ལམ་ལུགས་ཡག་པོ་ཞིག་གི་ཕན་ཡོན། བྱང་སྐར།

522/545

བརྒྱ་ལོ17པ་དང18པར་དབྱིན་ཇིས་རྒྱང་འཕུད་བཏང་བའི་ཉེས་ཅན་ཨོ་སི་ཐྲ་ལི་ཡ་གླིང་དུ་དབོར་གྱི་ཡོད་ཅིང་། དབྱིན་གཞུང་གིས་གྲུ་ལ་ཞུགས་པའི་ཉེས་ཅན་གྱི་ཁ་གྲངས་ལྟར་གྲུའི་བདག་པོར་རྡལ་གླ་སྤྲོད་ཀྱི་ཡོད༑ རྡལ་གླ་སྔོན་ཚུད་ནས་སྤྲོད་པའི་འགྲོ་སྟངས་དེས། གྲུ་བདག་ཚོ་ཚོང་ཁེ་ཧབ་ཐོབ་ལ་མགོ་འཁོར་ཏེ་ཉེས་ཅན་གྱི་ཤི་གསོན་ཐེད་ལ་བོར་བ་རེད༑ 

དེ་ཡང་། གྲུ་ལ་ཞུགས་བཅུག་པའི་ཉེས་ཅན་མང་དྲགས་པ་དང་། གྲུ་ནང་གི་ཉེར་མཁོའི་ཆ་རྐྱེན་ཞན་དྲགས་པའི་ཁར། ཁོ་ཚོས་ད་དུང་ཉེས་ཅན་གྱི་ཟ་ཆས་བཅག་ཅིང་བསོགས་ཏེ་འབྱོར་ཡུལ་དུ་སླེབས་པ་དང་ཕར་བཙོངས་ནས་ཁེ་བཟང་ཟ་བ་བཅས་ཀྱི་རྐྱེན་པས། ཉེས་ཅན་མང་དག་ཅིག་ཚེ་མ་ཟིན་པར་ལམ་བར་དུ་ཤི་བ་རེད༑ དེར་མ་ཟད། གྲུ་བདག་ལ་ཤས་ཀྱིས་གྲུ་རྒྱ་མཚོར་ཞུགས་པ་དང་ཉེས་ཅན་གསོན་པོར་ཆུ་ལ་གཡུགས་པའི་དོན་དག་ཡ་ང་བ་དེ་འདྲའང་འབྱུང་གི་ཡོད༑ རེད་དེ། ཉེས་ཅན་འཆི་མ་དགོས་པ་ཞིག་ཡོང་ཐབས་བྱེད་རྒྱུ་ནི་དབྱིན་གཞུང་གི་འདོད་འདུན་རེད༑ ཡིན་ན་ཡང་དེ་དེ་བཞིན་དུ་འགྲུབ་པར་དཀའ་ཁག་འདི་འདྲ་ཞིག་ཕྲད་སོང༑ དེ་ཡང་། ཉེས་ཅན་གྱི་ཟ་ཆས་ཁ་སྣོན་རྒྱག་པ་དང་། ཁོ་ཚོའི་ནད་བཅོས་ལ་དོ་ནན་བྱེད་པ་ཡིན་ན། དབོར་འདྲེན་གྱི་མ་གནས་མཐོ་རུ་འགྲོ་བའི་ཁར། གྲུ་བདག་ཚོས་ཚོང་ཁེ་ཧབ་གཉེར་བྱེད་པ་སྔར་མུས་སུ་འགོག་མི་ཐུབ་པ་དང་། ཡང་། གྲུ་བདག་ཚོར་ལྟ་རྟོག་ཏུ་གྲུ་ནང་ལ་རྒྱབ་རྫི་འདང་ངེས་མངགས་པ་ཡིན་ན། གཞུང་གི་འགྲོ་གྲོན་མང་དུ་འཕར་བའི་ཁར། འགྲོ་སྒོ་མེད་པའི་ཡོང་སྒོ་ཞིག་རག་རྒྱུ་ཡོད་པ་མཐོང་དུས། གཞུང་མངགས་རྒྱབ་རྫི་དང་གྲུ་བདག་ཚོ་ངན་པ་མཐུན་བསྡེབས་ཀྱིས་ཁེ་བཟང་དེ་མི་གཉེར་བར་སུས་ཀྱང་འགན་ལེན་མི་ཐུབ་པ་རེད༑

མཐར། དབྱིན་གཞུང་གིས་རྒྱང་འཕུད་གཏོང་ཡུལ་དུ་གསོན་པོར་སླེབས་པའི་ཉེས་ཅན་གྱི་ཁ་གྲངས་ལྟར་རྡལ་གླ་སྤྲོད་རྒྱུར་ཐག་བཅད་པ་རེད༑ ལམ་ལུགས་གསར་པ་དེ་གཏན་ལ་ཕབ་པས། གྲུ་བདག་ཚོས་མ་བསྐུལ་དང་བླངས་སྒོས་ཉེས་ཅན་རྣམས་གསོན་པོར་སླེབས་ཐུབ་པར་ཐབས་ཤེས་གང་ཡོད་བྱས་ཡོད་པ་དང་། དེ་འབྲེལ་དུ་ཉེས་ཅན་མང་ཆེ་ཤོས་འཚམས་པོ་བདེ་མོར་ཨོ་སི་ཐྲ་ལི་ཡ་གླིང་དུ་སླེབས་ཐུབ་ཡོད་པ་སྟེ། ལན་རེར་ཉེས་ཅན་བརྒྱ་ཐམ་པ་ལས་མི་གཅིག་མ་གཏོགས་ཤི་མེད་ཅིང་། ཚུལ་དེ་ཡར་སྔོན་དང་བསྡུར་ན་རྦད་དེ་ལྡོག་ཟླ་ཆགས་ཡོད་པ་རེད༑ ཇི་ལྟར་ཞེ་ན། དུས་དེ་ཤེད་དུ་ལན་རེར་ཉེས་ཅན་བརྒྱ་ཐམ་པ་ལས་མི་དགུ་བཅུ་གོ་བཞི་ཤི་ཡོད་པ་རེད༑

གོང་འཁོད་ཀྱི་གཏམ་རྒྱུད་དེ་ལས་གནས་ལུགས་ཟབ་མོ་ཞིག་ངང་གིས་རྟོགས་ཡོང་སྟེ། ང་ཚོ་མིའི་རང་བཞིན་ལ་བཅོས་སུ་མེད་པས། ཡ་རབས་ཚུལ་ལྡན་ཡོང་དགོས་ལུགས་ཀྱི་བསླབ་བྱ་ཁོ་ན་གཏོང་བ་ལས། ལམ་ལུགས་ཡག་པོ་ཞིག་བཟོ་རྒྱུ་ཅི་བས་གལ་ཆེའོ། །གང་ཡིན་ཞེ་ན། ལམ་ལུགས་དེ་འདྲ་ཞིག་ཡོད་ཕྱིན་ཆད། མི་རུང་བའི་ལས་གང་ཡང་ང་ཚོ་རང་ངོས་ནས་རང་འགུལ་གྱིས་མི་བྱེད་པས་སོ། །