ཕ་ཡུལ་གངས་ལྗོངས་དྲན་གླུ་མ་བཅོས་སེམས་ཀྱི་རི་མོ།།

519/545

བཙན་པོའི་གདོང་རྒྱུད་དེ་འཁྲུངས་ས།།

ཞི་བདེ་རྒྱ་མཚོ་ཡི་ཕ་ས།།

རིག་གཞུང་སློབ་གླིང་གི་མཛེས་ལྗོངས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

 

སྙིང་སྟོབས་ལྷ་ལམ་ན་ལྡང་བའི།།

ཕུགས་བསམ་གཞིས་འཛོམ་དེ་སྒུག་པའི།།

བརྩེ་དུང་ཕ་ས་ལ་འཁྱིལ་བའི།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

 

དཔའ་བོ་སྟག་རྒོད་དེ་བཞུགས་ས།།

དཔའ་མོ་འབྲོང་ངར་དེ་ཆེ་ས།།

ལར་ཞེན་སེམས་ཁོང་ན་འཁྱིལ་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

རེ་བཞག་སྲོང་བཙན་གྱི་ཕ་ས།།

ཡ་མེས་བང་སོ་ཡི་བཙན་རྫོང་།།

ལྷོ་ཁའི་གཙང་གཞུང་ན་བཞུགས་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཕ་མཁར་ཕོ་བྲང་གི་སྙིང་སྟོབས།།

དམར་པོའི་རི་རྩེ་ནས་འགྱེང་ས།།

སྐྱིད་ཆུའི་དཔའ་གླུ་དེ་ལེན་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ལོ་རྒྱུས་རྡོ་རིང་གི་མགོ་འཕང་།།

སྤྲིན་དཀར་བང་རིམ་ན་འགྱེང་བའི།།

སྙན་པའི་གྲགས་དཀར་དེ་རྒྱས་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཆོལ་གསུམ་གདོང་རྒྱུད་ཀྱི་རིགས་རུས།།

སྙིང་སྟོབས་མུན་ལྗོངས་ན་མཆེད་པའི།།

ཡ་མེད་དཔའ་རྒོད་ཀྱི་ཞིང་ཁམས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

སྐྱིད་སྡུག་མཉམ་གཤིབ་དེ་བྱེད་ས།།

མིག་ཆུ་མཉམ་གཏོང་དེ་བྱེད་ས།།

མེས་པོའི་དཔའ་མཁར་དེ་སྦྱང་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཆོལ་གསུམ་དཔུང་རྡང་གི་མདུད་པ།།

འགྱུར་མེད་སེམས་ཁོང་ན་ཕབ་པའི།།

མཐུན་སྒྲིལ་འོང་སྣང་དེ་འཚེར་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཞི་བདེ་རྒྱ་མཚོ་ཡི་མགོན་དཔུང་།།

ཕ་ཡུལ་བོད་ལྗོངས་ནས་འཁྲུངས་ས།།

སྤྱན་གཟིགས་འཕགས་མཆོག་གི་ཞིང་ཁམས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཕ་རྒན་བྱམས་ཆེན་གྱི་དུང་བ།།

མ་རྒན་འགྲེས་པོ་ཡི་སྙིང་གཏམ།།

སེམས་ཁམས་ཁྲག་རྒྱུན་ན་བཞུར་བའི།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

ཡབ་ཆེན་པད་དཀར་གྱི་ཕོ་བྲང་།།

ཡུམ་ཆེན་རྒྱལ་སྟག་གི་ཕ་ས།།

བུ་རྒྱུད་ཤེས་འཇོན་དེ་ལྡན་ས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

རྒྱལ་སྟག་དར་མ་ཡི་ཕ་ས།།

སྟག་སེང་ཁ་སྤྲོད་ཀྱི་ལུང་པ།།

ཆོལ་གསུམ་སྤུན་ཟླ་ཡི་བཞུགས་གནས།།

ཕ་ཡུལ་གངས་ལྗོངས་དེ་དྲན་སོང་།།

རྒྱང་རིང་ཁྲི་ཕྲག་དེ་བརྒལ་ཀྱང།།

ལེ་བར་འབུམ་ཕྲག་གི་མཚམས་སུ།།

ཕ་ཡུལ་ལུང་པ་དེ་བརྗེད་མེད།།

རང་ཡུལ་སེམས་ཁོང་ནས་སྒོམ་ཡོད།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་ཀང་ར་རྫོང་ནས་རྩིས་འཕྲུལ་འཆར་སྒམ་ངོས་སུ་ཁ་ཐུག་ལ་བྲིས་སོ།། ༢༠༡༢ ༩ ༩