རྩོམ་དང་རྩོམ་ཡིག་སྐོར་གྱི་སྐད་ཆ་ཁ་ཤས། ཨ་རྡོར། 

524/545

འབའ་སྨད་རྒྱལ་ལོ་ཚེ་རིང་། ཨ་རྡོར་ལགས། སྐུ་ཁམས་བཟང་། ཉེ་དུས་རྩོམ་རིག་གསར་རྩོམ་དང་འབྲེལ་བའི་ཕྱག་ལས་ཅི་གནང་གིན་ཡོད། 

ཨ་རྡོར། བཀྲ་ཤིས་བདེ་ལེགས། ང་ལ་སྐད་ཆ་བཤད་པའི་གོ་སྐབས་སྤྲད་པར་བཀའ་དྲིན་ཆེ། ང་རང་ནི་རྩོམ་རིག་གི་ལས་ཁོ་ནར་འབད་མཁན་ཞིག་མིན་ལ། རྩོམ་རིག་ཕྱོགས་ཀྱི་བློ་སྦྱོང་དང་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་དེ་བས་ཀྱང་མིན། ཡིན་ནའང་། སྔ་མར་འདི་ཕྱོགས་ལ་མོས་པ་དང་དད་འདུན་ཡོད་དྲགས་པས་སམ། ཡང་ན་རྩོམ་རིག་ནི་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་པས་འབྲི་བསམ་དུས་ལུས་ཅི་རིགས་ཀྱི་རྩོམ་ཡིག་སྤེལ་བ་ནི་བདག་གི་མི་ཚེའི་རིན་ཐང་མངོན་བྱེད་གཙོ་བོར་ཆགས་འདུག 

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་ནི་སློབ་ཆེན་གྱི་དགེ་རྒན་དང་སྙན་ངག་ལ་དགའ་མཁན། རིག་གཞུང་ཞིབ་འཇུག་བཅས་ཀྱི་ལས་ཀ་བྱེད་མཁན་མང་པོ་ཞིག་སྟེ། འདིར་འདྲི་འདོད་པ་ནི་སློབ་ཆེན་སློབ་མ་རྣམས་ཀྱི་རྩོམ་རིག་གི་དགའ་སྣང་དང་རྩོམ་ལ་འཇུག་པའི་གནས་བབ་དེ་སྔོན་ཆད་དང་བསྡུར་ན་ཇི་ལྟ་བུ་ཞིག་རེད། 

ཨ་རྡོར། གལ་སྲིད་ལོ་ཚིགས་ལ་ཆ་བཞག་ནས་བཤད་དགོས་ཚེ། ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བ་ནི་བོད་ཀྱི་རྩོམ་རིག་གི་”བསྟན་པ”ཧ་ཅང་དར་བའི་དུས་སྐབས་ཤིག་ལ་འཁེལ་འདུག དེ་དུས་སློབ་ཆེན་སློབ་མ་ཡིན་ན་རྩོམ་ལ་དགའ་པའི་ཁྱབ་པ་ལྟ་བུར་གྲུབ་ལ། དེ་དུས་བྱུང་བའི་རྩོམ་པ་པོ་དང་ཁོ་ཚོས་བྲིས་པའི་རྩོམ་ཡིག་གི་གྲངས་ནི་ཧ་ཅང་མང་བ་མ་ཟད། ད་ལྟའི་ན་གཞོན་རྩོམ་འབྲི་བ་ཚོའི་མིག་དཔེར་འཛིན་པའི་རྩོམ་པ་པོ་མང་པོའང་དེ་དུས་ནས་བྱུང་བ་ཡིན། དེ་འདྲ་བྱུང་བའི་རྒྱུ་མཚན་ནི་སྐབས་དེའི་ཆབ་སྲིད་དང་། སྤྱི་ཚོགས་སོགས་ལ་འབྲེལ་བ་ཡོད་པ་བཤད་མ་དགོས། དགུ་བཅུའི་སྨད་ནས་ཉིས་སྟོང་གི་འགོ་ཙམ་ལ་སློབ་གྲྭ་ཆེ་ཁག་ནས་རྩོམ་འབྲི་མཁན་ཇེ་ཉུང་དུ་ཕྱིན་ནའང་། ཉིས་སྟོང་གི་སྨད་ནས་དྲ་རྒྱ་དང་ཆ་འཕྲིན་སྣ་ཚོགས། སྐད་འཕྲིན་མཉེན་ཆསWechatདང་Talkདང་Facebook ་དར་བ་ནས་བོད་ཀྱི་རྩོམ་རིག་གི་དབུ་འཕང་ཇེ་མཐོར་སོང་བའི་སྣང་བ་ཁོ་བོར་ཡོད་པ་མ་ཟད། ཉིན་རེར་སྙན་ངག་རེ་དང་། ཟླ་རེར་ལྷུག་བརྗོད་རེ་སྤེལ་བཞིན་འདུག་པས”ཁ་སྙན་ངག་དང་སྣ་སྙན་ངག(སྔོན་གྱི་དབུ་མའི་འཆད་ཉན་ལ་བཤད་པའི་ཚིག)”གི་ཚད་དུ་སླེབས་འདུག    ལོ་ཆུང་སྐྱེས་སྦྱང་གི་སྟོབས་དང་ལྡན་པ་ཁ་ཤས་ཀྱི་རྩོམ་ཡིག་གིས་ཁོ་བོ་ཧ་ལས་པར་བྱས་ཤིང་། ང་ཚོའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞེས་ཆོ་ལོ་རྫིག་པོ་ཡོད་བདག་ལྟ་བུས་གཏན་ནས་ཕྲིས་མི་སྲིད་པ་ལྟ་བུའི་ཚོར་བའང་ཡོད་པས། ཚུལ་འདི་ལ་ཁོ་བོས་ནི་བོད་ཀྱི་རྩོམ་རིག་གི”ཡང་དར་”ལྟ་བུར་ངོས་འཛིན་བཞིན་ཡོད།  

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་རང་ཇི་ལྟ་བུའི་འཚོ་བའི་རྒྱབ་ལྗོངས་འོག་ཏུ་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། ད་དུང་རྒྱུན་མ་ལྷོད་པར་སྙན་ངག་གསར་རྩོམ་བྱེད་དགོས་དོན་ཅི།

ཨ་རྡོར། གོང་དུ་ཞུས་པ་བཞིན་ང་རང་ལོ་རབས་དགུ་བཅུ་བའི་སྟོད་དུ་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ཞིག་ནས་སློབ་སྦྱོང་བྱས་ཤིང་། སྐབས་དེར་མཚོན་ན་རྩོམ་རིག་ལ་དད་འདུན་འཕྱུར་བའི་སྤྱི་ཚོགས་ཤིག་ཡིན། རྩོམ་རིག་ཆེད་དེབ་《སྦྲང་ཆར》དང་《ཟླ་ཟེར》།  《བོད་ཀྱི་རྩོམ་རིག་སྒྱུ་རྩལ》།  ལྷག་པར་《གངས་རྒྱན་མེ་ཏོག》སྟེང་དུ་རྩོམ་ཡིག་འགོད་བཞིན་པའི་སྙན་ངག་པ་དང་རྩོམ་པ་པོ་དག་ཡིད་ཀྱི་སྨོན་པ་འཆོར་ས་དང་། དཔེ་ལྟོས་བྱ་ཡུལ་གཙོ་བོ་དག་ཡིན། སྐབས་དེར་རང་མཉམ་གྱི་གྲོགས་པོ་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ལགས་ང་ཚོའི་འཛིན་གྲྭའི་ཁྲོད་ཀྱི་རྣམ་དཔྱོད་དང་རིག་སྟོབས་ལྷང་ངེ་བ་ཞིག་ཡིན་པས། ཁོས་ང་ཚོའི་འཛིན་གྲྭའི་རྩོམ་འབྲི་བ་གཞན་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ལྷག་པར་ངེད་གཉིས་གྲོགས་པོ་ཡིན་པས་ཕན་ཚུན་སློབ་སྦྱོང་གི་ཚུལ་དུ་སྙན་ངག་མང་དུ་བྲིས་ཡོད་མོད་མང་ཆེ་ཤོས་བྱིས་དུས་ཀྱི་རོལ་རྩེད་འབའ་ཞིག་ཏུ་སྣང་བས་ད་ནི་”རྡུལ་ཁྲོད་གྱི་ནར་ལུས་(ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་ཚིག)”ཡོད། རྗེས་སུ་གྲོགས་སྐྱབས་ཆེན་བདེ་གྲོལ་ལགས་དང་མཉམ་དུ་༡༩༩༧ལོར་སྙན་དེབ་ཅིག་དཔར་དུ་བསྐྲུན་པ་སོགས་ནས་བརྩམས་ཏེ་སྙན་ངག་དང་རྩོམ་ཡིག་འབྲི་བ་ནི་རང་གི་གོམས་སྲོལ་ཞིག་ཏུ་གྱུར་ཟིན། ཡིན་ནའང་། ད་ལྟ་རང་ལོ་ཉི་ཤུའི་དུས་ཀྱི་ཉིན་རེར་སྙན་ངག་རེ་འབྲི་བའི་ཚོར་བ་”སྟོབས་ལྡན”དག་གཞི་ནས་ཉམས་སོང་བ་མ་ཟད། ཆགས་དང་སྡང་བའི་སེམས་བྱུང་ལའང་རིགས་པ་དང་དཔྱད་པའི”གེགས་”ཡང་ཡང་བྱུང་བས། ད་ནི་སྙན་ངག་ཡག་པོ་འབྲི་མི་ཤེས་པའང་འདི་དང་འབྲེལ་ཆེ་སྙམ། 

 འབའ་སྨད་རྒྱལ་ལོ་ཚེ་རིང་།རང་རེའི་སྙན་ངག་གི་གནས་བབ་འདི་མཐོང་ཚེ་ཆེས་སྐྱོན་བརྗོད་བྱེད་འདོད་པ་དེ་ཅི་ཞིག    ཡང་ན་ཆེས་གོ་བསྐོན་སློབ་གསོ་བྱེད་འདོད་པ་དེ་ཅི་ཞིག

ཨ་རྡོར། ཁོ་བོའི་འདོད་ཚུལ་ཞིག་ལ། ང་ཚོའི་བོད་པ་ནི་སྙན་ངག་ལ་དགའ་བའི་མི་རིགས་ཤིག་ཡིན་པ་ཟད། དེ་ལས་ཀྱང་སྙན་ངག་གི་རྣམ་པས་འཚོ་བའི་མི་རིགས་ཤིག་ཡིན་ཞེས་བཤད་ན་འགྲིག    ང་ཚོའི་ལོ་རྒྱུས་སྟེང་ནས་གནའ་བོའི་ཞང་ཞུང་ནས། བར་མ་སྤུར་རྒྱལ། དེ་ནས་བཙན་པོའི་སྐབས་སོགས་ལ་མི་རྣམས་ཀྱིས་མགུར་དང་གླུ། དཔེ་དང་ཆ་འཇོག་གི་སྒོ་ནས་རང་གི་བསམ་བློ་བཤད་བཞིན་ཡོད། འདི་དག་ནི་རིག་གནས་དར་སྔ་བའི་མི་རིགས་མཐའ་དག་གི་ཁྱད་ཆོས་ཡིན་པ་འདྲ། གནའ་བོའི་རྒྱ་གར་སོགས་ཀྱང་དེ་བཞིན་རེད། གདོད་མའི་ནང་བསྟན་གྱི་མདོ་སོགས་ཆོས་ཀྱི་ཚིག་རྐང་དག་ཀྱང་དོན་དངོས་སུ་སྙན་ངག་ཡིན་ལ། བཅོམ་ལྡན་འདས་སོགས་མཚན་ཉིད་སྨྲ་བའམ་ཆོས་ཀྱི་དེད་དཔོན་དག་ཀྱང་དོན་དངོས་སུ་སྙན་ངག་པ་ཡིན།  དེའི་ཕྱིར་བདག་གི་བསམ་ཚུལ་ལ་ང་ཚོའི་བོད་པར་སྙན་ངག་གི་”ཁྲག་རྒྱུད”འདི་གདོད་མ་ནས་ཡོད་པས། ད་ལྟའི་བོད་པ་དག་ཀྱང་སྙན་ངག་ལ་དགའ་བ་སྲོལ་རྒྱུན་དང་འབྲེལ་བ་ཡོད་འདུག་སྙམ། ཕྱོགས་གཞན་ནས་བཤད་ན། ང་ཚོ་ཅུང”ཕུགས་བསམ་རིང་ལུགས་པ”ཡིན་པའང་གནད་འདི་དག་ལ་འབྲེལ་བ་ཆེ། ད་ལྟ་བོད་པའི་ན་གཞོན་ཁྲོད་དུ་རྩོམ་འབྲི་བ་ཧ་ཅང་མང་བ་དང་སྙན་ངག་འབྲི་མཁན་དེ་བས་མང་བ་འདིའང་དོན་མེད་དུ་བྱུང་བ་ཞིག་མ་ཡིན། ཡིན་ནའང་། ད་ལྟའི་སྙན་ངག་པ་ལོ་ཆུང་ཚོས་གཟབ་དགོས་ས་ཞིག་ནི་ཕ་མེས་ནས་བརྒྱུད་པའི་རིག་གནས་དང་འཛམ་གླིང་རིལ་མོའི་སྒང་གི་འགྲོ་ཕྱོགས་ལ་བསམ་བློ་གཏོང་བའི་གོམས་སྲོལ་མེད་པར། མིག་སྔའི་སྤྱི་ཚོགས་དང་ཆབ་སྲིད། གུ་དོག་པའི་སློབ་གསོའི་བསླུ་བྲིད་ནས་མ་ཐར་བས་གཞན་རྗེས་སུ་གང་འདོད་དུ་འབྲངས་པ་སྟེ། གློ་བུར་གྲགས་འདོད་དང་མཁས་འདོད། དཀར་པོ་མ་ཡིན་ན་ནག་པོ་ཡིན་དགོས་པ། འཇིག་རྟེན་བཟང་ངན་གཉིས་ཁོ་ནས་གཞལ་བ་སོགས་སྙན་ངག་པ་ལ་མཚོན་ན་ཧ་ཅང་གནོད་པའི་བསམ་བློ་ཡིན་པར་སྙམ། 

འབའ་སྨད་རྒྱལ་ལོ་ཚེ་རིང་།ཁྱེད་ཀྱིས་སྙན་ངག་ལ་ལྟ་སྟངས་ཅི་བཟུང་ཡོད། བོད་ཀྱི་སྙན་ངག་གིས་སྤྱི་ཚོགས་ཀྱི་སྒང་དུ་ནུས་པ་ཅི་ཐོན་ཡོད་མེད་ཀྱི་སྐོར་ལ་བསམ་ཚུལ་ཞིག་གསུངས་རོགས།

ཨ་རྡོར། གོང་དུ་ཞུས་པ་བཞིན་ཁོ་བོའི་ཤར་ཚུལ་ལ་སྙན་ངག་ནི་རང་ཉིད་འཚོ་སྟངས་ཤིག་ཡིན། གཞན་སྙན་ངག་སོགས་ལ་མི་རིགས་དང་སྐད་ཡིག་རྒྱུད་འཛིན་གྱི་ནུས་པ་བླ་མེད་ཡོད་པའང་བསྙོན་མེད་རེད། ཡིན་ནའང་། སྙན་ངག་ཡང་ན་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞེས་པ་འདི་ཆབ་སྲིད་ཀྱི་སྐད་ཆ་ཞིག་རེད། སྙན་ངག་ནི་སྒྱུ་རྩལ་ཡིན་པས་དེ་ལ་གང་འདོད་དུ”འགན་འཁུར”སྤྲོད་པ་ནི་ཆབ་སྲིད་སོགས་ཀྱི་དགོས་མཁོ་ལ་དམིགས་ནས་བཤད་པའི་སྐད་ཆ་དག་ཡིན་འདུག་སྙམ། 

འབའ་སྨད་རྒྱལ་ལོ་ཚེ་རིང་། སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་གཉིས་ཀྱི་མི་འདྲ་བའི་ཆ་དེ་ཚིག་གི་གཅོད་ལུགས་ཁོ་ནས་ཕྱེ་དགོས་སམ། ཡང་ན་གཞན་ཅི་ཡོད་གསུངས་རོགས།

ཨ་རྡོར། སྲོལ་རྒྱུན་དང་དེང་རབས་ཞེས་པ་ནི་ལྟོས་བཅོས་ཀྱི་སྐད་ཆ་ཞིག་རེད། འདི་ལྟར་རིགས་དབྱེ་འདོད་དང་མི་འདོད་མཁན་མང་དུ་ཡོད། དེ་བཞིན་གང་ཞིག་སྲོལ་རྒྱུན་དང་གང་ཞིག་དེང་རབས་ཡིན་པའི་རྩོད་གླེང་ནི་མཁས་པའི་ཁྲོད་ན་གཅིག་གྱུར་མིན། རང་རེས་སྲོལ་རྒྱུན་དང་དེང་རབས་རྩོམ་རིག་གི་དབྱེ་བ་འདིའང་རྒྱ་མི་རིགས་ཀྱི་བཤད་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེ་སྙམ། གང་ལྟར་ང་ལྟར་ན་བོད་ལ་སྲོལ་རྒྱུན་སྙན་ངག་དང་དེང་རབས་ཀྱི་དབྱེ་བ་ཧ་ཅང་གསལ་བོ་ཞིག་མིན་ལ། ང་ཚོས་ནམ་རྒྱུན་བཤད་པའི་སྙན་ངག་གསར་བ་ཟེར་ནའང་མི་རིགས་དང་རྒྱལ་ཁབ་གཞན་ལ་མཚོན་ན་རྙིང་བ་ཡིན། དེའི་ཕྱིར་སྙན་ངག་ལ་གསར་རྙིང་དང་གསར་གཏོད་མཁན་འཚོལ་བ་ནི་གོམས་སྲོལ་ཞིག་ཏུ་ཆགས་པ་ལས་ཚན་རིག་གི་བྱ་བ་མ་ཡིན་སྙམ་ལ། ཚིག་གི་གཅོད་མཚམས་ཙམ་གྱིས་གནའ་དེང་དབྱེ་བ་ནི་ཅུང་གུ་དོག་པར་བསམ་མོ།།

འབའ་སྨད་རྒྱལ་ལོ་ཚེ་རིང་། སྙན་ངག་གསར་པ་འབྲི་མཁན་ཚོས་སྲོལ་རྒྱུན་སྙན་ངག་གི་སྐོར་ནས་སློབ་སྦྱོང་དང་མིག་དཔེ་འཛིན་དགོས་པའི་ཆ་ཅི་ཡོད། དེའི་སྐོར་ནས་རྒྱས་བཤད་ཅིག་གནང་རོགས། 

ཨ་རྡོར། བདག་གི་ལྟ་ཚུལ་ནི་སྲོལ་རྒྱུན་མེད་པའི་འཕེལ་རྒྱས་ཤིག་ཡོད་པར་མི་འདོད། དཔེར་ན། དབྱིན་ཇི་དང་ཨ་རིའི་རྩོམ་རིག    ལ་ཐེན་ཨ་མེ་རི་ཁའི་རྩོམ་རིག་མཐའ་དག་ཁོ་ཚོའི་རིག་གནས་ལོ་རྒྱུས་ཀྱི་གཞི་རྩ་ནས་བྱུང་བ་ཡིན། ང་ཚོའི་བོད་ལའང་མ་མཐའ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིག་གནས་ལོ་རྒྱུས་ཡོད་པ་མ་ཟད། རྒྱ་དཀར་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཡང་ཟབ་མོ་ཡོད། དེ་འདྲ་ཡིན་ཙང་ང་ཚོའི་རྩོམ་རིག་ཀྱང་སྔོན་མའི་སྙན་ངག་པ་དག་གི་ཡིག་ངག་རྩོམ་རིག་གི་རྨང་གཞི་དང་འབྲེལ་བ་དམ་པོ་ཡོད་སྙམ། དཔེར་ན། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་མི་ལའི་མགུར་ལྟ་བུ་ཡིག་རིགས་མང་པོར་ཕབ་ནས་སྙན་ངག་ཡག་ཤོས་ལ་བརྩི་བཞིན་ཡོད་པ་ལྟར། ང་ཚོར་མི་ལ་རས་པ་ལྟ་བུའི་རི་ཁྲོད་སྙན་ངག་པ་མང་པོ་ཡོད། དཔེར་ན། འབྲུག་པ་ཀུན་ལེགས། གཙང་སྨྱོན། དབུས་སྨྱོན་ཀུན་དགའ་དཔལ་བ། འོལ་དགའ་བཞད་པའི་རྡོ་རྗེ། ཀརྨ་ཆགས་མེད་སོགས། ང་ཚོས་ཆབ་སྲིད་བསམ་བློའི་དབང་གིས་ཁོ་ཚོ་ཆོས་པ་ཡིན་པས་སྙན་ངག་མཁན་དུ་མ་བརྩིས་པ་རེད་མ་གཏོགས་མེད་པ་གཏན་ནས་མ་རེད། ད་ལྟ་གཞོན་སྐྱེས་ཁག་ཅིག་སྲོལ་རྒྱུན་སྙན་ངག་ཟེར་ན་མཐོང་ཆུང་གིས་བལྟ་བ་དེ་ནི་ནོར་འཁྲུལ་དུ་བསམ། གོང་དུ་བཤད་པ་བཞིན། ང་རང་སྲོལ་རྒྱུན་དང་དེང་རབས་ཞེས་རིགས་དབྱེ་ཐ་སྙད་དེ་ལ་ཧ་ཅང་དགའ་བོ་མེད། གཞན་ཁ་ཅིག    སྲོལ་རྒྱུན་སྙན་ངག་ནི་དགེ་ལུགས་པའི་ཚབ་མཚོན་སྙན་ངག་མཁན་ཁ་ཤས་བགྲངས་པ་སྟེ་སྒིས་སྟེང་བློ་བཟང་དཔལ་ལྡན་དང་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་དང་། ཁོ་ཚོའི་སྙན་ཚིག་གི་ཁྱད་ཆོས་བོད་ཀྱི་སྔོན་མའི་སྙན་ངག་སྤྱི་ལ་ཁྱབ་པ་ལྟ་བུའི་སྐད་ཆ་བཤད་མཁན་འདུག    བདག་གི་བསམ་ཚུལ་ལ་ལྟ་ཚུལ་འདིའང་ཅུང་གུ་དོག་གམ་སྙམ། ཁ་ཅིག་ཚངས་དབྱངས་པའི་མགུར་ལས་བོད་ལ་སྙན་ངག་མེད་པ་ལྟ་བུའི་སྐད་ཆ་འདུག    ཚངས་མགུར་གྲགས་ཆེ་བའང་ཆབ་སྲིད་འདུ་ཤེས་དང་འབྲེལ་བ་ཡོད་པ་ཤེས་དགོས། དེའི་ཕྱིར་ང་ཚོས་སྔོན་མའི་མཁས་པ་ཚོའི་སྙན་ངག་བཀླགས་པ་ཉུང་དྲགས་འདུག གཞན་ཁ་ཅིག་སྲོལ་རྒྱུན་མི་ལེགས་པ་དེང་རབས་སྔོན་ཐོན་སོགས་ཀྱི་བསམ་བློ་འདི་ནི་གོམས་ཕྱོགས་སུ་སོང་བའི་བསམ་བློ་ཉི་ཚེ་བ་ཞིག་ལས་ཕུགས་རིང་བའི་བཤད་ཚུལ་ཞིག་མ་ཡིན། དེའི་ཕྱིར་ང་ཚོའི་རྩོམ་པ་པོ་རྣམས་དེང་གི་རྩོམ་དང་རྩོམ་གཞུང་དག་ལ་སློབ་སྦྱོང་ཡོད་པ་མ་ཟད། སྔོན་མའི་རྩོམ་ཡིག་དག་བཀླག་རྒྱུ་ནི་གལ་ཆེན་པོར་མཐོང་ངོ།། 

འབའ་སྨད་རྒྱལ་ལོ་ཚེ་རིང་།ཁྱེད་རང་སྙན་ངག་འབྲི་མཁན་ཞིག་གི་ཆ་ནས་བོད་ཀྱི་སྙན་ངག་པ་དང་ཁོ་རང་ཚོའི་སྙན་ངག་དེ་དག་གི་སྐྱོན་ཡོན་གླེང་རོགས།

ཨ་རྡོར། སྙན་ངག་ལ་དཔྱད་འཇོག་ནི་དགེ་སྐྱོན་ཙམ་གྱིས་བལྟས་ན་ཅུང་སྟབས་བདེ་དྲགས།   ངའི་བསམ་ཚོད་ལ་བོད་པའི་སྙན་ངག་པ་དང་ལྷག་པར་ལོ་འདི་གའི་དྲ་རྩོམ་སྙན་ངག་མཁན་ཚོའི་སྐྱེས་སྟོབས་དང་སེམས་ཤུགས་སོགས་ཀྱིས་ང་རང་ཧ་ལས་སོང་། སྙན་ངག་ལ་དགའ་མཁན་དང་ལྟ་མཁན་རིག་གཞུང་ཆེད་རྩོམ་དག་ལས་ཆེ་ཆེར་བརྒལ་འདུག་སྙམ་སོང་། སྙན་ངག་པ་ཁ་ཤས་ད་དུང་ཧེ་ཙི་དང་ཀོའུ་ཁྲུན་སོགས་ལ་དད་གུས་ལས་འཛམ་གླིང་དང་ལྷག་པར་བོད་པའི་རི་ཁྲོད་སྙན་ངག་པ་དང་མགུར་བ་ཚོའི་སྙན་ངག་གི་ལེགས་ཆ་མི་ཤེས་པ་དེ་གཟབ་དགོས་ས་ཞིག་ཏུ་སྣང་། 

འབའ་སྨད་རྒྱལ་ལོ་ཚེ་རིང་།རྩོམ་པ་པོ་ཞིག་ཡིན་ན་ཇི་ལྟ་བུའི་བསམ་བློ་དང་བྱ་སྤྱོད། ཀུན་སློང་། ཇི་ལྟ་བུའི་མིག་གིས་འཇིག་རྟེན་ལ་བལྟ་དགོས་པར་འདོད། 

ཨ་རྡོར། དེ་ནི་སོ་སོ་སྒེར་གྱི་ཁེ་དབང་ཞིག་དང་རང་གི་ལྟ་གྲུབ་ཀྱིས་ཐག་གཅོད་པ་ལས་ཚད་ཐིག་ཅིག་བཤད་མི་འོས། ང་རང་གི་བསམ་ཚུལ་ལ་རྩོམ་པ་པོ་ཞིག་ཡིན་ན་ལྟ་རྒྱ་མཐོང་རྒྱ་ཆེ་ན་འགྲིག་སྙམ། ལྷག་པར་མི་སེམས་དང་སྤྱི་ཚོགས་ཀྱི་ངོ་བོ་སོགས་བརྟག་ཅིང་དཔྱད་པའི་བློ་གྲོས་དང་ཤེས་རབ་ཡོད་དགོས། 

འབའ་སྨད་རྒྱལ་ལོ་ཚེ་རིང་།སྙན་ངག་ནི་ཁུ་བྱུག་གི་གསུངས་དབྱངས་ཇི་བཞིན་རྣ་བར་སྙན་འཇེབས་ལྡན་པ་མ་གཏོགས་དོན་གོ་རྒྱུ་མེད་པ་ཞིག་ཡིན་ན་འགྲིག་གམ། 

ཨ་རྡོར། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཡིན་པ་ཁས་ལེན་དགོས། དེའི་ཕྱིར་སྐད་ཆ་སྙན་མི་སྙན་ཟེར་བ་ནི་རོལ་དབྱངས་སྙན་མི་སྙན་ཟེར་བ་དང་མི་འདྲ་བར། དོན་དང་གབ་པ། དཔེ། བསྐོར་བ་སོགས་ཀྱི་སྟེང་ནས་བཤད་པ་ཡིན། དེའི་ཕྱིར་སྙན་ངག་སྙན་མོ་ཟེར་བ་ནི་སྙན་ངག་ཡག་པོ་ཟེར་བར་གོ་ནའང་ཆོག དེའི་ཕྱིར་སྙན་ངག་ཡིན་ན་གོ་རྒྱུ་ཡོད་པའི་ཁྱབ། 

འབའ་སྨད་རྒྱལ་ལོ་ཚེ་རིང་།སྙན་ངག་ནི་སྐྱེས་བུ་སུ་ཡིན་ཡང་ཐམས་ཅད་ཀྱིས་ཀློག་ཐུབ་པ་ཞིག་མིན་ཟེར། སྙན་ངག་ནི་དེ་ལྟ་བུ་ཞིག་ཡིན་དོན་ཅི།

ཨ་རྡོར།   སྙན་ངག་ལ་ཁ་དམ་ལྷོད་དང་དོན་ཟབ་མིན། ཚོར་བས་ཕྱུག་མིན་དང་། ཡིད་བརྙན་སོགས་ཀྱི་བཤད་ཚུལ་ལས། ཡི་གེ་ཤེས་པ་ཙམ་གྱིས་ཡི་གེ་དེའི་སྟེང་དུ་ཡོད་པའི་སྙན་ངག་རྣམས་ཀློག་ཐུབ་པ་ཡིན། 

འབའ་སྨད་རྒྱལ་ལོ་ཚེ་རིང་།དེང་འདིར། མི་ལ་ཤས་ཀྱིས་སྙན་ངག་རིང་མོ་ཟེར་པ་ཞིག་འབྲི་བཞིན་འདུག སྙན་ངག་གིས་བདག་ཏུ་འཛིན་པ་ནི་ཚོར་བ་གསོན་པོ་ཞིག་ཡིན་ལ། མིའི་ཚོར་བ་གསོན་པོ་དེ་ཡང་རྟག་པར་སྐད་ཅིག་སྐད་ཅིག་ཙམ་ཞིག་ཡིན་པས་ན། སྙན་ངག་ཅིག་རིང་དྲགས་ཚེ་བསམ་བློ་ཡིས་ཚོར་བ་འདི་ཉིད་ཀྱི་ཚབ་བྱེད་སྲིད་པ་རེད། དེ་བས་སྙན་ངག་རིང་པོ་འབྲི་བ་ནི་དོན་གྱིས་གོ་འཛོལ་ཞིག་རེད་ཅེས་ན་ཁྱེད་ཀྱིས་ཅི་ཟེར། 

ཨ་རྡོར། སྙན་ངག་རིང་ཐུང་ནི་རང་གི་ཚོར་བའི་རྒྱུད་ལས་བྱུང་བས་དེ་མི་ཆོག་པ་མེད་སྙམ། ལོ་རྒྱུས་སྙན་ངག་རིང་མོ་བྲིས་ནས་མིང་དུ་གྲགས་པ་ཤར་ནུབ་གཉིས་ཀ་ན་ཡོད་པས། སྙམ་ངག་རིང་མོ་འབྲི་ཐུབ་ན་བཟང་སྙམ། 

འབའ་སྨད་རྒྱལ་ལོ་ཚེ་རིང་།སྙན་ངག་པ་ནི་སྤྱི་ཚོགས་ཀྱི་མགྲིན་ཚབ་པ་ཡིན་ཟེར་བའི་བཤད་སྟངས་ཤིག་ལོ་འདི་གར་རྒྱུགས་ཆེ། འོན་ཀྱང་ང་རང་བཤད་སྟངས་དེ་ལ་འཐད་པ་མེད། དེ་ལ་རྒྱུ་མཚན་མང་པོ་ཞིག་འདྲེན་རྒྱུ་ཡོད་མོད་འདིར་བཤད་ན་མང་འགྲོ་བར་དོགས་ཏེ་རེ་ཞིག་ངའི་ལྟ་ཚུལ་བསྐྱུར་ཏེ་ཁྱེད་ལ་འདྲི་འདོད་པ་ཡིན། ཁྱེད་རང་བཤད་སྟངས་དེ་ལ་ལྟ་ཚུལ་ཅི་ཡོད།

ཨ་རྡོར། སྐད་ཆ་དེ་གང་ནས་བྱུང་བ་ཁོ་བོས་ཀྱང་མི་ཤེས་མོད། སྒྱུ་རྩོམ་གྱིས་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་དགོས་ཞེས་པ་སོགས་ནི་རྩོམ་རིག་གཞུང་ལུགས་ཀྱི་ངོས་ནས་བཤད་པའི་སྐད་ཆ་ཞིག་མིན་པ་མ་ཟད། དེ་ནི་སྒྱུ་རྩོམ་རང་གི་ངོ་བོ་དང་རིན་ཐང་སོགས་ལ་མ་གཞིགས་པར་སྤྱི་ཚོགས་ནུས་པ་ཁོ་ནར་དམིགས་ནས་བཤད་པའི་སྐད་ཆ་ཞིག་དང་ལྷག་པར་སྒྱུ་རྩོམ་ཆབ་སྲིད་ཀྱི་ལག་ཆར་ཆགས་པར་ཉེན་ཁ་ཆེ་བའི་སྐད་ཆ་ཞིག་རེད། རྩོམ་རིག་ནི་མི་རིགས་དང་ཆབ་སྲིད། ཆོས་ལུགས་ཉི་ཚེ་བ་ལས་འདས་ཤིང་མིའི་རང་གཤིས་དང་ངོ་བོ་མཚོན་པའི་སྒྱུ་རྩལ་ཞིག་ཏུ་བལྟས་ན་ཅུང་ལེགས་སྙམ། གང་ལྟར་རང་གི་སྐད་དང་ཡི་གེ་བཀོལ་ནས་སྙན་ངག་ཚིག་གཅིག་བྲིས་ནའང་མི་རིགས་ཀྱི་རིག་གནས་སྲུང་བ་ཡིན་ལ། ཡི་གེའང་བསྐྱབས་པ་ཡིན། དེ་བཞིན་སྤྱི་ཚོགས་ཀྱང་མཚོན་པ་ཡིན་པར་ཁོ་བོ་འདོད་དོ།།  

འབའ་སྨད་རྒྱལ་ལོ་ཚེ་རིང་།ང་རང་ཉིད་ཁྱེད་ཀྱི་སྙན་ངག༼ དབུས་སུ་བཏབ་པའི་ཟིན་བྲིས༽ ཞེས་པ་དེ་ལ་ཤིན་ཏུ་དགའ་པོ་ཡོད། ཁྱེད་ཀྱིས་སྙན་ངག་དེ་འབྲི་དུས་ཀྱི་རྒྱབ་ལྗོངས་ངོ་སྤྲོད་དང་སྙན་ངག་དེ་ལ་ལྟ་ཚུལ་ཅི་བཟུང་ཡོད། སྙན་ངག་དེའི་རིགས་བདག་ཤིན་ཏུ་མོས་པས་མ་འོངས་པར་དེ་ལྟ་བུའི་སྙན་ངག་ཅིག་འབྲི་བར་སྐུལ་ཚེ་ཁྱེད་ཀྱིས་ཅི་ཟེར། ཧ ཧ། 

ཨ་རྡོར། ཧ་ཧ། བཀའ་དྲིན་ཆེ། སྙན་ངག་དེ་ནི་སྐབས་དེ་ཀའི་ཚོར་བ་རྐྱང་རྐྱང་ཡིན། ལྷ་ས་ནས་བྲིས་པས་ད་ལྟ་འདི་ཞེས་བཤད་མི་ཤེས། 

འབའ་སྨད་རྒྱལ་ལོ་ཚེ་རིང་།ང་ཚོས་རྩོམ་ཞིག་འབྲི་སྐབས་ཁྱད་པར་དུ་ད་ལྟའི་གནས་བབ་ལ་དམིགས་ཏེ་བཤད་ན་ཅི་ཞིག་འབྲི་པ་དང་ཇི་ལྟར་འབྲི་པ། ཅིའི་ཕྱིར་འབྲི་པ་ལས་གང་ཞིག་ལ་བསམ་བློ་གཏོང་དགོས་པར་འདོད། 

ཨ་རྡོར། ཇི་ལྟར་འབྲི་ལུགས་སོགས་བཤད་པའི་སྤོབས་པ་མེད་ལ། རང་ཉིད་ཀྱང་ཡག་པོ་འབྲི་ཤེས་མཁན་གྱི་གྲས་སུ་མེད། གང་ལྟར་རྨོངས་བློའི་ཤར་ཚུལ་ལ་རང་ཉིད་ཀྱི་ཕྲ་རག་གི་ཚོར་བ་མ་ལུས་ངག་གི་རྣམ་པར་སྦྱར་ཏེ། མི་སེམས་དང་འཇིག་རྟེན་གྱི་རྟོགས་དཀའ་བའི་ངོ་བོ་དག་རི་མོ་བཞིན་གསལ་བར་བྱས་ན་དེ་ནི་རྩོམ་པ་པོ་ཞིག་གི་ཁྱད་ཆོས་ཡོད་པ་ཡིན་སྙམ་མོ།། 

འབའ་སྨད་རྒྱལ་ལོ་ཚེ་རིང་།བོད་ཀྱི་སྙན་ངག་དེ་མི་རིགས་གཞན་དང་བསྡུར་ན་ཚད་ག་འདྲ་ཞིག་རེད། ཡང་ན་བོད་ཀྱི་སྙན་ངག་དེ་གཞན་དང་བསྡུར་ཚེ་འཕེལ་རྒྱས་འགྲོ་ཐུབ་མེད་པའི་གནད་དོན་དེ་གང་དུ་བདོག 

ཨ་རྡོར། རིག་གནས་དང་ལོ་ཟླ་མི་འདྲ་བའི་མིའི་ཚོགས་པ་རེ་ལ་རང་ཉིད་ཀྱི་རྩོམ་རིག་རེ་ཡོད། སྙན་ངག་གི་ཆ་ནས་བོད་པར་མཚོན་ན་ངོ་གནོངས་པ་མི་འདུག་སྙམ།  རྒྱུ་མཚན།   གནའ་ནས་ད་ལྟའི་བར་དུ་བོད་པར་སྙན་ངག་གི་གྲངས་འབོར་དང་སྤུས་ཚད་སོགས་ཧ་ལས་པ་ཡོད་པ་གོང་ཞུས་ཡིན། ཡིན་ནའང་། དེང་གི་འཛམ་གླིང་ལ་མཚོན་ན། རྩོམ་གྱི་ལུས་སྣ་ཚོགས་ཀྱི་སྒྱུ་རྩོམ་ཧ་ཅང་དར་བས། ང་ཚོའི་བོད་ལ་མཚོན་ན་ད་དུང་འབད་པ་གནང་དགོས་འདུག བརྩམས་སྒྲུང་དང་ཟློས་གར། གློག་བརྙན་རྩོམ་ཡིག   དངོས་བྲིས་སོགས་ང་ཚོ་ལ་མཚོན་ན་ད་དུང་ཉུང་བ་མ་ཟད། ཤར་ནུབ་གང་ལ་བསྡུར་ནའང་ད་དུང་ཉམས་ཆུང་བ་ཡིན། 

འབའ་སྨད་རྒྱལ་ལོ་ཚེ་རིང་།ང་རང་ཚོའི་རྩོམ་རིག་ལ་དཔྱད་བརྗོད་མཁན་ཉུང་ཞིང་དཔྱད་བརྗོད་སྤེལ་མཁན་འགའ་ཤས་ཡོད་པ་དེ་དག་གིས་ཀྱང་ངོ་སྤྲོད་ཙམ་དང་འགྲེལ་བ་ཙམ་ལས་གཏིང་ཟབ་རྒྱ་ཆེར་ངང་དཔྱད་པ་རྣོ་ངར་པ་ཞིག་གཏོང་ཐུབ་མེད། ཁྱེད་ཀྱིས་བལྟས་ན་ང་ཚོ་ལ་ཇི་ལྟ་བུའི་དཔྱད་བརྗོད་པ་དགོས་ཤིང་དེ་ལྟ་བུའི་མི་སྣ་ཇི་ལྟར་གསོ་སྐྱོང་བྱེད་དགོས་པར་འདོད། 

ཨ་རྡོར། རྩོམ་རིག་དཔྱད་བརྗོད་ནི་རིག་གཞུང་ཞིབ་འཇུག་ཡིན་པས། དེ་ནི་རྩོམ་རིག་གཞུང་ལུགས་ངེས་ཅན་ཞིག་གིས་བརྩམས་ཆོས་ལ་དཔྱད་པ་གཏོང་བའི་སྦྱོར་བ་ཡིན། རིག་ཞིབ་ཀྱི་རྩོམ་ཡིག་འབྲི་བ་ལ་བྱེད་ཐབས་སོགས་ཀྱི་སྦྱངས་པ་སྔོན་དུ་མ་སོང་བར། རྩོམ་འབྲི་ཤེས་པའམ་རྩོམ་ལ་དགའ་བ་ཙམ་གྱིས་དཔྱད་ཡིག་འབྲི་ཤེས་པའི་ངེས་པ་ཡོད་པ་མ་ཡིན། ང་ཚོའི་སློབ་གྲྭ་ཁག་ཏུའང་རྩོམ་རིག་འཛིན་གྲྭ་ཞེས་ཆེ་ཕྱོགས་ཀྱི་ཆེད་ལས་ཡོད་ནའང་དཔྱད་བརྗོད་ཀྱི་ཐབས་ལམ་གཙོ་བོ་ཁྲིད་པའི་ཆེད་ལས་མེད་པས་འདིའི་སྐོར་གྱི་མི་ཧ་ཅང་ཉུང་། ང་ཚོའི་དཔྱད་བརྗོད་པ་དག་ཀྱང་དོན་དངོས་སུ་དགའ་ཕྱོགས་དང་རང་སྦྱོང་ཁོ་ནའི་དབང་གིས་རྩོམ་ཡིག་རེ་གཉིས་འབྲི་མཁན་ལས་དཔྱད་བརྗོད་པ་ངོ་མར་མ་མཐོང་། དེའི་ཕྱིར།   ནུབ་ཀྱི་དཔྱད་བརྗོད་ཐབས་ལམ་གྱི་སྟེང་ནས་བོད་ཀྱི་རྩོམ་རིག་ལ་དཔྱད་པ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་བྱུང་། 

འབའ་སྨད་རྒྱལ་ལོ་ཚེ་རིང་།བོད་ཀྱི་རྩོམ་རིག་འདིའི་སྐྱེས་སྟོབས་ཀྱི་དཔལ་མུ་ནས་འབར་དགོས་ཚེ་ན་གཞོན་རྣམས་ཀྱིས་ཇི་ལྟ་བུའི་ཤེས་བྱའི་སྒྲིག་གཞིའམ་དམིགས་འབེན། དཀའ་ཐུབ་དགོས་པར་འདོད། 

ཨ་རྡོར། བོད་ཀྱི་རྩོམ་རིག་ལ་སྔོན་ལས་ཡག་པོ་ཡོང་ངེས་རེད་སྙམ་བྱུང་། རྒྱུ་མཚན་གོང་ནས་ཞུས་པ་བཞིན་ང་ཚོར་མི་རིགས་གཞན་ལ་དཀོན་པའི་གཞོན་སྐྱེས་རྩོམ་པ་པོའི་སྡེ་ཞིག་ཆགས་དང་ཆགས་བཞིན་པ་དང་གཅིག   ང་ཚོར་མིའི་ནང་སེམས་དང་འཇིག་རྟེན་རིན་ཐང་སོགས་ཉམས་ཞིབ་གཏོང་བའི་སྲོལ་ལུགས་སྔ་མོ་ཡོད་པ་དང་གཉིས། བོད་སྔ་རབས་པས་ཡི་གེའི་ཕུང་པོ་གཞན་ལ་དཀོན་པ་བསྐྱུར་ཡོད་པ་བཅས་ཀྱི་སྟེང་ནས་དེ་ལྟར་རློམ་ཆོག ད་ལྟའི་དུས་སུ་ང་ཚོས་ཉེ་འཁོར་གྱི་མི་རིགས་གཅིག་ཁོ་ནའི་རྩོམ་རིག་ལ་དཔེ་མི་བལྟ་བར་འཛམ་གླིང་ཤར་ནུབ་སོགས་ལ་རྒྱུས་ལོན་དང་། ཆུང་དུས་སློབ་གྲྭ་སོགས་ནས་སྦྱངས་པའི་བསམ་བློ་ཉི་ཚེ་བ་དག་གི་ཕ་རོལ་ཏུ་བརྒལ་ཏེ། བཀའ་གདམས་གོང་མའི་གསུང་ལྟར་”ཁོངས་སོ་གློད”དེ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་ང་ཚོའི་སློབ་གསོའི་འགྲོ་ཕྱོགས་དང་སློབ་ཚན་སོགས་ཀྱི་དབང་གིས་བཟང་ངན་དང་། དཀར་ནག   གྲལ་རིམ། གསར་རྙིང་།  འགྲན་རྩོད་སོགས་ལ་གོམས་ཆེ་བའི་དབང་གིས་གཞན་གྱི་ཡོན་ཏན་ལེན་པར་གེགས་ཆེན་པོ་བཟོས་འདུག་སྙམ།   

འབའ་སྨད་རྒྱལ་ལོ་ཚེ་རིང་། བདག་གི་བཅར་འདྲི་དང་ལེན་གནང་པར་ཐུགས་རྗེ་ཆེ། ཁ་དྲོ། 

ཨ་རྡོར། ཡ་ཡ། བཀའ་དྲིན་ཆེ།   

                                          

2015ལོའི་ཟླ5བའི་ཚེས་2ཉིན།