ལུས་བདེ་སེམས་སྡུག་གི་མི་ཚེ་འདི་ཇི་ལྟར་སྐྱེལ་ཨང་། ར་རྫ་འཇམ་དབྱངས་སྐྱིད།

507/545

—བུད་མེད་ཅིག་གི་མྱོང་རབས་དངོས་བྲིས།

ད་རེས་གོ་སྐབས་འདི་སྤྱད་ནས་བོད་ཀྱི་བུ་མོ་རྣམས་ལ།ཁྱོད་ནི་འཚོ་མགོ་མི་ཐོན་པ་ཞིག་ཡིན་རུང་།རྒྱ་མི་དེ་ནི་ཅི་འདྲའི་འཇོན་ཐང་ཅན་ཞིག་ཡིན་ཡང་། ཁྱེད་རང་ཁོ་ལ་སེམས་པ་ཇི་ལྟར་ཤོར་རུང་།ནང་མིས་ཁྱོད་རང་སྐྱིད་པའི་ཕྱིར་དུ་ཡིན་ཞེས་ཁ་ཏ་ཇི་འདྲ་བྱས་ཀྱང་།རྒྱ་མི་ཞིག་གི་བཟའ་ཟླ་གཏན་ནས་བྱེད་མི་ཉན། གལ་ཏེ་བྱས་ན།ཁྱོད་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེ་སྲིད། ངས་དེ་ལྟར་ཚིག་ཐག་ཆོད་པོས་བཤད་དོན།རང་ཉིད་ཀྱི་བཟའ་ཟླ་རྒྱ་མི་ཞིག་ཡིན་ཞིང་དེ་ཐད་ཉམས་མྱོང་ཡོད་པས་ཡིན།

དེ་ཡང་། ངའི་མིང་ལ་འོད་དཀར་མཚོ་མོ1ཟེར་ཞིང་།ཕ་ཡུལ་བྲག་དཀར་རྫོང་མཁར་ནས་སྤྱི་ལེ་བདུན་བརྒྱད་ལས་མེད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ནས་ཡིན།ང་རང་ཆུང་ཆུང་ཡིན་དུས།དུད་ཁྱིམ་སུམ་བཅུ་ལྷག་གིས་གྲུབ་པའི་གྲོང་ཚོ་དེ་རུ་བུ་ཚ་ཚོ་མ་གཏོགས། བུ་མོ་གཅིག་ཀྱང་སློབ་གྲྭར་གཏོང་གི་མི་འདུགང་ཡང་སློབ་གྲྭ་མིག་གིས་མཐོང་མྱོང་མེད་པའི་སྐལ་ཆད་བུ་མོ་རྣམས་ཀྱི་ལས་དབང་གི་ཆོན་ཐག་ལ་བཏགས་པའི་ཉམ་ཐག་གི་བུ་མོ་ཞིག་ཡིན།ང་ཚོའི་ས་འདིར་བྱིས་པ་སློབ་གྲྭར་གཏོང་མིན་དང་བུ་མོ་མནའ་མར་སྟེར་མིན་སོགས་དོན་དག་གལ་ཆེན་ཐག་གཅོད་མཁན་ཨ་ཕ་ཡིན།ང་ལྷན་སྐྱེས་སུ་མིག་གཉིས་ཧ་ཅང་ཆུང་ཞིང་སྐྱེས་འབྲས་མི་ལེགས་པ་ཞིག་ཡིན་གཤིས།ཨ་ཕས་བོད་ཀྱི་བཟའ་ཟླ་ཞིག་རྙེད་དཀའ་རྒྱུ་རེད་བསམས་ནས།མོ་ལོ་བཅོ་བརྒྱད་ལ་ལོན་པའི་ལོ་དེར། ཕ་ཡུལ་སྟོང་སྐོར་རྫོང2ནས་ཡིན་ཞིང་།བྲག་དཀར་རྫོང་ཐོག་ཏུ་ལྕགས་མགར་ཚོང་ཁང་ཞིག་གཉེར་བཞིན་པའི། ངའི་ཕ་རྒན་གྱི་ངོ་ཤེས་རྒྱ་མི་ཞིག་ཡོད་པ་དེ་ངའི་མག་པར་བཞགཁོ་ཚོས་རྒྱ་མི་དེར་ལག་ཤེས་ཡོད་པས་ངའི་འཚོ་བར་དཀའ་ངལ་འབྱུང་གི་མ་རེད་ལ།རྒྱ་མིས་རང་གི་ཆུང་མར་བྱམས་པོའང་བྱེད་གི་རེད་ཅེས་ཁ་ཏ་བྱས།ང་རང་མ་གཞི་ནས་སྐྱེས་འབྲས་ཞན་པའི་བུ་མོ་ཞིག་ཡིན་པས།ཁོ་ཚོའི་སྐད་ཆར་གནས་ལུགས་མེད་པ་མ་རེད་འདོད། དེ་ནས་བཟུང་།ངས་ཁྱིམ་གཞིས་ཆུང་ཆུང་དེ་ནས་འཚོ་བ་སྐྱེལ་འགོ་བརྩམས།དང་ཐོག་ཁོས་ང་ལ་དམའ་འབེབ་སོགས་གང་ཡང་བྱེད་ཀྱི་མི་འདུགའཚོ་བ་རྒྱུན་ལྡན་ངང་སྐྱེལ་བཞིན་ལོ་འཁོར་བརྒྱད་ཙམ་ཁད་ཀྱིས་འདས།

རང་ལོ27ལ་སོན་པའི་ལོ་དེར་ཁྱོ་གའི་འཆར་གཞི་ལྟར་མངལ་སྦྲུམ་ཞིང་ཕྲུ་གུ་བུ་མོ་ཞིག་སྐྱེས།ཕྲུ་གུ་སྐྱེས་རྗེས་བྱིས་པར་བདག་སྐྱོང་གི་ཞོར་ལ་སྔར་རྒྱུན་ལྟར་ཁྱིམ་ལས་ཙག་ཙིག་བྱས་ནས་བསྡད།ཉི་མ་རེ་རེར་ལྷག་བསམ་རྣམ་དག་གིས་ཁྱིམ་ཚང་ལ་ཞབས་ཞུ་བསྒྲུབས་ཤིང་སྒྲུབ་བཞིན་ཡོང་།ང་ནི་ཁྱིམ་ལས་རྐྱང་རྐྱང་ནང་མགོ་འཁོར་ཏེ་རང་གིས་ཡོང་སྒོ་བཙལ་རྒྱུའང་རྒྱུད་ལ་དྲན་མྱོང་མེད།དེ་ལྟར་ཡང་། ང་ལ་ནི་ནང་ཚང་གི་སྒོར་མོར་བདག་པོ་རྒྱག་པའི་དབང་ཆ་ཡེ་ནས་མེད།ངའི་ལག་ཏུ་སྒོར་རྡོག་གཅིག་མེད་པའི་དུས་ཀྱང་མང་པོ་ཡོད།བུ་མོ་སྐྱེས་ནས་ལོ་གཅིག་ཙམ་འདས་རྗེས།ཁྱོ་གའི་གཤིས་སྤྱོད་སྔར་སོ་ནས་མ་བསྡད་པར་ཇེ་ངན་ཇེ་སྡུག་ཏུ་ཕྱིན།

བྲག་དཀར་རྫོང་གི་འབྲོག་པ་ཚོ་ཕྱུག་པོ་ཡིན་གཤིས།ཁྱོ་གའི་ལྕགས་མགར་ཚོང་ཁང་གི་ཚོང་ཁ་རྒྱུགས་ཤིང་།ངེད་གཉིས་ཁྱིམ་ཐབ་བྱས་པའི་ལོ་བཅུའི་ནང་ཁོ་རང་བལྟས་བལྟས་རིག་རིག་ལ་ཕྱུག་པོར་ཆགས།རྫོང་མཁར་དེ་ནས་ས་ཟིན་རྐང་ཟུག་པ་དང་བསྟུན་ནས།ཁོའི་འབྱུང་གཤིས་ངན་པའང་ལྷང་ལ་བུད་ནས་ཡོང་། ཁོས་བྲག་དཀར་རྫོང་གི་ང་ཚོའི་ཁང་རྙིང་ལ་ཞིག་གསོ་གང་ཡང་མི་བྱེད་ཅིང་།ཁོ་རང་གི་ཕ་ཡུལ་སྟོང་སྐོར་རྫོང་མཁར་ནས་ཁང་པ་གསར་པ་ཞིག་ཉོས།དེ་ནས་ཁྱིམ་ཐོའི་བདག་པོ་སྟེ་ངའི་མིང་ཁོ་རང་གི་མིང་ལ་བརྗེས།བུ་མོའི་སྔར་གྱི་བོད་མིང་ཡང་རྒྱ་མིང་དུ་བསྒྱུར། ད་དུང་།ང་མོས་མཐུན་མེད་པ་སྣང་མེད་དུ་གཡུགས་ཏེ། བུ་མོ་བཙན་ཤེད་ཀྱིས་རྒྱ་ཡིག་སློབ་གྲྭ་རུ་བཞག

དེ་ཡང་། བུ་མོ་སློབ་ལོ་རན་ལ་ཡོད་དུས།ངས་ཁོ་ལ་ཞུ་བ་བྱས་མཐར3།བུ་མོ་བོད་ཡིག་སློབ་གྲྭར་འཇོག་པར་ཁོ་ཡང་མོས་མཐུན་ཙམ་བྱུང་ཡོད།སློབ་འགོ་རྩོམ་པའི་ཉིན་མོ་དེར།ངེད་གཉིས་ཀྱིས་བུ་མོ་ཁྲིད་དེ་བྲག་དཀར་རྫོང་ཐོག་བོད་ཡིག་སློབ་ཆུང་གི་སྒོ་རའི་ནང་དུ་སླེབས་ནས་ཅུང་མ་འགོར་བར་ཁོའི་བློ་ཁ་འགྱུར་བའམ།ཡང་ན་སྔར་ནས་འཆར་གཞི་ཡོད་པ་གང་ཡིན་མ་ངེས་ཀྱང་།གང་ལྟར་ང་ལ་ཚིག་གསུམ་བཤད་དབང་མེད་པར་བུ་མོ་ཉེ་འཁྲིས་ཀྱི་རྒྱ་ཡིག་སློབ་གྲྭར་བཞགརིམ་གྱིས་ཁོས་བུ་མོའི་བོད་སྐད་བཤད་པའི་རང་དབང་ཡང་ཕྲོགས།ངས་རང་གི་བུ་མོར་བོད་མིང་ནས་བོས་ན་ཁོ་མི་དགའ་ལ།བུ་མོ་ངེད་གཉིས་ཀྱིས་ཕན་ཚུན་ལ་བོད་སྐད་བཤད་སྐབས་ཁོ་ཁྱིམ་དུ་ཡོང་བ་ཡིན་ན།བུ་མོ་སྐྲག་ཐག་ཆོད་ནས་བོད་སྐད་ད་མ་དིག་དེའང་ཁ་ནས་ཆད་འགྲོ།ང་ལ་ཡང་རང་ཁྱིམ་དུ་བོད་སྐད་བཤད་པའི་ཐོབ་ཐང་མེད་པར་བཟོས།བོད་ལྭ་གྱོན་ན་ཁོས་སྡིགས་མོ་བྱེད་ཅིང་། ཕྱག་འཚལ་ཁ་ཏོན་བྱས་ན་ཁོས་མར་ཞད་དུ་གཅོད།ང་རང་དགོན་པར་མཆོད་མཇལ་ལ་འགྲོ་བར་ཡང་ཁོས་ཚད་བཀག་བྱེད།བོད་མིར་འབྲེལ་བ་བྱས་ན་ཁོ་མི་དགའ།དེ་ལྟར་ཁྱིམ་ཚང་གི་འགྲོ་ལུགས་འདུག་སྟངས་ཡོད་ཚད་ལ་ཁོ་གཅིག་པུས་ཁ་ལོ་མགོ་ལོ་བསྒྱུར།

བུ་མོས་ཡི་གེ་འདྲ་མ་ཤེས་པའམ་སྦྱོང་ཚན་རེ་འབྲི་མ་ཤེས་ཚེ།བོད་ཀྱི་རྒྱུད་པ་ཡིན་པས་རིག་པ་རྟུལ་བོ་ཡིན་པ་རེད་ཟེར།བུ་མོས་ལྭ་བ་བཙོག་པོར་བཟོས་ན་བོད་ཀྱི་རྒྱུད་པ་ཡིན་པས་གཙང་བཙོག་ཡོད་པ་མ་རེད་ཟེར།བུ་མོར་ཁ་ཆུ་སྣ་ཆུ་ལུག་ན་བོད་ཀྱི་རྒྱུད་པ་ཡིན་པས་རེད་ཟེར། ད་དུང་།བུ་མོ་ཡག་པོ་མི་ཡོང་བར་ཁག་ཅི་ཡོད།མོའི་ཨ་མ་དུད་འགྲོ་ཟོག་དང་འདྲ་བར་རང་མགོའང་ཐོན་གི་མེད། ཅེས་སྣང་ཆུང་ཚད་མེད་བྱེད།ཁོས།བུ་མོའི་ལུས་ནས་སྐྱོན་ཆ་དང་མི་ལེགས་པ་མཐོང་ཚད་བོད་ཀྱི་སྐྱོན་དུ་ངོས་འཛིན་བྱེད་ཅིང་།སྣང་བརྙན་མི་ལེགས་ཤིང་རྣམ་པ་མི་མཛེས་པ་ཡོད་དོ་ཅོག་གི་དཔེ་ལ་བོད་ཁོ་ན་འཇོགབརྙན་འཕྲིན་ལས་ཨ་ཧྥེ་རི་ཁའི་མི་རིགས་མཐོང་ན། བུ་མོ་ལྟོས་དང་། འདི་ཡང་བོད་དང་ཨ་ན་མ་ན་རྗེས་ལུས་ཡིན་པ་རེད།ཡིན་ཡང་། ཁྱོད་བོད་མ་རེད་ང་ཚོ་རྒྱ་རེད་ཟེར།ཆུང་དུས་ནས་དེ་ལྟའི་སློབ་གསོ་རྐྱང་རྐྱང་བརྒྱབ་ཡོང་སྟབས།ད་ལྟ་ཡོད་ཚད་ཁོའི་འདོད་ཐོག་ལ་བབ་འདུག བུ་མོས། ང་རྒྱ་ཡིན། ངའི་ཨ་མ་བོད་རེད།ཅེས་རང་གི་རུས་རྒྱུད་ཕྱེད་ཀ་བོད་ཡིན་པ་དེ་ལའང་ངོ་གནོང་བ་ཞིག་ཏུ་གྱུར་འདུགངས་བུ་མོར་ཁྱོད་བོད་རེད་ཅེས་ནན་བཤད་བྱས་ན། བུ་མོས། ཨ་ཕས་བཤད་པ་བདེན་འདུགཁྱོད་ཀྱི་བྱེད་སྟངས་ཀྱང་དུད་འགྲོ་འདྲ་བོ་རེད། ཨ་ཕས་ང་ལ་བཙན་ཤེད་བྱེད་གི་མི་འདུགང་རྒྱ་ཡིན། བོད་གཏན་ནས་མིན་ཟེར།

གཉེན་ཉེ་ཚོ་ངའི་ནང་དུ་ཡོང་ན་ཁྱོ་གས་མ་དགའ་བའི་མདོག་རྐྱང་རྐྱང་སྟོན།ངས་ཤ་ཉེ་ཚོ་ལ་ཟ་མ་རེ་བཟོས་ནས་བླུད་ནའང་། ཁོས།ཁྱོད་ཚང་ལ་ཉ་གེ་ཉོག་གེ་ཡོང་ནས་ཚར་རྒྱུ་མི་འདུགདེ་ཚོ་ཡོང་ན་ཁྱོད་ཀྱིས་ནང་གི་ཡོད་ཡོད་གཉིས་ཀ་བཟོས་ཏེ་བླུད་འཇོགསྡུག་དག་ནས་སྒོར་མོ་འཚོལ་མཁན་ཁྱོད་མ་རེད་ང་རེད། ཕྱིན་ཆད་དེ་འདྲ་བྱས་མི་ཆོགཟ་རྐྱང་འཐུང་རྐྱང་མ་གཏོགས་མི་ཐུབ་པའི་མི་ཞིག་གིས།སྒོར་མོ་བཙལ་ནས་ཁྱིམ་ཁ་གསོ་བའི་མི་ཡི་དཀའ་ངལ་ཇི་ལྟར་ཤེས། ཤེས་སྲིད་གི་མ་རེད།ཁྱོད་ཚོ་བོད་པ་ནི། མ་གཞི་ནས་དུད་འགྲོ་ཟོག་འདྲ་བ་ཤ་སྟག་ཡིན་པས།མི་ཤེས་པ་ལའང་ཁག་མེད་ཟེར། ཐེངས་ཤིག་བཟའ་འཁོན་བྱེད་དུས། ཁོས་ང་ལ། ཨ་གསོ་ཕག་མ།ཟེར་ནས་ཟ་མ་ཟོས་པའི་ཁ་རིན་ཡང་བརྩིས་མྱོང་། ངས་ཟ་མ་ཟ་དུས་ཤེལ་ཕོར་བསློགས་པའམ།ཡང་ན་ཕར་འགྲོ་ཚུར་ཡོང་སྐབས་རྡོ་སོལ་འཇོག་སྣོད་དང་ཅ་དངོས་གང་ཞིག་ལ་རྡོག་སྣེ་ཐོགས་པ་ཡིན་ན།ཡང་། དུད་འགྲོ་རེད་མོད་ཁག་ཡོད་པ་མ་རེད།དུད་འགྲོ་ཞིག་ལ་བསླབས་ཀྱང་ཤེས་གི་མ་རེད་ཟེར།

གང་ལྟར།མི་ཞིག་གིས་དོན་དག་ཆུང་ཆུང་ཞིག་བཟོས་ཀྱང་ཁོའི་སྣང་ངོར་སྐྱོན་ཆ་ཆེན་པོ་རུ་གྱུར་འགྲོ།ལྟོས་དང་གན་ཡང་བོད་ཀྱི་ལས་ཕྱོགས་རེད།འདི་ཡང་བོད་ཀྱི་བྱེད་སྲོལ་རེད་ཟེར་ནས་མཚམས་མི་འཇོགཁྲོམ་སྲང་ན་བོད་ཀྱི་སྐྱེས་པ་ཚོ་བག་ཡངས་ངང་སྡོད་པ་མཐོང་ན། ཁོས།ཁྱོད་ཚོ་བོད་ནི་རིག་གནས་སློབ་རྒྱུར་མི་དགའ། ཡོང་སྒོ་བཙལ་རྒྱུར་མི་དགའ། ལས་ཀ་བྱེད་རྒྱུར་མི་དགའ།རང་མགོ་ག་ལ་ཐོན་ཏེ་ཐོན་གི་ཡང་མི་འདུག ཟེར་ནས་སྣ་དགོད་བྱེད་ཅིང་ང་ལ་མཚང་འདྲུ།ད་དུང་། ཁྱོད་ཀྱིས་བོད་དང་བོད་ཟེར་ནས་ཞེན་ཆགས་ཆེ་མདོག་སྟོན་གི་འདུགབོད་ཀྱི་སྐྱེས་པ་ཞིག་དང་མཉམ་དུ་སྡོད་དང་།ཟས་རང་འགྲུབ་གོས་རང་འགྲུབ་ཀྱི་འཚོ་བ་སྐྱིད་པོ་འདི་འདྲ་རོལ་ཐུབ་བམ།བོད་ཀྱི་ཁྱོ་ག་ཚོས་བོང་བུ་འདེད་འདེད་བྱས་ཏེ་ལས་གང་ལྕི་གང་སྡུག་ཚང་མ་ཁྱོད་ཀྱི་གཉའ་ལ་འགེལ་གི་རེད།བོད་པ་ཚོས། ཟུར་མོ་ཟུར་ཕོ་བཙལ་རྒྱུ་དང་། གཞན་གྱི་བཟའ་ཚང་ཁ་ཁར་གཏོར་རྒྱུ།ལེ་ལོ་སྙོམ་ལས་མིན་པ་ཅི་ཤེས། ཞེས་བར་མ་ཆད་པར་ང་ལ་སྙད་རྐོ།སྐྱེས་མ་ཞིག་གིས་སྲང་ལམ་ནས་འགྲོ་ཞོར་ཁ་པར་རྒྱག་པའམ།ཡང་ན་ཁ་པར་ལ་ཅེར་འདུག་པ་མཐོང་ན། ཁྱོད་ཚོས་ལྟོས་དང་། བོད་ཀྱི་བུད་མེད་ཚོས།ཡག་རྐྱང་རྐྱང་བཏོད་དེ་སྐྱེས་པ་ཚོ་བསླུ་བྲིད་བྱེད་རྒྱུ་དང་འདོམས་བཙོང་རྒྱུ་ལས་གཞན་གང་འཇོན་ཟེར།

ཁོས་དེ་ལྟར་དུས་དང་དུས་སུ་ངའི་སེམས་ལ་རྨ་བཟོས།ངའི་ཁོག་ལ་སྡུག་བླུགས་པས། ང་ནི་ཡི་ཆད་བློ་ཕམ་ཞེ་སུན་ཏེ་ཁོ་དང་འདོད་པ་རྩ་བ་ནས་སྤྱོད་མ་འདོད་ན།ཡང་ཁོས། སྨད་འཚོང་མ་ཁྱོད་ལ་ཟུར་ཕོ་ཞིག་མེད་ན། ང་དང་འདོད་པ་སྤྱོད་མི་འདོད་དོན་ཅི།ཞེས་ཉེས་མེད་ཉེས་འགེལ་གྱིས་འགྲམ་ལྕག་གཞུ་བ་དང་།ཉལ་ཁྲིའི་སྒང་ནས་རྡོག་ཐོས་བརྒྱབ་སྟེ་ས་ལ་གཡུག་པར་བྱེད། སྐབས་དེ་དག་ཏུ། ང་ནི་ཁོག་ན་མེ་འབར་ཡང་།ཁ་ནས་དུ་བ་འདོན་མི་ཐུབ་པའི་ཚད་དུ་ཡང་ཡང་ལྷུང་།

དེ་ལྟར་ཡང་།དང་ཐོག་རྒྱ་མི་ཞིག་དང་གཉེན་བསྒྲིགས་དུས། ངས་བོད་ལ་ཞབས་འདྲེན་ཞུ་སོང་སྙམ་པ་མ་བྱུང་།རྗེས་སུ་ཁོས་བོད་ཀྱི་མི་དང་རིག་གནས་གོམས་སྲོལ་ཆོས་ལུགས་མཐའ་དག་ལ་ཚད་མེད་པའི་དམའ་འབེབ་བྱས་པ་དང་།ཡང་ཁོ་རང་གི་མི་རིགས་ནི་ཡ་མཚན་ཡིན་རབས་དོ་ཟླ་མེད་ལུགས་མ་ཎི་འདོན་འདོན་བྱས་པ་དེས།ང་ལ་རང་དབང་མེད་པར། ཁྱོད་རྒྱ་ཡིན་ན། ང་བོད་ཡིན།ཞེས་པའི་འདུ་ཤེས་ཤིག་བཙན་གྱིས་སྐྱེ་རུ་བཅུག སེམས་པ་ནང་དུ་བཀུག་ནས་འདང་རེ་བརྒྱབ་དུས།ཐམས་ཅད་ཀྱི་ཐམས་ཅད། རང་ཁ་རང་གིས་གསོ་བའི་ཚབ་ལ། རྒྱ་མིའི་རྒྱབ་ཏུ་སྐྱིད་ཉལ་རྒྱག་འདོད་པས་ལན་པ་ཤེས།མི་ཚེའི་གོམ་པ་དང་པོ་སྤོས་ནོར་བ་དེས། ད་ནི། བུ་མོའི་མིག་ཟུང་དྲན་ན་འཐོར་རྒྱུའི་དམ་བཅའ་ཉམས་འགྲོ་ལ།ཁྱིམ་མིར་འགྲས་དགོས་བསམས་ན་འཐོར་རྒྱུའི་དམ་ཚིག་འཇིག་འགྲོ། བཟུང་ན་ལག་པ་འཚིག་ཅིང་བཏང་ན་རྫ་མ་ཆག་པའི།འ་ཆད་འུ་ཐུག་གི་གནས་སྟངས་འདི་ལ་བསམ་གྱིན་བསམ་གྱིན། མིག་ཟུང་ལས་མཆི་མ་ཐོན།ངག་སྒོ་ནས་སྨྲེ་སྔགས་ཤོར། འགྱོད་པ་དྲག་པོས་བྲང་ཁ་རྡུང་དགོས་བྱུང་། འོན་ཀྱང་།ངའི་བུ་མོ་ལོ་ཆུང་བསམ་མེད་ཡིན་པས་མོའི་ཨ་ཕའི་སྐད་ཆར་རྦད་དེ་ཡིད་ཆེས་ནས།ད་སྐབས་མོའི་སེམས་ནང་གི་བོད་ནི་ཆེས་ཐ་ཤལ་ཞིག་དང་ཆེས་ངན་པ་ཞིག་ཏུ་གྱུར་འདུགམཚམས་རེར་འ་ཆད་འུ་ཐུག་ནས། ཁོས་ངའི་མི་རིགས་ལ་འདི་ལྟར་མཐོང་ཆུང་བྱེད་པ་ལས།ང་ལ་གཅར་རྡུང་བྱས་ཀྱང་དྲག་སྙམ་པའི་སྡུག་ཚོར་ཡང་སྐྱེས་མྱོང་།

ངས་རང་གི་བུ་མོར་བོད་ཡིག་སློབ་ཏུ་འཇུག་མ་ཐུབ་པ་དང་།ཁོ་མོར་བོད་ཀྱི་འདུ་ཤེས་འཇོག་མ་ཐུབ་པ་དེར་ཡང་བློ་འགྱོད་ཚད་མེད་སྐྱེ་མོད་ཀྱི།ཡང་ཁ་ཕྱིར་འཁོར་ནས་བསམ་བློ་རེ་གཏོང་དུས།ང་ནི་ཆུང་དུས་སློབ་གྲྭ་འགྲིམ་མྱོང་མེད་པའི་མི་ཞིག་དང་།གཞོན་དུས་ཐབ་ཚང་ནང་ལ་མགོ་འཁོར་བས།རང་གི་ལག་ཟུང་ལ་བརྟེན་ནས་སྒོར་མོ་སྐར་གང་བཙལ་མྱོང་མེད་པའི་མི་ཞིག་ཡིན།དེ་འདྲའི་ཨ་མ་ཞིག སྒོར་མོ་བཙལ་བའི་འཇོན་ཐང་ཡོད་པའི་ཁོ་མོའི་ཨ་ཕའི་དོ་ཟླར་མི་ཡོང་བར་ཁག་མེད་སྙམ་པའང་སེམས་སུ་འཁོར་ཡོང་།རང་མགོ་མི་ཐོན་པའི་ཨ་མ་ཞིག་གིས་བུ་ཕྲུག་གི་དགོས་མཁོ་སྐོང་མི་ཐུབ་པས།བུ་མོའི་སེམས་ཁོང་གི་ང་ནི་ཆེན་པོ་མཐོན་པོ་ཞིག་ཡོང་རྒྱུ་ཁག་པོ་རེད།དེང་སང་གི་སྤྱི་ཚོགས་ཁྲ་ཁྲ་སིལ་སིལ་རེད། ལོ་ཆུང་ཞིག་གིས་བསླུ་བྲིད་དེ་འདྲ་ལྡོག་ག་ལ་ཐུབ།ཉེ་འཁོར་གྱི་སྐྱེས་མ་ཁ་ཡ་ན་ཟླ་ཚོས་ཀྱང་།ངའི་ཁྱོ་གའི་དཔལ་འབྱོར་ལ་འཕེན་པ་ཤོར་ཏེ་ང་ལ་ཡིད་སྨོན་ལྷུག་ལྷུག་འཆོར་གི་འདུགངའི་ནང་མིས་ཀྱང་བཟའ་འཐོར་ཞེས་པའི་ཚིག་དེ་གོ་ན།ལག་མཐིལ་དུ་མེ་མུར་བླུགས་པ་ལྟར་མི་ཉན་མི་ཆོག་མ་གཏོགས་ཟེར་རྒྱུ་མེད།

ཉིན་དཀར་ལྷ་མོར་ལྷ་བཞེང་རོགས།ནུབ་མོར་འདྲེ་མོར་ཐགས་འཐག་རོགས་ཟེར་བ་ལྟར།བཟའ་ཟླས་ངོ་གཉིས་མ་རྐྱང་འཁྲབ་པ་ལས་ནམ་རྒྱུན་ཁ་ཡང་མང་པོ་མི་གྲགཁོ་ནི་མ་གཞི་ནས་འཁྲབ་སྟོན་ལ་བྱང་ཆུབ་པའི་མི་ཚུལ་འཆོས་ཤིག་ཡིན་པས།ཉེ་འཁོར་གྱི་མི་རྣམས་ནས་ཀྱང་ཁོའི་རང་བཞིན་ངོ་མ་དེ་རིག་མི་ཐུབ། ཇི་ལྟར་བསམས་ཀྱང་།ཁོའི་“རིག་པ”དང“ཀླད་པ”འཁྲ་ལེ་འཁྲུལ་ལེ་དེའི་རྗེས་ངས་ཚེ་གང་ལའང་ཆོད་བཟོ་མི་འདུགགཡོ་འཁྲུལ་དེས་ཉེ་འཁོར་གྱི་མི་ཚོའང་བསླུས་པས།ད་ལྟ་ངན་ཁག་དང་ལེ་ལན་ཆ་ཚང་ངའི་མགོ་ལ་འཁོར་ཡོད།ཁོས་ངའི་སེམས་ལ་བཞག་པའི་སྡུག་ཡོངས་རྫོགས་བརྗོད་དགོས་ཚེ། ཉིན་གསུམ་ལ་བཤད་རྒྱུ་དང་ཞག་གསུམ་ལ་ངུ་རྒྱུ་ཡོད།

གང་ལྟར།ཁོས་ཕྱི་མིའི་མདུན་དུ་བཟང་མདོག་ཇི་ལྟར་བསྟན་རུང་།ནང་མི་ང་ལ་ནི་མི་ལོ་བཅུ་དགུའི་རིང་ལ། ཐ་ན། རང་དགའ་བའི་ཟས་ཟ་བའི་རང་དབང་དང་།རང་མོས་པའི་གོས་གོན་པའི་ཐོབ་ཐང་ཡང་བྱུང་མེད།ཁྱིམ་གྱི་ཡོད་ཚད་ཁོ་རང་གི་དགའ་ཕྱོགས་དང་འདོད་འདུན་ལྟར་འགྲོ་དགོས།ང་ཁོ་དང་མཉམ་དུ་བསྡད་པ་ནས།རང་གི་འདོད་པ་ལྟར་གྱི་འཚོ་བ་ཉི་མ་གཅིག་ལ་བསྐྱལ་མྱོང་མེད་ཟེར་ནའང་ཐལ་མེད།

ཁོས་དེ་བཞིན་འཚོ་བའི་ཉིན་སྲིབ་ཀུན་ལ་སྟངས་འཛིན་བྱས་ཏེ་ཡོང་བས།ངའི་སྣང་ངོར། ང་ནི་བཙོན་ཁང་མེད་པའི་བཙོན་མ་ཞིག་དང་འདྲ་སྟེ། སྙིང་ལ་ཡང་ཡང་གཙགས་པ་ལྟ་བུའི་ཟུག་རྔུ་དེ་དགབྲེད་ཤ་ཁོང་ནས་ཐོན་པའི་རྨི་ལམ་དུ་གྱུར་བའང་ལན་གཅིག་ལན་གཉིས་ག་ལ་ཡིན།

རང་གི་ནང་མི་ལ་ངའི་སྡུག་བསྔལ་དང་ངའི་སེམས་ཚོར་དག་ཞུས་ན།ཁོ་ཚོས། ཁྱོ་གས་ཁྱོད་ལ་གཅར་རྡུང་ནི་མི་བྱེད། ཁྱོད་ཀྱི་ཕོ་བ་ནི་མི་ལྟོགས།ལུས་རྒྱབ་ནི་མི་གྲང་། ཁྱོད་ལ་སྒོར་མོ་མ་བྱིན་རུང་མི་སྐྱོན།ཁ་རྒྱབ་ཚང་མ་ཁོས་གསོ་གི་ཡོད་པ་མིན་ནམ།ཉེ་འཁོར་དུ་འཚོ་བ་ཐེབས་ཆག་ངན་ངོན་རོལ་གྱིན་པའི་སྐྱེས་མ་ཚོ་ཁྱོད་ཀྱིས་མི་རིག་པ་ག་ལ་སྲིད།རང་གི་འཚོ་བ་སྐྱིད་པོ་ཡོང་ན་འགྲིག་འདུག རྒྱ་མིས་བོད་ལ་དམའ་འབེབ་བྱེད་ན་བྱེད་དུ་ཆུགསྡུག་ཁྱོད་ལྟ་བུ་ལ་མ་ར་མི་རིགས་དགོས་གི་མ་རེད།ཁྱོད་གཉིས་ཀྱི་བུ་མོ་རྒྱ་ཡིག་སློབ་གྲྭར་བཞག་པ་ང་ཚོས་བལྟས་ནའང་འགྲིག་འདུགབོད་ཡིག་བསླབས་པས་ཅི་ཕན། ཁ་སོས་རྒྱབ་དྲོས་པར་ཡང་གོ་མི་ཆོད།ཁྱོད་ཀྱིས་སྐྱིད་ཁྱག་གི་མི་འདུག་བུ་མོ། ར་བདེ་ས་ནས་མི་འདུགམ་སྐྱིད་ས་ནས་མི་འདུག་ཟེར་བ་མ་བརྗེད། ཁྱོད་རང་གིས་བཟའ་འཐོར་བྱེད་རྒྱུ་བསམ་པའི་རྒུ་ལའང་མ་དྲན།དེ་འདྲ་བྱས་ན། ཁྱོད་ནི་རྒྱ་མི་ཞིག་ལའང་དགོས་མ་སོང་། ཟེར་ནས་གཞན་གྱིས་འཕྱ་གི་རེད་ལ།ང་ཚོའི་ངོ་སོའང་ས་ལ་བསྲེ་གི་རེད་ཟེར།དེ་ལྟར་ཁྱིམ་མིས་ཀྱང་ང་ལ་ཁ་གྲག་པའི་རང་དབང་མི་སྟེར།ང་རང་སྐྱེས་མ་ཞིག་ཡིན་པའི་རྐྱེན་གྱིས། གཞན་གྱིས་ངའི་སྐད་ཆར་མི་ཉན་པ་སྨོས་མ་དགོས་ཀྱང་།རང་གི་ནང་མིས་ཀྱང་ངའི་སྐད་ཆར་གཏན་ནས་མི་ཉན། ངས་ནི་དེ་བཞིན།མི་ལོ་བཅུ་དགུའི་ལང་ཚོ་བཟང་བཙོན་དུ་བསྐྱལ་ནས་ཡོང་། ང་ལ་མཚོན་ན། འདི་ནི།གསབ་ཐབས་བྲལ་བའི་གྱོང་གུན་ཚབས་ཆེན་ཞིག་རེད་ལ། ཁྱིམ་མི་དག་ལ་མཚོན་ནའང་།མིའི་རྩིས་ཐང་དང་ལ་རྒྱ་ཤོར་སོང་བས། ངོ་ཚ་ཁ་སྐྱེངས་དགོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་།

རྒྱ་མི་དེ་དང་ཁྱིམ་ཐབ་བཅས་ནས་ད་ལྟ་མི་ལོ20ཕྱིན་ཚར།ད་ལོ་ང་རང་མོ་ལོ38ཡིན། ངའི་བུ་མོ་ལོ་ན11ལ་སོན་ཡོད།སྔ་གཞུག་ཐམས་ཅད་ལ་བསམ་བློ་ཡང་ཡང་བཏང་མཐར།ན་ནིང་རང་ཁྱིམ་དང་ཁ་བྲལ་ཏེ་ལས་ཀ་བཙལ་དུ་སོང་། དེ་ཡང་། གཞེས་ནིང་ལོར་ངའི་ཨ་ཁུ་འཕགས་ཡུལ་ལ་སོང་དུས་བླ་མ་ཡིད་བཞིན་ནོར་བུ་དང་མཉམ་པར་ཞིག་བསྐྱོན་འདུགངས་དད་གུས་ཆེན་པོས་སྐུ་པར་དེ་ཀུན་དགའ་ར་བའི4ནང་དུ་བཤམས།ཁྱོ་གས་མཐོང་བ་དང་གདོང་མདོག་འགྱུར་ཏེ། རིན་པོ་ཆེའི་སྐུ་པར་ལ་མཛུབ་མོས་བཙུགས་ནས།ཁོ་ནི་ང་ཚོའི་དགྲ་བོ་ཡིན། ཉུལ་མ་རེད། ངའི་ཁྱིམ་དུ་པར་དེ་བཞག་མི་ཆོགཅེས་ངས་རིག་ས་མཐོང་ས་ནས་སྐུ་པར་མར་བཏོན་ཏེ་ཐང་ལ་གཡུགས། དུས་དེར།ངའི་སེམས་སུ་ད་ནི་མི་འདི་འདྲ་ཞིག་དང་མི་ཚེ་འཁྱོལ་ཐབས་མི་འདུག་སྙམ་ཞིང་། ཁོ་ལ།རབ་ཡིན་ན་ངེད་གཉིས་བཟའ་འཐོར་བྱེད། དེ་མིན་ན་ཁྱོད་དགའ་རུང་མི་དགའ་རུང་།ངས་རང་གི་རིག་གནས་ལ་དགའ་ཞེན་དང་ཆོས་ལུགས་ལ་དད་པ་བྱེད་ཁོ་ཐག་ཡིན།ཞེས་ཚིག་ཐག་ཆོད་པོས་བཤད་རྗེས། མཐར། མི་ལོ་བཅུ་དགུའི་ཁྱིམ་ཚང་རྒྱབ་ཏུ་བསྐྱུར5།ཁོག་གི་སྙིང་འདྲའི་བུ་མོ6ཤུལ་དུ་བཞགཚམ་ཚོམ་མེད་པར་སྒོ་ལ་ཐོན་ཏེ། ང་རང་བོད་པ་མང་སའི་གྲོང་ཁྱེར་ཞིག་ཏུ་སོང་།

གྲོང་ཁྱེར་དེ་རུ།ངས་རང་གི་ལག་ཟུང་ལ་བརྟེན་ཏེ་ལས་ཀ་བྱས། ད་ལྟ་ལག་འབབ་ཀྱང་གང་ལ་གང་འཚམ་རག་གི་ཡོད།མིག་སྔའི་འཚོ་བ་འདི་ནི་ང་ལ་མཚོན་ན། ཆེས་ཡི་གར་འོང་ཞིང་ཆེས་སྤྲོ་སྣང་ལྡན་པ་ཞིག་རེད།གང་ལགས་ཤེ་ན། སྒོར་མོ་མང་པོ་མེད་རུང་། རང་གི་ཕ་ཡུལ་མིན་རུང་།འདི་རུ་ངས་གཞན་གྱི་དམའ་འབེབ་དང་གཉའ་གནོན་བཟེད་མི་དགོས་པས། སེམས་པ་ཧ་ཅང་དྲོ།

མོ་ལོ33ལ་སླེབས་པའི་ལོ་དེར།ངས་སྐད་འཕྲིན་ལས་བོད་ཡིག་རང་སྦྱོང་བྱེད་མགོ་བརྩམས། དུས་དེར།ཕ་མས་ཁྱོད་སྐད་འཕྲིན་ཁོ་ནར་མགོ་འཁོར་ནས་བསྡད་ན།སྡེ་རྒྱ་མི་ལའང་ཁག་མི་འདུག་ཅེས་ང་ལ་གཤེ་གཤེ་བཏང་བས་མི་ཚད་གཅར་རྡུང་ཡང་བྱས།སྤུན་ཟླ་ཚོས་ཀྱང་ང་ལ་ཁ་ལོག་ཚིག་ལོག་མང་པོ་བརྒྱབ། བོད་ཡིག་བསླབས་ན་བཟའ་ཟླས་སྡང་སྡིགས་སྟོན་པ་ནི་བཤད་ཅི་དགོས་ཏེ།ངས་གཞན་ལས་གཡར་བའི་དཔེ་ཆ་དང་རང་གི་དངུལ་སུད་བསོགས་ནས་ཉོས་པའི་བོད་ཡིག་གི་དེབ་ཁ་ཚང་ཁོས་མེ་ལ་བསྲེགས།ཆུང་དུས་སློབ་གྲྭར་འགྲོ་ཐུབ་མེད་ཀྱང་ཡི་གེ་སློབ་རྒྱུར་ཤིན་ཏུ་དགའ་རྐྱེན།ངའི་ནང་དུ་བོད་ཡིག་གི་དཔེ་དེབ་སྐོར་ཞིག་ཉར་ཡོད། ཁྱོ་གས་བཙན་གྱིས་ང་རང་རྒྱ་ལ་སྒྱུར་རྩིས་བྱས་པ་དང་།ང་ནི་ལྷག་ཏུ་རང་གི་རིགས་ལ་ཞེན་ཁོག་ཆེ་རུ་སོང་།རང་ཉིད་བོད་པ་ཞིག་ཡིན་པའང་བརྗེད་དགོས་ན།འཇིག་རྟེན་དཀར་ངོགས་འདིར་བསྡད་རུང་དོན་སྙིང་ཆུང་སྙམ།ཁོས་ང་དང་ངའི་མི་རིགས་ལ་དམའ་འབེབ་བྱེད་པའི་ན་ཟུག་མཐའ་དག ངས་རང་གི་ཁོག་ཏུ་བཅུག་ཅིང་གང་དེ་སློབ་སྦྱོང་གི་སྒུལ་ཤུགས་སུ་བསྒྱུར་བ་ཡིན།འཚོ་བའི་དཀའ་ཁག་ལ་མགོ་མ་བསྒུར་བར་སློབ་སྦྱོང་བྱས་པར།ད་ལྟ་བོད་ཡིག་ཀློག་རྒྱུར་དཀའ་ཁག་མེད་པས་མི་ཚད་ཁ་པར་ལས་ཟིན་བྲིས་ཐན་ཐུན་རེའང་འབྲི་ཐུབ་ཙམ་ཆགས་ཡོད།ཡིན་ཡང་ཡི་གེ་འབྲི་རྒྱུ་བསླབས་མྱོང་མེད་པས། ཤོག་ངོས་སུ་ད་དུང་ཡང་ཡི་གེ་འབྲི་མི་ཤེས།མི་ཞིག་ལ་ཤེས་བྱ་ཡོན་ཏན་ཞིག་མེད་ཙ་ན།དོན་དག་ཅི་ཡང་མི་འགྲུབ་པའི་ཚོར་བ་ང་ལ་སྐབས་དང་སྐབས་སུ་སྐྱེ།

རང་ཉིད་ལ་མཚོན་ན་བོད་ཡིག་སྦྱོང་བའི་ཐོག་མའི་དམིགས་ཡུལ་ནི།ངུ་བྲོ་བའི་རང་གི་མི་ཚེའི་བྱུང་བ་འདི།རང་ཉིད་ཤི་བའི་བེམ་རོ་དང་མཉམ་དུ་འབྱུང་བར་འཐིམ་མི་འཇུག་པའི་སླད་དུ་ཡིན།མ་འོངས་པར་དཔལ་འབྱོར་ཆ་རྐྱེན་ཇེ་ལེགས་སུ་སོང་སྟེ་སློབ་ཡོན་སྤྲོད་རྒྱུ་བྱུང་ན།ལྟོགས་སྐོམ་མྱོང་དགོས་ཐུག་ཀྱང་སློབ་གྲྭར་སོང་སྟེ་བོད་ཡིག་གི་བརྡ་སྤྲོད་སོགས་ཀྱང་སྦྱོང་འཆར་ཡོད།ད་ལྟ་ང་རང་མོ་ལོ་བཞི་བཅུར་ཡང་སོན་མེད། ངས་རང་ལོ་བཞི་བཅུ་ནས་ལྔ་བཅུའི་བར་ལ་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་ཡིན།དེས་ཀྱང་མ་ཡོང་ན། རང་ལོ་དྲུག་བཅུའི་བར་སློབ་སྦྱོང་བྱེད་རྒྱུ་ཡིན། དེ་ལ་བརྟེན་ནས།རང་གིས་རྩོམ་ཡིག་འབྲི་ཐུབ་པའི་དུས་ཤིག་འཆར་བར་ཡིད་ཆེས་ཡོད། དུས་དེར།ངས་རང་ཉིད་རྒྱ་མི་ཞིག་དང་གཉེན་བསྒྲིགས་རྗེས། གང་མྱངས་པའི་སྡུག་བསྔལ་མཐའ་དག་ཀ་མད་སུམ་ཅུའི་གཟུགས་སུ་བཀོད་དེ།རང་རིགས་སྤུན་ཟླ་རྣམས་ལ་འབུལ་རྒྱུ་ཡིན།

2018/11/05ཉིན་གྲུབ།

————————————-

1 འདི་ནི་བཅོས་མིང་སྟེ།དོ་བདག་ལ་གནོན་ཤུགས་མི་ཐེབས་པའི་ཕྱིར་མིང་ངོ་མ་བྲིས་མེད།

2青海湟源县

3 སྐབས་ཐོག་དེར།བྲག་དཀར་རྫོང་ན་བོད་ཀྱི་བུ་བཅོལ་ཁང་མི་འདུག ད་ལྟ་བུ་མོས་ཟ་སྐད་འཐུང་ཙམ་ལས་མི་ཤེས།དེ་ཆུང་དུས་བག་ཆགས་འཇོག་མ་ཐུབ་པར་ཡང་འབྲེལ་བ་ཡོད་པར་འདོད།

4 ནོར་ལྷ་མཆོད་ས།

5 ད་ལྟ་ཕ་ཡུལ་དང་ཁ་བྲལ་ནས་ལོ་གཅིག་ལྷག་འགོར་ཡོད།ན་ནིང་གི་ལོ་སར་སྐབས་སུ་ཁྱིམ་དུ་སོང་བ་ཡིན།ང་ཕྱི་ལོགས་སུ་ལས་ཀ་བཙལ་དུ་འགྲོ་བར་ཁྱོ་ག་ད་ལྟའང་འཐད་མེད་མོད།ད་ནི་ངས་དོན་དག་གང་ཡིན་ཚང་མ་ཁོའི་འདོད་ཐོག་ཏུ་གཏན་ནས་འཇོག་མི་བསམ།

6 ང་རང་ལ་གུང་གསེང་འདྲ་ཡོད་དུས།བུ་མོར་ལྟ་རུ་འགྲོ་གི་ཡོད།