དགེ་ཆོས་སྙན་ངག་ཚན་པ་འགའ།

503/545

སྤྱང་ཀི་ཤ་གཟན་རི་བོང་རྩྭ་གཟན་གཉིས།།

ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།།

རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།།

རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས།།

འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།།

རོང་བ་རྣམས་ལ་མར་ཁུ་འཐུང་བ་སོགས།།

མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།།

འདོད་ན་བཙན་གྱིས་འགོགས་པའི་དོན་ཡང་མེད།།

གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།

ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།

མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།

གཅིག་ལས་གཅིག་མགྱོགས་བདེ་བའི་ཕོགས་སུ་རྒྱུག།

སྐབས་འགར་ལྷ་མོ་མཐོང་ཡང་ཞེན་ལོགས་བྱུང་།།

སྐབས་འགར་རྒན་མོ་མཐོང་ཡང་ཆགས་པ་སྐྱེ།།

འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོང་།།

སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད།།

བྱིས་པའི་དུས་ནས་རྒས་ཤིང་འཁོག་པའི་བར།།

སེམས་ཀྱི་ཁྱེར་སོ་ཅི་ཙམ་བརྗེས་གྱུར་པ།།

རང་གིས་མྱོང་བས་དཔྱད་ན་ཤེས་ནུས་པའི།།

ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི།།

རང་སེམས་སྨྱོན་པས་རང་ངོ་མ་ཟིན་པས།།

ཆོས་སྲིད་གནམ་ས་གཉིས་ཀྱི་རྒྱ་ཁྱོན་ཚད།།

རྟག་ཏུ་གཞལ་བའི་འཁྲུལ་སྣང་རིམ་པ་འདིར།།

གཏན་གྱི་སྐྱབས་གནས་བྱེད་པའི་སྙིང་ཁམས་ཅན།།

ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་བཞག་ལ།།

མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན།།

སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།།

སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས།།