རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གྱི་ནང་དོན་སྙིང་བསྡུས།

520/545

སྔར་ཡུལ་བྷེ་ཏའི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ས་སྐྱོང་གྲགས་པ་ཞེས་པ་དང་ཚད་ལྡན་གྱི་བཙུན་མོ་དགེ་ལྡན་བཟང་མོ་ཞེས་པར་སྲས་ཐུགས་རྒྱུད་ཤིན་ཏུ་བཟང་བ་དྲི་མེད་ཀུན་ལྡན་འཁྲུངས་ཤིང་།རྒྱ་བུ་དྲི་མེད་ཀུན་ལྡན་དགུང་ལོ་ལྔར་སོན་སྐབས་ཡི་གེ་དང་རྩལ་ལ་སོགས་པའི་རིག་པའི་གནས་ལྔ་ཐམས་ཅད་ཐུགས་སུ་ཆུད།དེ་ནས་ཡུལ་པདྨ་ཅན་གྱི་རྒྱལ་པོ་ཟླ་བ་བཟང་པོའི་སྲས་མོ་མནྡེ་བཟང་མོ་ཞེས་བྱ་བ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་།བློ་རྒྱ་ཆེ་ལ་གཏོང་ཕོད་ཅན། སེམས་རྒྱུད་བཟང་བ། རྒྱལ་བུ་དྲེ་མེད་ཀུན་ལྡན་རང་གི་སྤྱི་བོར་བཀུར་ཏེ་གུས་ཤིང་བརྩེ་བ་དེ་དྲི་མེད་ཀུན་ལྡན་གྱི་བཙུན་མོར་བཞེས།དེ་ནས་རིམ་བཞིན་སྲས་ཆེ་བ་ལེགས་ལྡན་དང་། སྲས་ཆུང་བ་ལེགས་དཔལ། སྲས་མོ་ལེགས་མཛེས་མ་བཅས་འཁྲུངས།ནམ་ཞིག་ན་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་དབུལ་ཞིང་ཉམ་ཐག་པའི་འགྲོ་བ་རྣམས་སྡུག་བསྔལ་གྱིས་མནར་བ་ལ་བསམ་བཞིན་བསམ་བཞིན་སྐྱོ་བ་སྐྱེས་ནས་འཇིག་རྟེན་འཁོར་བའི་བྱ་བ་ལ་སྙིང་པོ་ཏིལ་འབྲུ་ཙམ་མེད་པར་གཟིགས་ཏེ་ཡབ་རྒྱལ་པོ་ལ།རྒྱལ་པོའི་བང་མཛོད་ཀྱི་ནོར་རྣམས་དབུལ་ཕོངས་རྣམས་ལ་སྡུག་བསྔལ་སེལ་བའི་སྦྱིན་པ་བཏང་ཆོག་པའི་རེ་འདུན་ཞུས།ཡང་རྒྱལ་པོས་དྲི་མེད་ཀུན་ལྡན་ལ་བང་མཛོད་ཀྱི་ནོར་རྣམས་ཅི་དགར་སྦྱིན་པ་བཏང་ཆོག་པའི་བཀའ་འཁྲོལ།རྒྱལ་པོ་དྲི་མེད་ཀུན་ལྡན་གྱིས་བང་མཛོད་ཀྱི་ནོར་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་དབུལ་པོར་སྦྱིན་པ་བཏང་།དེའི་དུས་སུ་ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་རྒྱལ་པོ་ལོག་ལྟ་ཅན་ཤིང་ཁྲི་བཙན་པོ་ཞེས་བྱ་བ་ཞིག་ཡོད་པ་དེས་རང་གི་འཁོར་འབངས་རྣམས་ལ་བྷེ་ཏའི་ཡུལ་གྱི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཕྱོགས་མེད་ཀྱི་སྦྱིན་པ་གཏོང་བ་རྣ་བས་ཐོས་བྱུང་བས་སུ་ཡིས་རྒྱལ་བུ་དེའི་བང་མཛོད་ནང་གི་ནོར་བུ་དགོས་འདོད་དཔུང་འཇོམས་དེ་སློང་ཐུབ་ན་དེ་ལ་ང་ཡི་རྒྱལ་སྲིད་ཀྱི་ཕྱེད་སྟེར་ཞེས་ཁྱབ་བསྒྲགས་བྱས་པ་དང་བྲམ་ཟེ་རྒན་པོ་དགའ་བའི་བློ་གྲོས་ཀྱིས་ང་ཡིས་སློང་ཐུབ་ཅེས་ཁས་བླངས་ཤིང་བྷེ་ཏའི་ཡུལ་གྱི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་དྲུང་དུ་སོང་ནས་ནོར་བུ་དགོས་འདོད་དཔུང་འཇོམས་སྦྱིན་པ་གནང་བར་མཛོད་ཅེས་ཞུས་པར།རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་བྲམ་ཟེ་རྒན་པོའི་རེ་བ་བསྐོངས་ནས་ནོར་བུ་དགོས་འདོད་དཔུང་འཇོམས་སྦྱིན་པར་བཏང་།གནས་ཚུལ་དེ་བདུད་བློན་ཏཱ་ར་མཛེས་ཀྱིས་ཡབ་རྒྱལ་པོའི་སྙན་དུ་གསོལ་ནས་ཡབ་རྒྱལ་པོ་དགོངས་པ་ཚད་མེད་འཁྲུགས་ཏེ་དྲི་མེད་ཀུན་ལྡན་ལ་ནོར་བུ་དགོས་འདོད་དཔུང་འཇོམས་དེ་ཀླུའི་རྒྱལ་མོས་སངས་རྒྱས་འོད་དཔག་མེད་ལ་ཕུལ་བ་དང་རྒྱལ་བ་འོད་དཔག་མེད་ཀྱིས་ཡབ་རྒྱལ་པོར་གནང་ཞིང་།རྒྱལ་པོའི་ཆབ་སྲིད་དཔལ་འབྱོར་མངའ་ཐང་རྒྱས་པ་འདི་ལས་བྱུང་བའི་རྒྱུ་མཚན་གསུངས་ནས་ནོར་བུ་སྦྱིན་པར་བཏང་པའི་ཉེས་ཆད་ལ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཅང་སྐེམ་སྐེམ་དུ་རྒྱང་འབུད་བཏང་སྟེ་མི་ལོ་བཅུ་གཉིས་རིང་བདུད་རི་ཧ་ཅང་ལ་སྡོད་དགོས་པའི་བཀའ་ཕབ།

རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་བཙུན་མོ་མནྡེ་བཟང་མོ་དང་ལྕམ་སྲིང་གསུམ་ཁྲིད་དེ་གཅན་གཟན་གདུག་པ་ཅན་གྱི་འཇིགས་པ་ཤིན་ཏུ་ཆེ་བའི་བདུད་རི་ཧ་ཅང་ལ་ཕེབས་པའི་ལམ་བར་དུ་བྲམ་ཟེ་གསུམ་འཕྲད་པ་དང་།བྲམ་ཟེས་རྒྱལ་བུའི་ལྕམ་སྲིང་གསུམ་པོ་སྦྱིན་པར་གནང་མཛོད་ཅེས་ཞུས་པར། རྒྱལ་བུ་རང་གི་སྙིང་ནས་གཅེས་པའི་ལྕམ་སྲིང་གསུམ་པོ་བྲམ་ཟེའི་གཡོག་ཏུ་སྦྱིན།དེ་ནས་ཕེབས་པའི་ལམ་བར་དུ་ཡང་བྲམ་ཟེ་གཉིས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་དྲུང་དུ་ཡོང་ནས་རྒྱལ་བུ་ལ་བདག་གཉིས་ལ་གཉེན་དང་འཁོར་གཡོག་མེད་ནས་རྒྱལ་བུ་ཉིད་ཀྱི་བཙུན་མོ་མནྡེ་བཟང་མོ་སྦྱིན་པར་གནང་བར་མཛོད་ཅེས་ཞུས་པར།རྒྱལ་བུས་ཐེ་ཚོམ་མེད་པར་རང་གི་བརྩེ་བའི་བཙུན་མོ་ཡང་བྲམ་ཟེ་གཉིས་ལ་སྦྱིན་པར་མཛད། དེ་ནས་རྒྱལ་བུ་གཅིག་པུ་ལམ་དུ་བྱོན་ནས་ཡུལ་འོད་འདུས་ཀླུང་ལ་ཕེབས་སྐབས་བྲམ་ཟེ་ལོང་བ་ཞིག་དང་འཕྲད་ནས་བྲམ་ཟེས་རྒྱལ་བུ་ཁྱོད་ཀྱི་སྤྱན་གཉིས་བདག་ལ་སྦྱིན་པར་མཛོད་ཅེས་ཞུས་པར།རྒྱས་བུས་དགྱེས་ཚོར་ཆེན་པོས། གཏོང་བར་དཀའ་བའི་མིག་གཉིས་ཁྱོད་ལ་སྦྱིན། ཁྱོད་བསམ་རྫོགས་ནས་སྲིད་གསུམ་མཐོང་བར་ཤོག་ཅེས་གསུངས་ནས་སྦྱིན་པར་མཛད།རྒྱལ་བུ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཅང་ལ་མི་ལོ་བཅུ་གཉིས་བཞུགས་རྒྱུའི་དུས་ཚོད་གཙང་སྟེ་ཕྱིར་ལོག་ཕེབས་སྐབས་སྔར་གྱི་བྲམ་ཟེ་རྣམས་ཀྱིས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་དཀར་མཛད་བཟང་ལ་ངོ་མཚར་ཤིན་ཏུ་སྐྱེས་ནས་ལྕམ་སྲིང་གསུམ་དང་བཙུན་མོ་མནྡེ་བཟང་མོ་རང་འཇགས་རྒྱལ་བུར་ཕུལ།རྒྱལ་བུའི་སྤྱན་གཉིས་ཀྱང་བདེན་པའི་མཐུས་སྔར་བཞིན་གསལ་བར་གྱུར། ཡུལ་བྱེ་མའི་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་བཙན་པོས་ཀྱང་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་ནོར་བུ་ཐམས་ཅད་རང་འཇགས་རྒྱལ་བུར་ཕུལ།བྷེ་ཏའི་ཡུལ་གྱི་རྒྱལ་བློན་འཁོར་འབངས་རྣམས་དཔག་ཚད་བདུན་གྱི་སར་རྒྱལ་བུ་དྲི་མེད་ཀུན་ལྡན་དང་།བཙུན་མོ་མནྡེ་བཟང་མོ། ལྕམ་སྲིང་གསུམ་བཅས་བསུ་བ་ཞུ་བར་བྱོན། དེ་ནས་ལོ་ལྔ་སོང་རྗེས་རྒྱལ་བུ་དྲི་མེད་ཀུན་ལྡན་དང་།བཙུན་མོ་མནྡེ་བཟང་མོ་ཡབ་ཡུམ་གཉིས་མེ་ཏོག་པདྨ་དམར་སེར་གཉིས་སུ་གྱུར། རྒྱལ་སྲིད་ནི་རྒྱལ་སྲས་གཉིས་ཀྱིས་སྔར་ལས་ལེགས་པར་སྐྱོང་ངོ་།།