སྟོན་པའི་སྤྱན་ཆབ།

527/545

དགེ་སྦྱོང་གོ་ཏ་མས་བསྐལ་བ་མང་པོར་དཀའ་བ་སྤྱད་ནས་བཙལ་བཙལ་བ་བདུད་རྩི་ལྟ་བུའི་ཁྱོད་ཡིན་ལ། ཀླུ་སྒྲུབ་ཞབས་སོགས་པཎ་ཆེན་མང་པོས་སྐུ་ཚེ་གང་བོར་བསྲུངས་བསྲུངས་པའང་མིག་སྙིང་ལྟ་བུའི་ཁྱོད་ལགས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་ལོངས་སྤྱོད་ཡིན་ཡང་གར་ལོག་གི་བཙོན་ཁང་ལ་གཏད་ཕོད་དོན་ཁྱོད་རང་དག་ཐེར་གྱི་ཆེད་ཡིན་ལ། ཇོ་བོ་རྗེ་ས་མཐར་གྱར་ནས་འཆི་ཁར་ཕ་ཡུལ་གཉེན་ཚན་མཐོང་མ་ཐུབ་པར་སྐུ་ཚེའི་འཕེན་པ་ཟད་པའང་ཁྱོད་ཀྱི་བདེ་སྡུག་ཁོ་ནའི་ཕྱིར་ཏེ། ཁྱོད་ནི་ཚེ་སྲོག་ནང་འབུའི་འཚེ་བ་ཡིས་འཇིགས་སླ་ཞིང་ཕྱི་དགྲ་ལ་འཇོམས་ཐབས་མ་མཆིས་པའི་སེང་ཆེན་གཡུ་རལ་གཟི་ལྡན་ཞིག་གོ །

ཁྱོད་ཀྱི་ལུས་པོ་ལ་དྲང་ངེས་གཉིས་ཀྱི་ལང་ཚོ་མངའ་བས་བྱེ་སྨྲ་མདོ་སྡེ་གཉིས་དང་། སེམས་ཙམ་དབུ་མ་བ་གཉིས་ཀྱི་གྱེས་ཆེན་བཞིའི་རྒྱན་ཆ་ཅིར་ཡང་མཛེས་པ་ལ། ཆོས་རྒྱལ་ཐུགས་རྒྱ་ཡངས་པ་དེ་ཚོ་དང་། ལོ་པཎ་མཁྱེན་དཔྱོད་རྫོགས་པ་དེ་ཚོའི་བཀའ་དྲིན་གྱི་མཛད་པ་ཡུག་གཅིག་གི་མཐུ་ཡིས། དཔལ་ལྡན་ཐལ་འགྱུར་བའི་ཆོས་སྐལ་དྲི་མ་མེད་པ་དེ་ཉིད་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་འདིར་བསོད་ནམས་ཀྱི་སྐྱེས་སུ་ཕོགས་ཤིང་། རྙིང་མ་བ་དང་། ས་སྐྱ་བ། བཀའ་གདམས་པ། བཀའ་བརྒྱུད་པ། ཇོ་ནང་བ། དགེ་ལུགས་པ་སོགས་ཕ་མ་གཅིག་ལ་བུ་ཕྲུག་དུ་མའི་སྐྱེ་བ་དང་བླ་མ་གཅིག་ལ་འཁོར་སློབ་དུ་མའི་ཚུལ་གྱིས་རང་ས་ནས་རང་སྐལ་སྐྱོང་བའི་ལམ་སྲོལ་མ་རྙིང་བར་འཕེལ། རྙིང་མའི་རྫོགས་ཆེན་ཡིན་ཡང་འཚོལ་བྱ་རྣམ་མཁྱེན་གྱི་གོ་འཕང་ཡིན་ལ། ས་སྐྱའི་ལམ་འབྲས་ཟེར་ཡང་གདུལ་བྱ་ཉོན་མོངས་ཀྱི་གླང་སྨྱོན་ཡིན། བཀའ་གདམས་དགེ་བཤེས་ཆེ་ཡང་སྐྲག་ས་རང་རྒྱུད་ཀྱི་མ་རིག་ཡིན་ལ། བཀའ་བརྒྱུད་མར་མི་མགྱོག་ཀྱང་བགྲོད་པ་ས་ལམ་གྱི་ཐེམ་སྐས་ཡིན། ཇོ་ནང་གཅོད་ཆོས་བསྐྱང་ཡང་གཅོད་བྱ་བདག་འཛིན་གྱི་ལྕགས་སྒྲོག་ཡིན་ལ། དགེ་ལུགས་རྟེན་འབྱུང་འཐད་ཀྱང་བཟློག་བྱ་བདེན་གྲུབ་ཀྱི་བསླུ་བྲིད་ཡིན་པ་སྟེ། ཕ་མ་གཅིག་ལ་ཤ་རུས་མི་གཅིག་པ་དང་བླ་མ་གཅིག་ལ་དམ་ཚིག་དང་ལྟ་བ་མི་གཅིག་པ་ཞིག་མེད་པས། སློབ་དཔོན་པདྨ་འབྱུང་མཐུ་རྩལ་རྫོགས་ཀྱང་བདེན་མེད་ཀྱི་བཙན་རྫོང་བཤིག་མ་ཐུབ་ལ། ཇོ་བོའི་སྙིང་རྗེ་དཀྱིལ་འཁོར་ཆེ་ཡང་འཁོར་བ་ལ་བདེན་ཁ་སྟེར་མ་ཐུབ། ས་སྐྱ་པཎ་ཆེན་རྩོམ་པ་བཟང་ཡང་འཁོར་ལོ་གསུམ་ལས་ལྷག་ཅིག་མ་ཕྲིས་ལ། མི་ལ་རས་པ་འཕུར་རྩལ་ཆེ་ཡང་བསླབ་པ་གསུམ་གྱི་མཐའ་ལས་བརྒལ་མ་ཐུབ། དེ་ལྟར་ཀུན་མཁྱེན་ཀློང་ཆེན་ཁམས་ནས་ཐེགས་ཀྱང་འབྱོར་ས་དབུས་ཀྱི་ལྷ་ས་ཡིན་ལ་རྗེ་ཙོང་ཁ་བ་མདོ་སྨད་ནས་ཆས་ཀྱང་མཐར་ཐོན་ས་དབུས་ཀྱི་ལྷ་ས་ཡིན།

དེ་ལྟར་ཕ་བུ་ཚོ་ཐུགས་མཐུན་ཞིང་། བླ་སློབ་ཚོ་གཟི་ཆིལ་ལེར་གཤེགས་རྗེས། ཕ་ཤུལ་བུ་ཡིས་མ་ཟིན་པའམ་བླ་མའི་དགོངས་པ་སློབ་མས་མ་ལོན་པ་གང་ལྟར་ཡང་། ཕུ་ནུའི་བར་ལ་མཚོན་དང་སློབ་གྲོགས་བར་ལ་གྱོད་ཀྱི་བདུད་ཁ་གང་སར་འཕེལ་བར་བྱས་ཏེ། རྙིང་མས་དགེ་ལུགས་ལ་ཐན་དུ་བལྟས། དགེ་ལུགས་པས་རྙིང་མ་ལ་སྐྱོན་བརྒྱ་བཀལ། ས་སྐྱ་བས་ཇོ་ནང་ལ་ཀླན་ཀ་བཙལ། ཇོ་ནང་གིས་ས་སྐྱ་ལ་རྒོལ་ལན་སྤྲད་པ་སོགས། ཡང་དག་ཐམས་ཅད་རང་དང་ཉེས་སྐྱོན་མཐའ་དག་གཞན་ལ་བསྐྱོན་ཅི་ཐུབ་བགྱིས་ཤིང་། ངའི་ཕ་མའི་རུས་པ་རྡོ་རྗེ་བྲག་དང་ངའི་བླ་མའི་དགོངས་པ་རིན་ཆེན་གསེར་ཡིན་པའི་རྨོངས་ཚུལ་འདི་ལ་མི་སྒེར་ནས་མི་སྒེར་དང་། ས་ཆ་ནས་ས་ཆ། ཡུལ་ལུང་ནས་ཡུལ་ལུང་། དགོན་པ་ནས་དགོན་པའི་བར་དུ་ཆེ་ཆེ་ངང་རྩོད་ཅིང་སྡང་སྡིག་གིས་འཁྱེར་ལ་བཙན་བཙན་གྱིས་དཀྲུག་པས། མཐུན་སྒྲིལ་གྱི་ཨ་ལོང་འཐོར་འདུག་ལ་དག་སྣང་གི་སྒྲ་དབྱངས་ཆད་འདུག སྒོས་སུ་ཆོས་སྤོང་གི་སྒོ་ཆེན་ཕྱེས་འདུག་པས། སྟོན་པ་ཐུགས་རྗེ་ཅན་གྱི་སྤྱན་ཆབ་བསིལ་ས་འདི་ཡིན་ལ། རྒྱུད་འཛིན་པཎ་ཆེན་མང་པོས་ཐུགས་ཁྲེལ་སའང་འདི་ལས་ཅི།

དེ་ལྟར་ཕུ་ནུ་ཚོ་ཕན་ཚུན་ནང་མ་མཐུན་ཞིང་། འཁོར་སློབ་ཚོས་བླ་བའི་བཀའ་ཡང་དག་པར་མ་བརྩི་བས། ཆོས་མིན་ཆོས་ལོག་གི་དབུ་འཕང་ཇེ་མཐོ་དང་། ཁྲམ་དང་གཡོ་སྒྱུ་ཡི་རྩེད་མོ་དགུ་བསྒྲིགས་སུ་སྣང་སྟེ། བླ་སྤྲུལ་གྱི་མིང་བཏགས་འཛིན་པ་ཁ་ཅིག་འདུག་ས་དབེན་དགོན་ནས་མི་བཞུགས་པར་ཁྱིམ་པའི་འདུ་གྲོང་ལ་འབབ་ཅིང་། སྦྱང་བྱ་ཉོན་མོངས་ཀྱི་ཁོང་དུག་མི་འབྱིན་པར་སྤང་བྱ་འདོད་ཡོན་གྱི་བསླུ་བྲིད་ལ་འབྱར་ལ། ཆོས་ཚིག་འགའ་ཤེས་མཚམས་ནས་ཆོས་བརྒྱད་ཀྱི་ཞེན་ཐག་མ་ཆོད་པར་རིམ་སྦྱོང་གི་འདུན་པ་རྨང་ནས་བོར་ཏེ་འབྲེལ་མེད་ཁྱིམ་པ་བའི་འཚོ་ཚིས་ཡན་གྱི་འཇིག་རྟེན་བྱ་བ་ཐམས་ཅད་ལ་ལག་བསྲིངས་ཀྱི་ཁ་ཆེན་གདངས་ཀྱིན་གང་དྲན་དྲན་དུ་ལབ་ཅིང་ཅི་འདོད་འདོད་དུ་ལས། བརྟེན་ས་སྒོ་ཕྱུགས་ཡིན་ཡང་ཤ་ཟའི་ཉེས་པ་ལྕི་ཚུལ་དང་། འཚོ་ས་ཚེ་འདི་ཡིན་ཡང་དགོས་མེད་འདོར་བྱར་འཐད་ཚུལ། ཐོས་པའི་དཔུང་རོགས་མི་དགོས་ཉམས་ལེན་རྐྱང་བ་གཙོ་ཚུལ། མདོ་ཕྱོགས་གཞུང་ལྔ་མི་གལ་སྔགས་ཀྱི་ཉམས་ལེན་གཙོ་ཚུལ། འཇིག་རྟེན་ཐན་དུ་ལྟོས་ལ་ཆོས་ཚུལ་ཡང་དག་དུ་འཛིན་ཚུལ་སོགས་ཐམས་ཅད་ཁོ་བོས་ཤེས་པ་དང་། ཐམས་ཅད་ཁོ་བོའི་ལག་མཐིལ་དུ་གནས་པ། ཐམས་ཅད་ཀྱི་བྱེད་པོ་ཁོ་ཡིན་པ་ལྟ་བུ་རང་ཚོད་མེད་པའི་སྨྱོན་པའི་ཟློས་གར་མང་དུ་འཁྲབ་པར་མ་ཟད་ཀྱི། ལྷག་པར་སྔོན་ཀུན་མཁྱེན་ཀློང་ཆེན་དང་། འཇམ་དབྱངས་ས་པཎ། རྗེ་བཙུན་ཙོང་ཁ་བ་སོགས་སྐྱེས་ཆེན་ཉི་ཟླ་འདྲ་བ་དེ་དག་གི་ཞལ་གསུང་པོན་ཆེན་རི་བོ་བརྩིགས་པ་རྣམས་ལས་ཚིག་ཟུར་ཙམ་ཡང་མ་ཐོན་པའི་ལེགས་བཤད་ཡིན་ཁུལ་ལོ་མང་པོ་དངོས་ཡོད་དང་འབྱུང་འགྱུར་གྱི་ཚུལ་ལ་མནོ་བསམ་ཟུར་ཙམ་ཡང་མེད་པར་བྱུང་རྒྱལ་དུ་སྨྲས་ཤིང་གང་དྲན་དུ་བརྩམས་ཕྱིར། ཕྱུག་པོ་རྣམས་སྤྲང་བོར་ཕབ་ལ། མཐུན་པོ་རྣམས་ཡང་དཀྲུག་བྱས། ཆོས་དད་རྣམས་ངན་ལྟུང་ལ་བཀོད། རང་ནོར་ཕར་ལ་གོང་དམའ་ངང་བཙོང་། གཞན་རྫས་རང་ལ་གོང་ཆེན་ངང་ཉོ། ཕོ་སྐྱེས་ཐམས་ཅད་བླ་སྤྲུལ་དང་། མོ་ལུས་ཐམས་ཅད་མཁའ་འགྲོ་མ། བུ་བཙས་ཐམས་ཅད་ཡང་སྤྲུལ་དུ་རང་གི་སེམས་གསོ་རང་གིས་བྱས་ཏེ་དད་ལྡན་གྱི་དབུ་ལ་ཞབས་རྡུལ་གྱིས་བརྫིས། ནོམ་པ་དཀོར་དུ་རྔམ་ཆེན་པོས་བཟུང་། དབང་ཟབ་མོ་ཚོང་ལ་བརྗེས། ཆོས་དག་མར་ཉ་ཉོག་བསྲེས་པ་སོགས་བསྟན་པའི་རྗེས་འཇུག་ཏུ་ཁས་འཆེས་པའི་བུ་སྙིང་རུས་ཅན་རྣམས་ལ་ལྟ་ཅི། བར་ཆད་བདུད་ཀྱི་བསམ་བློ་ལའང་འཁོར་དཀའ་བའི་བསམ་སྦྱོར་ཡ་ང་བག་ཚ་བྲལ་བ་འདི་རིགས་ནི་འདུལ་བསྟན་གྱི་རྒྱ་མའི་ཐོག་ཏུ་ཞིབ་པར་འཇལ་བའི་ཚེ་ལ་ཕར་ཞོག སྤྱིར་ང་ཚོ་ཕལ་བའི་མིག་གིས་མཐོང་ཙམ་གྱིས་ཀྱང་དད་ལོག་གི་ས་བོན་ངང་ངམ་ཤུགས་ཀྱིས་སྐྱེ་སྲིད་པས་ཤེས་ནས་དགོངས་བཞེས་བཞི་གསུམ་བཅུ་གཉིས་ཀྱི་རེ་བ་ཞིག་སྙིང་ཁར་འདོགས་པར་རྒྱན་དུ་ཆེ་ཞུ།

རང་མིང་ཙམ་ཡང་འབྲི་མི་ཤེས་པར་བླ་སྤྲུལ་དགེ་བཤེས་དང་མཁན་ཆེན་སོགས་ཀྱི་མཚན་བཏགས་སྙན་མོ་རྣམ་པར་འཆང་ཞིང་། སྡིག་པ་སྣ་གཅིག་ཀྱང་སྤོང་བར་མ་ནུས་པར་ཐམས་ཅད་མཁྱེན་པའི་གསེར་ཁྲི་ལ་རྟོག་བཏགས་ཀྱིས་འཁོད་པའི་ལོག་སྤྱོད་པ་ཚོའི་སྤྱོད་པ་རྒྱ་ཡན་པ་འདི་དག་གི་ངན་འབྲས་ལ། སྤྱིར་བཏང་སློབ་གཉེར་གྱི་སྐལ་བ་མ་ལྡན་པའི་མང་ཚོགས་ཉམ་ཆུང་དད་པ་ཤུགས་ཆེར་ལྡན་པ་རྣམས་ཁག་ཅི། བསླབ་པའི་ཡོན་ཏན་གྱིས་ཅུང་མཐོ་རུ་གནས་ཤིང་ལེགས་ཉེས་བླང་དོར་གྱི་བློ་མིག་མི་དམན་པ་བརྙེས་པའི་སྐྱེ་འགྲོ་རྒྱ་མཚོའི་མགོན་གྱུར་དགེ་རྒན་དང་། ཡོན་ཏན་པ། ཆོས་འཛུད་པ་མང་པོ་ཞིག་ཀྱང་ལོག་ཆོས་དམྱལ་བའི་གཡང་ལ་རྫོང་བའི་ཉེན་ཁ་ཆེ་ཨང་། འཛིན་བྱ་རྣམ་དཀར་གྱི་སྨྱུག་གུ་མི་བཟུང་། འཁྲིད་བྱ་ཡོན་ཏན་གྱི་བདུད་རྩི་མི་སྦྱིན། བསྐྱང་བྱ་བློ་ལྡན་གྱི་སློབ་མ་མི་སྐྱོང་། འདུག་ས་ཤེས་རིག་གི་གླིང་གར་མི་སྡོད་པར། ལག་ཊ་རུ་རྫིག་པོ་གང་འགྲན་དང་། ངག་སྒྲ་དབྱངས་དོན་བྲལ་གང་སྙན། ཐུགས་བསམ་མེད་རྙེད་བཀུར་ཆོས་བརྒྱད། ལུས་སྡུག་གྱོང་ལན་ཆགས་ཉབ་ཉོབ་སོགས་ཆོས་སུ་རེ་ཡང་ཆོས་ཀྱི་དགོངས་པ་ལས་རྒྱང་དུ་བྱེར་བའི་དགེ་རྒན་དེ་ཚོ་དང་། ཆོས་ཀྱི་སྒོ་སྐྱབས་འགྲོའི་ཚུལ་ཡང་ལེགས་པོར་ངོས་མ་བཟུང་བར་འདོན་ཆོ་ག་ཙམ་བཟུང་མཚམས་ནས་སྐྱོ་ཤས་ཙམ་ངེས་འབྱུང་དུ་བསྙད་འདོགས་ཤིང་ཕན་སེམས་ཙམ་བྱང་ཆུབ་ཏུ་བསྟོད་བགྱི་ལ། རང་འདོད་ཙམ་ཡང་དག་པའི་ལྟ་བ་རུ་ཁས་འཆེས་པའི་ལ་ལུང་གི་གྲུབ་ཐོབ་ཆེ་འབྲིང་ཆུང་གསུམ་རང་ངོ་རང་གིས་མི་ཟིན་པ་དེ་ཚོ་དང་། རྒྱུད་ལ་ཡོན་ཏན་རིན་པོ་ཆེའི་འོད་སྣང་གི་དཔལ་འཛིན་པར་རློམ་པའི་ཡོན་ཏན་པ་མང་པོ་ཞིག་ཀྱང་གང་ཞིག་དག་ཆོས་དང་གང་ཞིག་ལོག་ཆོས། སུ་ཞིག་ཚད་ལྡན་དང་གང་ཞིག་ཚད་ལྡན་མ་ཡིན་པའི་གནད་ལ་བློ་གྲོས་ཀྱི་དཀྱིལ་འཁོར་འབྱེད་མ་ཐུབ་པར་བསྟོད་འོས་པ་ལ་སྨད་པའི་ཉེས་པ་བསགས་ཤིང་། སྨད་རུང་བ་ལ་བསྟོད་པའི་རྨོངས་པར་ཚུད་ཀྱིན་དུས་འདའ་བ་དེ་ཚོ། ད་དུང་རྟ་དང་བོང་བུ་མཆོག་གསུམ་དུ་བཀུར་བའི་ཕྱག་འཚལ་བ། སྐུ་གསུང་ཐུགས་གསུམ་གདོན་དུ་བརྟགས་ནས་སྒོར་ཕུད་པའི་མོ་རྩིས་པ། གྲུབ་མཐའི་ལ་རྒྱས་རིས་ཀྱིས་གཅོད་པའི་གཏོར་བརླག་པ་སོགས་ཉ་ཉོག་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་མ་མཐོང་ངམ།

ཡུལ་ལུང་འདི་གང་བོར་ཆོས་དཀར་པོ་ལ་དགའ་ཞིང་། སྐྱེ་འགྲོ་རྣམས་ཆོས་ཀྱི་ཚུལ་ལ་རིང་དུ་མོས་པས། རབ་བྱུང་དང་ཁྱིམ་པ་ཡིས་ཁྱད་མ་ཕྱེས་པར་ད་ནི་ཆོས་རྣལ་མ་རྣམ་མཁྱེན་གྱི་གོ་འཕང་བསྒྲུབ་ཀྱང་གྲོགས་བཟང་པོ་སྨན་གྱི་ལྗོན་པ་ཁྱོད་ཡིན་ལ། ཆོས་རྫུན་མ་དམྱལ་བའི་གཏིང་མཐའ་འགྲིམས་ཀྱང་གྲོགས་སྡིག་ཅན་དུག་གི་ལྕེ་ཅན་ཡང་ཁྱོད་ཡིན་པ་སྟེ། ཐུན་མོང་གི་སྐྱིད་སྡུག་འདི་དང་ཡང་སྒོས་གསེར་སྦྱང་བཙོ་མ་ལྟ་བུར་གསུངས་པའི་ཞི་བསིལ་གྱི་དམ་ཆོས་རིན་པོ་ཆེ་འདིའི་ལས་དབང་གི་ཚུལ་ལ་སེམས་ཁུར་གྱིས་མ་བཟོད་པས། ང་ཚོས་དུས་ནམ་ཡང་སྦྱངས་པ་མེད་པའི་བླ་མ་དང་སྤྲུལ་སྐུ་མང་པོ་ལས་སྦྱངས་ནས་ཐོན་པའི་དགེ་བཤེས་དང་སློབ་གཉེར་ཅན་མང་པོ་འཁྲུངས་པ་དང་། འགྲན་སེམས་ཀྱིས་བསླངས་པའི་དབང་ལུང་དང་མན་ངག་མང་པོ་ལས་ཆོས་སྲིད་གཉིས་ལ་ཕན་པའི་བསླབ་བྱ་དང་ལམ་སྟོན་མང་པོ་འོང་བ་དང་། རང་ངོ་མི་ཟིན་པའི་གཏེར་སྟོན་པ་དང་ལུང་བསྟན་པ་མང་པོ་ལས་རང་ངོ་ཟིན་པའི་ཁེ་ལས་པ་དང་ལག་རྩལ་པ་མང་པོ་འཕེལ་བ་དང་། ཆོས་བརྒྱད་ཀྱིས་གཡོགས་པའི་ཌ་རུ་དང་མ་ཎི་མང་པོ་ལས་ཆོས་ཀྱི་སྙིང་པོ་དང་མ་བྲལ་བའི་ཕན་སེམས་མང་པོ་སྐྱེ་བ་སོགས། མདོར་ན་ཐམས་ཅད་མིད་པའི་ཡན་གྱི་སྟོང་ལབ་མཁན་དང་ཨག་འདེབས་པར་འགྱུར་བ་ལས་རྐང་ལག་འགུལ་ཙམ་ཚུན་གྱི་ལག་ལེན་པ་དང་བརྩོན་ལེན་པར་འགྱུར་བར་ཤོག་ཅེས་སྨོན་ལམ་ཡང་ཡང་འདེབས།

ཁ་སྒང་སྟག་འབུམ་རྒྱལ།