རང་དབང་གི་གོ་དོན་ལས་འཕྲོས་པའི་བསམ་ཚུལ།

506/545
རང་དབང་མེད་ན་བསམ་གཞིགས་དང་བགྲོ་གླེང་ཡོང་མི་སྲིད་ལ། བསམ་གཞིགས་དང་བགྲོ་གླེང་མེད་ན་ཡར་རྒྱས་དང་གསར་གཏོད་ཡོང་ཐབས་མེད་པའི་གནས་ལུགས་ཞིག་གོ །

འོ་ན་རང་དབང་གི་གོ་དོན་ཅི་ཞིག་ཡིན་ནམ།

གཞན་གྱི་ཚོད་འཛིན་མེད་པའི་ཐོག་ནས་བསམ་ཚུལ་བཤད་ཆོག་པ་དང་། ཐག་གཅོད་བྱེད་ཆོག་པའི་འཚོ་གནས་ཀྱི་གཞི་རྩའི་ཐོབ་ཐང་གླེང་ཆོག་པ་ཞིག་ལ་ཟེར།  དཔེར་ན། དཔལ་འབྱོར་རང་དབང་།  སྨྲ་བརྗོད་རང་དབང་། དད་མོས་རང་དབང་ལྟ་བུ།   སྨྲ་བརྗོད་རང་དབང་ནི་འགྲོ་མིའི་ལྷན་སྐྱེས་སུ་གྲུབ་པའི་བག་ཆགས་ཞིག་གོ། སྨྲ་བརྗོད་རང་དབང་ནི་རང་དབང་ཐམས་བཅད་ཀྱིས་མ་ལྟ་བུ་འོ།  “གལ་ཏེ་ཐོབ་ཐང་ཡོད་ཚད་ལས་མཐོ་བའི་ཐོབ་ཐང་གཞན་ཞིག་ཡིན་ན། དེ་ནི་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡིན”འཚོ་བ་ལ་རང་དབང་མེད་པའི་གང་ཟག་སྒེར་བ་དང་རྒྱལ་ཁབ་མི་རིགས་སུ་འདྲ་ཞིག་ཡིན་ཡང༌། དེ་ལ་བསམ་བློའི་རང་དབང་དང༌། ཆབ་སྲིད་ཀྱི་རང་དབང༌། འཛིན་སྐྱོང་གི་རང་དབང༌། མ་མཐའ་རིག་གཞུང་གི་རང་དབང་ཡང་རྒྱུན་འཛིན་མི་ཐུབ་པར་མི་བུ་དག་ཅི་འདྲིའི་ཡ་ང་བ་ལ།   ངས་རང་གི་ནང་སེམས་ཀྱི་རང་དབང་གི་འཇིག་རྟེན་དེ་ཀློག་པ་པོར་མཚམས་སྦྱོར་དང་མཉམ་པ་པོར་རང་གི་བདེན་ལུགས་ལ་ཡང་འདེམས་ཤོག་འཕེན་རྒྱུ་ཡིན།   དེ་ཕྱིར་ན། ང་ཚོས་རང་དབང་གི་འཇིག་རྟེན་ཞིག་འཚོལ་དགོས།

 

དུས་ད་ལྟར་ཡང་ང་ཚོའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ལ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་ནུས་པའི་གདེང་ཚོད་དང་ཡིད་ཆེས་གཉིས་ཀ་ཡོང་གི་མེད་ལ། འདི་ང་ཚོའི་འཐབ་རྩོད་ལ་དགོས་ངེས་ཀྱི་གྲུབ་འབྲས་མི་ཐོན་པའི་རྐྱེན་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེར་བརྟེན་ང་ཚོས་རེ་བཞག་བྱེད་སའི་མི་རབས་ཕྱི་མ་ད་ལྟ་གཞི་རིམ་སློབ་གྲྭ་འགྲིམ་བཞིན་པ་རྣམས་ཀྱི་བསམ་བློའི་ནང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་གཉིས་ཀའི་རང་དབང་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་ཐུབ་པའི་གནས་ལུགས་གཞི་རྩ་བྱས་པའི་ཐོག་ནས་གདེང་ཚོད་དང་ཡིད་ཆེས་བསྐྲུན་ཐུབ་མིན། མ་འོངས་པར་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་ཐོན་ཐུབ་མིན་དང༌། གྲུབ་འབྲས་གཅེས་ཉར་སྲུང་སྐྱོབ་བྱེད་ཐུབ་མིན་གྱི་གནད་འགག་ལ་ཐུག་ཡོད། སློབ་ཕྲུག་རྣམས་རང་དབང་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་ཏུ་ཇི་ལྟར་བསྐྱེད་བསྲིང་བྱ་དགོས་ཤེ་ན། རྒྱུན་ལྡན་གྱི་བསླབ་བྱའི་ནང་རང་དབང་གི་གོ་དོན་དང༌། རིན་ཐང༌། རང་དབང་བེད་སྤྱོད་གཏོང་སྟངས་བཅས་ཀྱི་གལ་གནད་ཡོད་དགོས་པར་མ་ཟད། ཕ་མ་དང་དགེ་རྒན་རང་ངོས་ནས་བུ་ཕྲུག་བསྐྱེད་བསྲིང་བྱེད་པའི་བརྒྱུད་རིམ་ནང་བུ་ཕྲུག་གི་བསམ་བློར་རང་དབང་གི་རིན་ཐང་དང་གལ་གནད་ཚོར་ཐུབ་པའི་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱ་དགོས་སྙམ།

གཟུར་གནས་ནས།