སེང་རྡོར་སྙན་ངག་ཁག་གཉིས།

510/545

༄༅།།བར་དོའི་བརྡ་སྤྲོད།
སེམས་ལ་རྡོ་ཕུང་ཉིལ་བ་དེ། །སྐད་ཆ་མེ་ཡིས་བསྐོར་བ་དེ། །གྲིབ་མས་ནམ་མཁར་ཁྱབ་པ་དེ། །ཁྲེས་པོ་དུག་གིས་བཀང་བ་དེ། །ཚོས་ཀྱིས་བྱུགས་པའི་མགོ་བོ་ཡིན། །གུ་ཡངས་མེད་པའི་འཆི་བ་ཡིན། །ཁ་བ་ཟ་བའི་རླུང་བུ་ཡིན། །ཆོམ་པོ་ཚེ་རིང་རྒྱ་མཚོ་ཡིན། །དེ་ལྟར་ཆིག་ལབ་ཟློ་བའི་དུས། །སྨུག་པ་དཀར་པོའི་རྒྱབ་ཡོལ་བཅས། །དབྱངས་ཅན་མ་ནི་གྱང་ངོར་ཤར། །བུ་བུ་རྣ་བ་བློགས་ཤིག་གསུངས། །༼ཆུ་གཏེར་བྱེ་བ་ཕྲག་བརྒྱ་ལས། །ཆུ་བུར་བྱེ་བ་ཕྲག་བརྒྱ་ལངས། །འགྲོ་བ་བྱེ་བ་ཕྲག་བརྒྱ་ལ། །འཆར་སྒོ་བྱེ་བ་ཕྲག་བརྒྱ་འབྱུང་། །༽དེ་སྐད་ཐོས་པས་རྩྭ་གསེབ་ནས། །ཆུ་ཕྲན་དྭངས་མོ་གློ་བུར་གྲོལ། །རི་རྩེའི་སྐྱིན་ཐང་སྐད་ཅིག་བྱུང་། །གློག་དང་ཆུ་ཡི་འདབ་མ་རྒྱས། ། ༢༠༡༣།༩།༥།

༄༅།།ལྕེ་གཅོག་ཐུབ་པའི་ཚིག
ངས་རང་གི་ཉལ་ཁང་ནང་གི། །ཅ་ལག་ག་གེ་མོའི་རྒྱབ་ཏུ། །སྐད་རིགས་གྲངས་མེད་པ་ཤེས་པའི། །རྨ་བྱ་ཞིག་བསྐུངས་ཡོད་པར་འདོད། །ལྷ་སྒྲུང་གི་ལུང་གིས་བསྟན་པའི། །རྨ་བྱ་དེ་འཕུར་གྲབས་བྱེད་དུས། །ང་ནི་སྦྱར་དུག་གིས་ཟིན་ཏེ། །ལག་པ་འདར་འདར་བྱེད་ངེས་མོད། །ཆུང་མ་ཡི་བསམ་གཏན་དཀྲོགས་པའི། །རྨ་བྱ་ཁྲ་ལང་ལིང་བ་དེ། །ཁྱོད་རང་ཚོས་མཐོང་མྱོང་མེད་དེ། །ངའི་སྐྱེ་བ་གཞུག་མའི་བླ་བྱའོ། ། ༢༠༡༣།༩།༣།