཚོ་མི་རྒན་དར་མར་མཚོན་ནའང་གཅིག་པ་གཅིག་མཚུངས་རེད།ཁོར་ཡུག་དང་ཆབ་སྲིད་ཀྱི་བཀག་སྡོམ་ཁྲོད་ན་ང་ཚོས་སྙན་ངག་དང་ལོ་རྒྱུས་རྫུན་མ་ཅི་ལྟར་ག་ཙམ་བྲིས་དང་འབྲི་བཞིན་པ་ཡོད་པ་མིག་ལྡན་གྱི་སྐྱེ་བོ་ཞིག་ཡིན་ན་མིག་མཐོང་ལག་ཟིན་ཡིན་པ་དེ་རེད།དེ་ག་རང་རེད།གལ་སྲིད་བྱིའུ་ཞིག་ཐོགས་རེག་བཀག་ཙམ་མེད་པའི་ནམ་མཁར་འཕུར་ན་ཚོར་བ་ག་འདྲ་ཞིག་ཡིན་སྲིད།མཐོང་བའི་འཇིག་རྟེན་གྱི་རྒྱ་ཆེ་ཆུང་ཅི་འདྲ་ཞིག་ཡིན་སྲིད།དེ་ལས་ལྡོག་སྟེ་མུ་དང་མཐའ་ཡོད་པའི་ཁང་བའི་ནང་གི་ནམ་མཁའ་ལྟ་བུ་ཞིག་གི་ནང་དུ་འཕུར་ཚེ་ག་འདྲ་ཞིག་ཡིན་སྲིད།མཐར་གཏུགས་ན་གནས་ལུགས་དེ་རེད།གལ་སྲིད་ཉིན་ཐོ་འདི་དག་ཀན་ལྟར་འདི་ལྟར་ཞེས་ལས་བྱ་བཀོད་སྒྲིག་གི་ཚུལ་ཏུ་འབྲི་རུ་བཅུག་པ་ཡིན་ན་ཉིན་ཐོ་འདི་འདྲ་ཡག་པོ་ཞིག་འཁྱོང་མི་སྲིད།སྲིད་ཀྱང་དེ་ནི་བྱིས་པའི་ཉིན་ཐོ་དངོས་མ་དག་མ་ཞིག་ཡིན་མི་སྲིད།མདོར་ན་འཇུ་སྐལ་བཟང་ལགས་ཀྱིས་”གཅུན་ཆེ་ན་རྒྱ་མོའི་བྱིས་རྐང་འདྲ།།”་ཞེས་པ་ལྟར་བྱིས་པ་རྣམས་ལ་རང་དབང་གི་ཁོར་ཡུག་ཅིག་དང་གུ་ཡངས་ཀྱི་འཇིག་རྟེན་ཞིག་སྐྲུན་རྒྱུ་ནི་ཧ་ཅང་གལ་ཆེའོ།།

 

དེབ་འདིའི་ནང་དུ་ཁྱོན་བསྡོམས་ཉིན་ཐོ་བརྒྱ་དང་སུམ་བཅུ་ལྷག་འདུག་སྟེ།གྲྭ་བཙུན་ཆུང་ཆུང་འདི་དག་གི་ཉིན་ཐོ་རེ་རེ་ནི་སྙན་ངག་རེ་རེ་རེད།ཐེངས་གཅིག་ཚར་གཅིག་བཀླགས་པ་ཙམ་གྱིས་ཡིད་ཚིམ་མ་སོང་།ཡང་དང་བསྐྱར་དུ་ཡང་དང་བསྐྱར་དུ་ཀློག་འདོད།འགོ་བརྗོད་དུ་”ཉིན་གུང་གཞུང་ལས་ཁང་དུ་དགེ་རྒན་ཚོས་རང་རང་གི་འཛིན་གྲྭའི་སློབ་བུ་རྣམས་ཀྱིས་བྲིས་པའི་ཉིན་ཐོ་དག་འདོན་རེས་བྱས་པ་ཡིན།མཚམས་ལན་རེར་ཚང་མ་ཆ་ཐེག་གེར་དགོད་པར་བྱེད་ཅིང་སྐབས་འགའ་རེར་མིག་ལ་མཆི་མ་ཁྲ་ཆིལ་ལེར་འཁོར་བར་བྱེད”ཅེས་པ་ལྟར་ཉིན་ཐོ་འདི་དག་གིས་ང་ལའང་སྐབས་འགར་དགོད་ཁ་བསླངས་སུ་བཅུག་མྱོང་ལ་སྐབས་འགར་མིག་ཀོང་དུ་མཆི་མ་ཁྲ་ཆིལ་ལེར་ཡང་འཁོར་དུ་བཅུག་མྱོང་།དངོས་གནས་སྙན་ངག་ཟེར་བའང་དེ་ལས་གཞན་ཅི་ཞིག དཔེར་ན་དགོད་བྲོ་བ་ལ།ཚུལ་ཁྲིམས་ནོར་གྱི་འཛིན་གྲྭའི་ནོར་བུ་རྒྱ་མཚོའི<སྦྲང་མ་གསོད་མི་རུང>ལྟ་བུ།ཏིང་འཛིན་དཔལ་གྱི་འཛིན་གྲྭའི་ནོར་བུ་རྒྱ་མཚོ་དང་དཀོན་མཆོག་རྒྱ་མཚོ་གཉིས་ཀྱི་<བཟོད་སྒོམ>དང་<གསལ་བཤད་བྱས་པ>ལྟ་བུ།ཚུལ་ཁྲིམས་ནོར་གྱི་འཛིན་གྲྭའི་འཇམ་དབྱངས་རབ་རྒྱས་ཀྱི་<བྱིན་རླབས>་ལྟ་བུ་མང་ངོ་།།ངུ་བྲོ་བ་ལ་ཚུལ་ཁྲིམས་ནོར་གྱི་འཛིན་གྲྭའི་དགེ་འདུན་རྒྱ་མཚོ་དང་དཔལ་ལྡན་ཡེ་ཤེས།རིན་ཆེན་བཟོད་པ་སོགས་ཀྱི་<ཞི་ལ་ལྡོམ་པོ>དང་<གྲོགས་པོ><རྫུན་གྱི་མཇུག་འབྲས>ལྟ་བུ་སོགས་མང་ངོ་།།བྱིས་པ་རྣམས་ལ་མ་གཞི་ནས་འཆར་ཡུན་དང་རྟོག་འགྱུ་ཕུན་སུམ་ཚོགས་པོ་འདུག་སྟེ་འདིའི་ནང་དུའང་དེ་འདྲའི་སྣང་ཚུལ་རེ་འགའ་མཐོང་རྒྱུ་འདུག་སྟེ།དཔེར་ན།ཚུལ་ཁྲིམས་ནོར་གྱི་འཛིན་གྲྭའི་ནོར་བུ་རྒྱ་མཚོའི<སྦྲང་མ་གསོད་མི་རུང>ལྟ་བུ།ཤེས་རབ་འོད་ཀྱི་འཛིན་གྲྭའི་དཀོན་མཆོག་ཐབས་མཁས་ཀྱི<ཇོ་སྐུའི་ཞབས་ན་ལྷམ་ཡོད་དམ>ལྟ་བུ།བྱིས་པ་རྣམས་ནི་ཐོག་མ་ཉིད་ནས་མཚན་ཉིད་རིག་པ་ཡིན་ཞེས་པ་ལྟར་ཤེར་རྟོགས་རིག་པའི་ཆའང་རེ་འགའ་འདུག་སྟེ།དཔེར་ན།ཚུལ་ཁྲིམས་ནོར་གྱི་འཛིན་གྲྭའི་གྲགས་པ་རྒྱ་མཚོའི་<མེ་ཏོག་ལ་བལྟས་པ>ལྟ་བུའོ།།གང་ལྟར་ཅི་ལྟར་གཞལ་ཡང་དེབ་འདིའི་འགོ་ནས་མཇུག་བར་ཉིན་ཐོ་ཡག་པོ་མིན་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག དགེ་རྒན་རྣམས་ཀྱིས་ཀྱང་བརྗོད་བྱ་རྗོད་བྱེད་ཀྱི་ཐད་ནས་དག་བཅོས་དང་བཟོ་བཅོས།འཕྲི་སྣོན་མང་པོ་བྱས་མི་འདུག་པ་འདྲ།དེ་ཧ་ཅང་ཡག་པོ་རེད།ཧ་ཅང་འགངས་ཆེན་རེད།གལ་སྲིད་བྱིས་པ་རྣམས་ཀྱིས་བརྩམས་པའི་བྱིས་རྩོམ་གྱི་མའམ་ཐིག་རྩ་ནི་སླད་མ་འདྲེས་པའི་འོ་མ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་དགེ་རྒན་དག་གིས་སྒམ་ཚུགས་དོད་དེ་དགོས་མི་དགོས་ཀྱི་ཁ་ཚར་སྣ་ཚར་ཅི་རིགས་བཏགས་པ་ཡིན་ན་བྱིས་རྩོམ་དུ་རློམ་པའི་རྩོམ་གང་དེ་ཉིད་བྱིས་རྩོམ་ངོ་མ་ཞིག་ཡིན་མི་སྲིད་པས་འདི་གནད་ཆེན་པོ་ཡིན།

 

ཉིན་ཐོའི་དེབ་འདི་ད་སྔ་ངས་བཀླགས་པ་དག་གི་ཁྲོད་དུ་ཆེས་ལེགས་ཤོས་ཡིན།དེ་བས་ངས་སློབ་ཆུང་གི་སློབ་གྲྭ་དག་ལ་ཁྱོད་ཚོས་དཔེ་དེབ་འདི་ཀློགས་དང་བྱིས་རྩོམ་ངོ་མ་འདི་ན་མཆིས་ཞེས་མགྲིན་པ་གཟེངས་སུ་བསྟད་དེ་འོས་སྦྱོར་བྱེད་འདོད།ཐེངས་འདིའི་དཔེ་དེབ་འདི་ཉིད་དཔེ་སྐྲུན་ཁང་ཚད་ལྡན་ཞིག་གི་ནང་དུ་དཔར་བ་ཞིག་མ་རེད་ལ།ད་དུང་ནང་དུ་ཡིག་ནོར་དང་ཕྲད་ནོར།རང་གྲུབ་ཚན་པ་འགེར་སྟངས་སོགས་ཀྱི་སྟེང་དུའང་གོལ་ས་ནོར་ས་མང་པོ་འདུག་པས་རྗེས་མར་འདི་དང་འདིའི་ཕྱོགས་ལའང་གཟབ་པར་འཚལ་ཞེས་ཞུས་པ་ཡིན།ད་དུང་མུ་ནས་མུ་རུ་བྱིས་པ་རྣམས་ལ་གུ་ཡངས་ཀྱི་བར་སྟོང་ངེས་ཅན་ཞིག་གནང་སྟེ་ཁོང་ཚོའི་བརྩམས་ཆོས་ཀྱི་ས་བོན་རེ་རེ་འུ་བུ་ཅག་གི་བྱིས་པའི་རྩོམ་རིག་གི་ས་ཞིང་གཤིན་པོ་འདིའི་སྟེང་དུ་གཏོར་ཏེ་ཁ་དོག་སྣ་བརྒྱའི་མེ་ཏོག་འཁྲུང་ཐུབ་པར་སྨོན་ལམ་འདེབས།མཇུག་མཐར་དཔེ་དེབ་འདི་སྒྲིག་མཁན་གྱི་དགེ་རྒན་རྣམས་དང་ཉིན་ཐོ་འདི་དག་རྩོམ་མཁན་གྱི་གྲྭ་བཙུན་རྩོམ་པ་པོ་ཆུང་ཆུང་དེ་དག་ལ་ཐུགས་རྗེ་ཆེའོ།།

 

༢༠༡༨.༡༡.༩རེབ་གོང་།