འཚུབ་འཚུབ།

525/545

 ཁུག་རྟ་འཕུར་ཡང་།  སླར་འོངས་པའི་དུས་ཤིག་ཡོད།  སྦྱར་ལྕང་སྐམ་རུང་།  སླར་སྐྱེ་བའི་སྐབས་ཤིག་མཆིས། ཁམ་བུའི་མེ་ཏོག་བྲུལ་ཀྱང་།  སླར་བཞད་པའི་ཉིན་ཞིག་ཡོད།   འོན་ཀྱང་། བློ་ལྡན་གྱི་མི་ལགས།  ངཚོའི་ལོ་ཟླ་འདས་ནས་སླར་ལྡོག་ཐབས་མེད་པར་ཅི་ཡིན་ཁྱེད་ཀྱིས་གསུང་རོགས་གནང་། མི་ཡིས་བརྐུས་སོང་ན། སུ་ཡིས་གང་དུ་སྦས་ཡོད། རང་ཉིད་བྲོས་སོང་ན།  ད་ལྟ་གནས་གང་དུ་མཆིས་སམ།

ཁོང་ཚོས་ང་ལ་འཚོ་གཞེས་ཀྱི་དུས་ཚོད་ཅི་ཙམ་སྤྲད་ཡོད་པར་མི་ཤེས་མོད།  བདག་གི་ལག་རྗེས་དལ་བ་དལ་བུར་སྟོང་ཡང་ངེར་གྱུར།  སེམས་པའི་དབེན་ཁོག་ནས་རྩིས་ཤིག་བླངས་ན།  ཞག་མ་སྟོང་བརྒྱད་ལྷག་ངའི་ལག་དབར་ནས་བྱོལ་སོང་།  ཁབ་རྩེ་ནས་ཆུ་ཐིགས་ཤིག་རྒྱ་མཚོར་ཐིམ་པ་བཞིན།  ང་ལ་དབང་བའི་དུས་ཀྱི་སིལ་མ་དག་ལོ་ཟླ་ཡི་བཞུར་རྒྱུན་དུ་སིམ་ཞིང་།   སྒྲ་མེད་ལ་གཟུགས་ཀྱང་མཐོང་རྒྱུ་མེད་པས།  དབང་མེད་དུ་མགོ་བོ་གཟེར་གཟེར་དང་མིག་ཆུ་ཉིལ་ཉིལ་དུ་གྱུར།

ཕར་བཞུད་མཁན་ཞིག་ནམ་ཡང་བཞུད་འགྲོ་ལ།  ཚུར་འབྱོན་མཁན་ཞིག་ནམ་ཡང་སླེབས་འོངས། འགྲོ་འོངས་ཀྱི་བར་དུ་ཇི་ལྟར་འཚུབ་འཚུབ་ཡིན་ནམ། ནངས་སྔ་མོར་མལ་ལས་ལྡང་དུས། ཤག་ཆུང་དུ་ཉི་རྡུལ་གྱིས་བཀྲམ་པའི་འོད་ཕྲེང་གཉིས་གསུམ་གསེག་ལྷང་ངེར་འཕྲོས་ཏེ།  དལ་འཇམ་མེར་ཁ་རོག་གེར་གནས་སྤོས་པས་ཁོ་ལ་ཞབས་ཟུང་ཡོད་པ་ལ་ཨང་་།  ང་ཡང་དྲན་འཐོམ་འཐོམ་བཞིན་དེ་ཡི་རྗེས་དེད་ནས་འཁོར། དེ་ལྟར་ལག་པ་བཀྲུ་བའི་ཚེ།   དུས་ཚོད་ནི་ཆུ་གཞོང་ནས་ལོག་འགྲོ།  ཟས་ཟ་བའི་སྐབས། དུས་ཚོད་ནི་དཀར་ཡོལ་ནས་ཤོར་འགྲོ།  སེམས་པ་དབེན་ལ་གནས་ཚེ།  དུས་ཚོད་ཡང་རྩེ་གཅིག་ཏུ་སྒྲིམ་པའི་མིག་ཟུང་ལམ་ནས་བུད་འགྲོ།  ངས་ཁོ་རང་བཞུད་འགྲོས་འཚུབ་འཚུབ་དུ་རྟོགས་པས། ལག་པ་བསྲིངས་ནས་འགོག་པ་ན། ཁོ་རང་ཡང་ལག་མཐའ་ནས་བཟུར་འགྲོ།  ང་རང་ཉལ་འདུག་པའི་དགོང་མོར་ཁོ་རང་བདེ་ཅག་འཁྱུག་པོས་ངའི་ལུས་ནས་བགོམས་ཤིང་ཞབས་ནས་འཕུར་འགྲོ། དེ་ནས་མིག་ཕྱེ་ཏེ་ཉི་མ་སླར་མཐོང་བ་ན།  དེ་ཡང་ཉིན་གཅིག་གི་དུས་ཚོད་ཡལ་བར་བགྲང་།  ངས་གདོང་བཀབ་ནས་དབུགས་རིང་ནར་མོད།  ཉིན་གསར་བ་དེ་ཡང་དབུགས་རིང་ནར་ནར་གྱི་ཁྲོད་སྐད་ཅིག་ཏུ་འདས་འགྲོ། 

དུས་ཀྱི་བཞུར་རྒྱུན་མདའ་མོ་བཞིན་ཡར་ཅིང་། ཕྱི་ཡི་དུད་ཁྱིམ་ཁྲི་ཁྲི་འབུམ་འབུམ་གྱི་འཇིག་རྟེན་འུར་ཟིང་ནས། ངའི་རྐང་སྟབས་ཕར་ཚུར་འཁོར་ཞིང་འགྲོས་འཚུབ་འཚུབ་ལས་གཞན་ཅི་ཞིག་སྒྲུབ་ཐུབ། ཉིན་ཞག་བརྒྱད་སྟོང་ལྷག་གི་འཚུབ་འཚུབ་ལས།  ང་རང་གནས་གཅིག་གི་དྲ་བར་ཚུད་པ་ལས་གཞན་ཅི་ཞིག་ལྷག་ཡོད་དམ།  འདས་ཟིན་པའི་ལོ་ཟླ་ནི་དུད་སྤྲིན་གཡོ་བ་བཞིན་རླུང་བུ་ཡིས་བདས་ཤིང་།  སྨུག་པ་རྒྱུ་བ་བཞིན་ཉི་གཞོན་གྱིས་འཐག་འགྲོ་བས།  ངས་རྗེས་ཤུལ་ཅི་ཞིག་བཞག་ཡོད་དམ། ཉག་ཕྲ་བའི་བལ་སྐུད་དང་འདྲ་བའི་རྗེས་ཤུལ་ཞིག་བཞག་ཡོད་དམ།

ང་རང་འཇིག་རྟེན་འདིར་དམར་རྗེན་རྗེན་དུ་སླེབས་ཤིང་། ཁྱུག་ཙམ་གྱིས་སླར་དམར་རྗེན་རྗེན་དུ་འགྲོ་དགོས་སམ།  ཡིན་ཡང་སེམས་སུ་འཇགས་དཀའ་བ་ནི། ཅིའི་ཕྱིར་འཇིག་རྟེན་འདིར་ལས་ཀྱི་ངལ་བ་ཞིག་མྱོང་དགོས་སམ།  བློ་ལྡན་གྱི་མི་ལགས།  ང་ཚོའི་ལོ་ཟླ་འདས་ནས་སླར་ལྡོག་ཐབས་མེད་པར་ཅི་ཡིན་ཁྱེད་ཀྱིས་ང་ལ་གསུངས་ཤིག

 

ཉི་མ་ཐར་གྱིས་བསྒྱུར།