ཚེ་ཐར་གྱི་ཕན་ཡོན། མཁན་རིན་པོ་ཆེ་རྒྱ་མཚོ་ནོར་བུ༎

515/545

སྲོག་གཅོད་སྤང་ནས་ཚེ་ཐར་གཏོང་བའི་དགེ་བ་འདི་དགེ་བ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་ཏེ།  འཆི་ངེས་པའི་སེམས་ཅན་སྲོག་ཆགས་ཆེ་ཆུང་ཚང་མ་ལ་བྱམས་སྙིང་རྗེས་ཀུན་ནས་སློང་སྟེ། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག། གསུངས་པའི་མན་ངག་དེ་ཉིད་ཐུགས་ལ་འཆང་ཞིང༌། གཅིག་ནས་ཉམ་ཐག་སེམས་ཅན་དེ་རྣམས་རང་གི་ངོ་མི་ཤེས་པ་མ་གཏོགས་སྐྱེ་བ་སྔོན་མའི་ཕ་མ་ཡིན་བསམ་རྒྱུ་དང༌། གཉིས་ནས་དེ་དག་གིས་ལས་ངན་ཅི་འདྲ་བསགས་ནས། ལུས་ངན་འདི་བླངས་འདུག་ཤ་ཚ་སྙིང་རྗེ་བསམ་རྒྱུ་དང༌། གསུམ་ནས་ཁོ་ཚོ་ཡང་སྔོན་མ་ང་ཚོ་འདྲ་བ་བྱས་ནས་སོང་ཡོད་ལ་ང་ཡང་སྐྱེ་བ་ཕྱི་མ་འདི་འདྲ་སྐྱེས་ན་ཅི་བྱེད་སྙམ་ནས་སྐྱོ་ཤེས་ངེས་འབྱུང་ཕྲན་ཙམ་ཨི་སྐྱེ་བལྟ་ནས་ཚེ་ཐར་གཏོང་གང་ཐུབ་བྱ་དགོས།      དེ་ལྟར་བྱས་ན་སངས་རྒྱས་ལ་མཆོད་པ་མཆོག་ཏུ་གྱུར་པ་ཡིན་ཏེ།   སངས་རྒྱས་ནི་སེམས་ཅན་ཐམས་ཅད་ལ་ཕ་མའི་བརྩེ་བ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་བྱམས་སྙིང་རྗེའི་མངའ་བདག་ཡིན་པས་དེ་ལ་དེ་སྲོག་སྐྱོབ་པ་ལས་དགའ་སྤྲོ་ཆེ་བ་ཞིག་ཅི་ཡོད། སེམས་ཅན་ལ་སྦྱིན་པ་མཆོག་ཏུ་གྱུར་པ་ཡིན་ཏེ་འཇིག་རྟེན་ཁམས་ཀྱི་རྒྱུ་དངོས་ཐམས་ཅད་ནང་རང་གི་ཚེ་སྲོག་ལས་ལྷག་པའི་རྒྱུ་དངོས་ཞིག་མེད་པས། དེ་སྲོག་སྐྱོབ་པ་ལས་བཟང་བ་ཞིག་ཅི་ཡོད། དགེ་བ་སྒྲུབ་ཟེར་ན་དངོས་ཤུགས་བརྒྱུད་གསུམ་གྱིས་སེམས་ཅན་ཀུན་ལ་གནོད་འཚེ་སྤངས་ནས་གཞན་ཕན་སྒྲུབ་རྒྱུ་དེ་རང་གི་ཆེད་ལས་ཀྱི་བྱ་བ་དེ་ཡིན་ཏེ། སྟོན་པ་གཤེན་རབ་མི་བོས།

ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། གཅིག་གསོད་གཅིག་གསོ་བྱ་བའི་བོན་ནི་བདག་གི་མི་ཤེས་སོ།   དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ། ཞེས་གསུངས་ཡོད་ཀྱང༌།   ད་སྐབས་སྤྱི་ཚོགས་ཐོག་གི་དགེ་བྱེད་པ་ཕལ་ཆེ་བ་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བའི་དཔེ་བཞིན། རྟེན་བཞེངས་ཞལ་འདེབས། གསོན་གཤིན་དགེ་རྩའི་ཆེད་དུ་ཕུལ་བའི་ཟོག་ལུག་སེམས་ཅན་བརྒྱ་སྟོང་མང་པོ་སྡིག་ཅན་ཤན་པའི་ལག་ཏུ་བཞག་ཏེ་མགོ་བོ་ལོ་ཡག་གི་སྙེ་མ་བཞིན་བྲེག་སྟེ། དམར་ཐར་རེ་བསད་པའི་འབྲས་བུར་མི་དགེ་སྡིག་བཅུའི་རང་གཟུགས་ལྷ་སྐུ་དང་རྟེན་བཞེངས་ཀྱི་རྣམ་པ་ཤར་བ།   བདུད་རྗེ་ཁྱབ་པའི་གཤེན་ལྷ་འོད་དཀར་སྤྲུལ་པ་བཞིན།   ནང་ལ་སྐུ་གསུང་ཐུགས་རྟེན། ཕྱི་ལ་གསེར་ཁྲི་རྒྱ་ཕེབ་ལུང་པ་དམར་སེར་ཉིལ་ལེ་ཡོང་བ་བཞེངས་པ་ཡང༌།    དོན་ལ་མཆོད་རྟེན་བཞེངས་པའི་ཕན་ཡོན་ལས།  འབུ་སྲིན་བསད་པའི་སྡིག་པ་ཆེ་ཟེར་བ་ལྟར། བསམ་ཤེས་ཅན་ལྟ་ཅི།རྨོངས་པ་ཞིག་གིས་ལྟས་ནའང་ལོག་ལྟ་སྐྱེ་བའི་རྒྱུ་རུ་འགྱུར་རོ། ངས་བལྟས་ན་རྟེན་བཞེངས་བས། སྲོག་བཞེངས་བྱས་ན་དགེ་བ་ཕན་ཡོན་ཆེ་བ་ནི་གཞན་སུ་ལ་འདྲི་མི་དགོས་པ་རང་གིས་རང་ལ་དྲི་བ་ཞིག་གྱིས་དང་ཤེས་ཏེ།  དཔེར་ན། ཁྱོད་བསད་དེ་ཤ་ཁྲག་པགས་པ་གཙོང་རིན་གྱིས་སྐུ་གསུང་ཐུགས་རྟེན་བཞེངས།   ཞི་ཁྲོ་ཀུན་རིག་འདོན་འོངས་ཟེར་ན་དེ་གཉིས་སུ་དགའ་སོམ་དང་ཤེས། དེང་སང་རྨོངས་པ་ཁ་ཤས་གྱིས། གསོན་གཤིན་གྱི་དགེ་རྩའི་ཆེད་དུ་སེམས་ཅན་བཤས་གཙོང་བྱེད་ནས། དེ་དག་གི་རྒྱུ་རྩ་ལས་བྱུང་བའི་མར་མེ་ཕུལ་ན་ཕ་མའི་རྐང་ཚིལ་གྱིས་མར་མེ་སྤར་བ་དང་འདྲ་ལ། ཀུན་རིག་གསེར་དངུལ་གྱིས་བྲི་ནའང་ཕ་མའི་ཁྲག་གིས་བྲིས་པ་དང་ཁྱད་མེད་པས་ཚེ་འདས་ལ་ཕན་པ་ལས་གནོད་ཚབས་ཆེ་བས་སྤངས་དགོས། ཚེ་ཐར་གཏོང་ལུགས་མཆོག་ཏུ་གྱུར་པ་ནི། ཤ་རིགས་ཐམས་ཅད་སྤངས་ཐུབ་ན་དེ་ཡིན། ཡང་ན་ཐམས་ཅད་སྤངས་མ་ཐུབ་ན། བྱ་ཕག་ཉ་ཤ་དང༌། སྦལ་སྦྲུལ་སྡིག་སྲིན་གཅན་གཟན་རི་དགས་སོགས་ཀྱི་ཤ་ཁྲག་གཏན་ནས་སྤངས་ཐུབ་ན་རང་ངོས་ནས་དེ་ཚོ་ཚང་མ་ཚེ་ཐར་གཏོང་བ་དང་ཁྱད་མེད་དེ། སྲོག་མ་བཅད་ན་ཤ་ཟ་རྒྱུ་མེད། ཤ་ཟོས་ཚར་ནས་བཟུང་དངོས་ཤུགས་བརྒྱུད་གསུམ་ནས་སྲོག་གཅོད་ཀྱི་སྡིག་པ་ལ་འབག་པ་ཡིན་པས། ཚེ་ཐར་མཆོག་ཏུ་གྱུར་པ་དང༌། རྒྱ་ཆེ་བ་གྲངས་མང་བ་ཤ་མི་ཟ་བ་སྤོངས་ཐུབ་པ་དེ་ཡིནཔས། ཁྱེད་རྣམ་པས། རབ་ན་ཚེ་གཅིག དེ་མིན་ལོ་དང་ཟླ་བ།ཡང་ན་ཚེས་བཟང་དུས་བཟང་ལ་སྤོངས་རྒྱུ་དང༌། ཁྱད་པ་དུ་བླ་མ་སློབ་དཔོན་དང་ཕ་མ་སྤུན་མཆེད། བཟའ་ཟླ་བུ་ཕྲུག་སོགས་ལ་དགའ་དད་བརྩེ་གདུང་ཡོད་ན།   ཤི་བས་རྗེས་སུ་སྡུག་བསྔལ་བྱེད་པས་མི་ཕན་པ།   རང་གིས་ཐུབ་ཚོད་ཀྱི་དྲིན་ལས་ཡང་དག་ཅིག་བསབ་དྲན་ན་དེ་དག་གི་ཆེད་དུ་བསྔོ་ནས། ཞག་བརྒྱ་ཞེ་དགུ་སོགས་ལ་ཤ་ཆང་ཐ་མ་སྣ་ཐལ་གཅོད་དེ་སྙིང་པོ་རྣམ་གསུམ་གཙོས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་བྱེད་རྒྱུ་དང་བསྙེན་སྙུང་སྡོམ་པ་སྲུང་རྒྱུ་སོགས། ཞག་གསུམ་ཞེ་དགུ་ཀུན་རིག་དུས་དྲན་གྱི་བྱང་བུ་སྐབས་སུ་ཁས་ལེན་དམ་བཅའ་ཞུ་དགོས།